Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
  
 
  
  
  
  
  
  
  
  
  
  
 
  
  
བདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ།
  
  
  
  
11   
 
  
  
 
 
  
  
  
  
  
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousབདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ།next

བདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ།


GLG013_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ། གཉིས་པ་འགྲེལ་པ་བཤད་པ་ལ་བརྟེན་པ་སྒྲུབ་པ་ལ་གདམས་པ་དང་། སྒྲུབ་པའི་རྟེན་ལ་གདམས་པ་དང་། སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པའོ། །དང་པོ་ལ། སྒྲུབ་པ་རང་གི་ངོ་བོ་ལ་གདམས་པ་དང་། དེའི་དམིགས་པ་ལ་གདམས་པའོ། །དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བསམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་དང་། དེས་འཕངས་པའི་སྦྱོར་བ་སྦྱིན་པ་ལ་སོགས་པ་སྔར་སེམས་བསྐྱེད་ཀྱི་སྐབས་སུ་ཇི་སྐད་བཤད་པ་སྒྲུབ་པ་ལ་འདོམས་པའི་གདམས་ངག་ཆོས་ཅན། ཁྱོད་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཡིན་ཏེ། ཁྱོད་ཀྱིས་སྒྲུབ་པ་པོ་རྟེན་གྱི་གང་ཟག་དང་། ཉམས་སུ་བླང་བྱ་དང་། དེའི་འབྲས་བུ་སོགས་གང་བཤད་པ་ལྟར་ཚད་མས་གྲུབ་ནས་ཉམས་སུ་ལེན་པ་ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་རིམ་དང་། དེ་ཀུན་བདེན་སྟོང་དུ་རྟོགས་ནས་ཉམས་སུ་ལེན་པ་དོན་དམ་


GLG013_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་ལ་བརྟེན་པའི་ལམ་རིམ་ལས་མི་འདའ་བ་དང་། ཉན་ཐོས་དང་ལ་སོགས་པ་རང་རྒྱལ་དང་ཐུན་མོང་མ་ཡིན་པ་འགྲོ་ཀུན་མྱང་འདས་དང་ཆོས་སྐུ་འགྲུབ་བྱེད་དུ་ཡུམ་ལ་སྤྱོད་པའི་ཆོས་བཞི་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ་ཞེས་སློབ་པའི་ཚུལ་གྱིས་འདོམས་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། བུམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དངོས་པོ་ཡིན་པའི་ཕྱིར། ཡང་ཁ་ཅིག །ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། བདེན་མེད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་ན་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་ཡིན་མི་དགོས་པར་ཐལ། སངས་འཕགས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་མི་དགོས་པའི་ཕྱིར་ན་མ་ཁྱབ། འོ་ན། མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་ན་སློབ་པའི་དེའི་རྙེད་དོན་ཡིན་དགོས་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་ན་སློབ་པའི་མིག་ཤེས་ཀྱི་གཟུང་བྱ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཆོས་ཅན།


GLG013_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཐལ། དེའི་ཕྱིར། འདོད་མི་ནུས་སོ། །ཡང་ཁ་ཅིག །རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པ་དེ་རང་ཉིད་དོན་དམ་བདེན་པའི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། མཚན་ཉིད་དེ་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པ་གང་ཞིག །བུམ་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མ་དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པ་དེ་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། དེས་མངོན་སུམ་དུ་རྟོགས་པ་སྒྲུབ་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚན་ཉིད་དེ་འཐད་པར་ཐལ། དེ་ཡིན་ན་དོན་དམ་བདེན་པ་ཡིན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། དེ་ལ་ཁ་ཅིག །མ་གྲུབ་སྟེ། སྔོར་སྣང་གི་དབང་ཤེས་དེ་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་དུ་ཚད་མས་དེ་ལྟར་རྟོགས་པའི་ཕྱིར་ཏེ། རང་མངོན་སུམ་དུ་རྟོགས་པའི་རང་རིག་མངོན་སུམ་གྱིས་དེ་ལྟར་རྟོགས་པའི་ཕྱིར་ན་མ་ཁྱབ། དེ་ལ་ཁ་ཅིག །སྔོར་སྣང་དབང་ཤེས་དོན་དམ་བདེན་པ་ཡིན་པ་བཅད་པའི་ཆེད་དུ་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱི་རྟོགས་པར་བྱ་བ་གང་ཞིག །སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དོན་དམབདེན་པའི་མཚན་ཉིད་ཟེར་ན། སྔོར་སྣང་གི་དབང་ཤེས་དེ་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཀྱི་ཟུར་དུ་རྣམ་པར་རྟོགས་བྱ་མ་ཡིན་ཞེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། འདོད་ན། སྔོར་སྣང་དབང་ཤེས་མ་ཡིན་པ་ལས་ལོག་པ་དེ། རང་མངོན་སུམ་དུ་རྟོགས་པའི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། སྔོར་སྣང་དབང་ཤེས་དེ་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་


GLG013_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། མཚན་ཉིད་དེའི་ཕྱིར། དང་པོ་དངོས། ཕྱི་མ་དེར་ཐལ། དགག་པ་ཡིན་པའི་ཕྱིར། གཞན་ཡང་། རྣམ་བཤད་ལས། འདི་ལྟར་གསུངས་པའི་ཟུར་གཉིས་པ་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པར་ཞེས་པའི་སྒྲུབ་པ་དེ་དགག་སྒྲུབ་གཉིས་སུ་ཕྱེ་བའི་སྒྲུབ་པ་ལ་བྱེད་རིགས་པར་ཐལ། ཁྱོད་ཀྱི་ཞེ་འདོད་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཀུན་རྫོབ་པའི་རྣམ་པར་རྟོགས་བྱ་ལ་བྱེད་རིགས་པའི་ཕྱིར། དེར་ཐལ། དེ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ལ་བྱེད་རིགས་པའི་ཕྱིར། སྤྱོད་འཇུག་རྣམ་བཤད་ལས། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར། དེས་རྟོགས་པར་བྱ་བ་དོན་དམ་པའི་མཚན་ཉིད་དུ་གསུངས་པ་དང་གནད་གཅིག་པའི་ཕྱིར། ཁ་ཅིག །མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་དངོས་ཀྱི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་རྗེས་དཔག་གི་གཞལ་བྱ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་རྗེས་དཔག་དེས། ཁྱོད་དངོས་སུ་རྟོགས་པའི་ཕྱིར། མ་གྲུབ་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་རང་གི་གཞལ་བྱ་དངོས་སུ་རྟོགས་པར་ཐལ། ཁྱོད་རྟོག་པ་ཚད་མ་ཡིན་པའི་ཕྱིར། རྩ་བ་འདོད་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་གཞལ་བྱ་དོན་དམ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེ་དེའི་གཞལ་བྱ་ཡིན་པའི་ཕྱིར། གཞན་ཡང་། བདག་མེད་ཀྱི་དོན་སྤྱི་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བདག་མེད་རྟོགས་པའི་རིགས་ཤེས་


GLG013_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་གི་དངོས་ཀྱི་རྙེད་དོན་ཡིན་པའི་ཕྱིར། དེའི་དངོས་ཀྱི་ཡུལ་གང་ཞིག །དེའི་གཞལ་བྱ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེའི་སྣང་ཚུལ་གྱི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། ཁ་ཅིག །ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གྱིས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་ཟེར་ན། ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་དེ། ཁྱོད་རང་ལས་ཐ་དད་པའི་ཚུལ་གྱིས་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་དང་ཐ་དད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཀུན་རྫོབ་བདེན་པ་གཞིར་བྱས་ལ། སོ་སྐྱེའི་མངོན་སུམ་ལ་སྣང་བ་ལྟར་དོན་བྱེད་ནུས་པ་དེ་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་ཟེར་ན། ལོངས་སྐུ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེའི་འཁོར་དུ་གྱུར་པའི་སོ་སྐྱེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཡང་ཁ་ཅིག །མངོན་སུམ་དུ་སྣང་བ་ལྟར་དོན་བྱེད་ནུས་པའི་ཀུན་རྫོབ་པར་དམིགས་པ་དེ་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་མེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས། ཁ་ཅིག །མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་ཡིན་ན་དེའི་དཔྱད་བཟོད་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། དེའི་དཔྱད་བཟོད་ཚད་མས་ཁེགས་པའི་ཕྱིར། གཉིས་པ་རང་ལུགས་ནི། རང་མངོན་སུམ་དུ་


GLG013_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག །སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དེ། རང་ཉིད་དོན་དམ་བདེན་པ་ཡིན་པའི་མཚན་ཉིད། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བའི་རིགས་སུ་གནས་པ་དེ་རང་ཉིད་ཀུན་རྫོབ་བདེན་པ་ཡིན་པའི་མཚན་ཉིད། དང་པོ་ལ། ཡིན་ཚུལ་གྱི་སྒོ་ནས་དབྱེ་ན། ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་བཅུ་དྲུག་གམ་ཉི་ཤུར་ཡོད། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཡུལ་གྱི་དོན་དམ་བདེན་པ་དང་། ཡུལ་ཅན་གྱི་དོན་དམ་བདེན་པ་གཉིས། དང་པོ་ནི། བུམ་པ་བདེན་སྟོང་ལྟ་བུ། གཉིས་པ་ནི། དེ་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ལྟ་བུ། ཀུན་རྫོབ་བདེན་པ་ལ་ཡིན་ཚུལ་གྱི་སྒོ་ནས་དབྱེ་ན། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས། ཀུན་རྫོབ་བདེན་པ་གང་ཞིག །རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་གྲུབ་པའི་རིགས་སུ་གནས་པ་དེ་དང་པོའི་མཚན་ཉིད། མཚན་གཞི་ནི་ཤེས་པ་ལྟ་བུ། དེ་གང་ཞིག་རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་མ་གྲུབ་པའི་རིགས་སུ་གནས་པ་དེ་གཉིས་པའི་མཚན་ཉིད། མེ་ལོང་གི་གཟུགས་བརྙན་ལྟ་བུ་དེའི་མཚན་གཞི། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། རྣམ་མཁྱེན་ཆོས་ཅན། རང་ལུགས་ཀྱི་ཀུན་རྫོབ་བདེན་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དེས་ཐ་དད་པའི་ཚུལ་གྱིས་མ་རྟོགས་པའི་ཕྱིར་དང་། དེ་དེ་ལ་མི་སྣང་བའི་ཕྱིར། ཁོ་ན་རེ། སངས་རྒྱས་འཕགས་པའི་མིག་གི་རྣམ་ཤེས་དང་། དེའི་འཁོར་དུ་གྱུར་པའི་ཚོར་བ་རྣམ་པ་མི་མཚུངས་པར་ཐལ། དེ་ལྟ་བུའི་ཚོར་བ་ལ་སྣང་ན། དེའི་མིག་ཤེས་ལ་སྣང་བས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེའི་མིག་གི་རྣམ་ཤེས་དེ་ཁོ་རང་ལ་མི་སྣང་བའི་ཕྱིར་ན་མ་
ཁྱབ་སྟེ། མིག་ཤེས་དང་ཐ་དད་གང་ཞིག །དེ་ལྟ་བུའི་ཚོར་བ་ལ་སྣང་ན། དེའི་མིག་ཤེས་ལ་སྣང་བས་ཁྱབ་པ་དེ་གཉིས་རྣམ་པ་མཚུངས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག །ལས་རྒྱུ་འབྲས་ཆོས་ཅན། རྫུན་པ་སླུ་བའི་ཆོས་ཅན་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། འདོད་ན། སླུ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མི་སླུ་བ་ཡིན་པའི་ཕྱིར། དེར་ཐལ། མི་སླུ་བའི་ཕྱིར་ན་མ་ཁྱབ།


previousབདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ།next