Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
ཀཿཐོག་ཏུ་ཀུན་གཟིགས་དགེ་པཎ་སོགས་བཀུར་ཏེ་ཡོན་ཏན་རྒྱ་མཚོར་མངའ་བརྙེས་ཏེ་སྲས་ཀྱི་ཐུ་བོར་གྱུར་པ།
  
 
 
 
  
  
  
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousཀཿཐོག་ཏུ་ཀུན་གཟིགས་དགེ་པཎ་སོགས་བཀུར་ཏེ་ཡོན་ཏན་རྒྱ་མཚོར་མངའ་བརྙེས་ཏེ་སྲས་ཀྱི་ཐུ་བོར་གྱུར་པ།next

ཀཿཐོག་ཏུ་ཀུན་གཟིགས་དགེ་པཎ་སོགས་བཀུར་ཏེ་ཡོན་ཏན་རྒྱ་མཚོར་མངའ་བརྙེས་ཏེ་སྲས་ཀྱི་ཐུ་བོར་གྱུར་པ།


GTN006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྤྲེལ་གནམ་ལོ་གསར་འཆར་གྱི་ཟླ་བ་དྲུག་པའི་ནང་དུ། ཚེ་རབས་དུ་མ་ནས་མཐུན་པའི་གྲོགས་སུ་མར་མེ་དང་སྡོང་བུ་ལྟ་བུར་གྱུར་པ་དགེ་སློང་འགྱུར་མེད་ཆོས་རྒྱལ་གྲོགས་སུ་ཁྲིད་ནས། སྐྱེལ་མ་དང་བཅས་སྔ་འགྱུར་བསྟན་པའི་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་མཁས་དང་གྲུབ་པའི་འབྱུང་གནས་ཤར་ཀཿ ཐོག་རྡོ་རྗེ་གདན་དུ་དམ་པ་ཆོས་ཀྱི་ཕྱིར་སྐོམ་པ་ཆུ་འདོད་པའི་ཚུལ་གྱིས་ཕྱིན་ནས། ཟླ་བ་དེའི་ཚེས་ཉེར་གཅིག་ཉིན་གཟའ་སྐར་དུས་སྦྱོར་ཕུན་སུམ་ཚོགས་པ་འཛོམས་པར། དཔལ་རྡོ་རྗེ་འཆང་དང་ངོ་བོ་རྣམ་དབྱེར་མེད་པ་བཀའ་དྲིན་འཁོར་མེད་མཚན་བརྗོད་པར་དཀའ་བ། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འགྱུར་མེད་ཚེ་དབང་མཆོག་གྲུབ་སྦྲ་མགོ་རི་ཁྲོད་དུ་བཞུགས་པའི་དྲུང་དུ་མཇལ། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་གཟུགས་རྡོ་རྗེ་རྣོན་པོ་དངོས་ཀྱི་དད་པ་ཐོབ། ཞེ་ཆེན་པའི་ཞུ་རྒྱ་དང་རྡིལ་ཚད་རྟ་རྨིག་མ་བཅས་ཕུལ། ལུགས་གཉིས་ཀྱི་སྒོ་ནས་རྗེས་སུ་བཟུང་བའི་དབུགས་དབྱུང་བསྩལ། སྐྱེལ་མ་རྣམས་རང་ཡུལ་དུ་ལོག །ཟླ་བ་བདུན་པའི་ཚེས་གཅིག་ལ་དབུ་འཛུགས་ཀྱིས། སྒྲ་ཀ་ལཱ་པ་ས་བཟང་འགྲེལ་ཆེན་གྱི་སྟེང་ནས། མཚམས་སྦྱོར་ལྔ། ནཱ་དྲུག །ཨཱ་བརྒྱད། ཀྲ໏ཏ་དྲུག་བཅས་ཀྱི་རི་མོ་རྣམས་སློབ་སྦྱོང་རྒྱུགས་འབུལ་བཅས་རང་རྐྱ་ཐུབ་པ་སྦྱངས། ཟླ་བ་བཅུ་གཉིས་པའི་


GTN006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ཉེར་བཞིའི་ཉིན་སྒྲ་ཙནྡྲ་པའི་རི་མོའི་དབུ་བཟུང་ནས། ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་འགྲེལ་ཆེན་པོད་གསུམ་དང་། འདོད་འཇོ་རྩ་འགྲེལ་པོད་གཉིས་བཅས་པ་དང་། གཞན་ཡང་དབྱངས་ཅན་སྒྲ་མདོ་དང་། པཱ་ཎི་པའི་རི་མོ་མཐར་ཆགས་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་སྟེང་ནས་སུམ་འབེབས་ཀྱིས་དཔེར་བརྗོད་པྲ໏ཏྟ་ཛཱ་ཏིའི་རིགས་དབྱེ་ཐ་དད་པ་ཕལ་ཆེར་དང་། ངོ་མཚར་རྟོགས་བྱེད་ཀྱི་ཆོ་ག་བཅས་ཞིབ་ལ་གཙང་དག་རྒྱུགས་ཕུལ་བ་དང་། སླར་ཡང་སྙན་ངག་ལེའུ་གསུམ་ཀའི་རྩོམ་རྒྱུགས་ཀྱང་ཕུལ་ཏེ། བསླབ་སྦྱང་དེ་རིགས་ཁྲིད་ནི་ཁྲིད་ལ་ཤེས་ནི་མ་ཤེས་ཟེར་བའི་བྱས་ལོ་དང་ཐོས་ལོ་མ་བྱས་པར་ཐུགས་ཐོག་དང་དཔེ་ཆ་ལའང་གཟིགས་པ་ཙམ་གྱིས་བཤད་པ་དང་ལག་ལེན་ཐེབས་ངེས་སུ་སྦྱངས། སྐྱབས་རྗེ་དེ་ཉིད་ཀྱི་མདུན་ནས་ཀློང་གསལ་སྐོར་པོད་བཅུ་གཉིས་དང་། བླ་མ་དགོངས་འདུས་ཀྱི་དབང་ལུང་ཚང་མ། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་རྒྱུད་ཀྱི་སྤྱི་དོན་དང་། གསང་བདག་དགོངས་རྒྱན་སྟེང་ནས་ཚིག་དོན་རྣམས་སྨིན་ཁྲིད་ཟབ་རྒྱས་དང་། ཁྱད་པར་ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲིད་སྔོན་འགྲོ་དང་། བསྐྱེད་རྫོགས་ཀྱི་ཉམས་ཁྲིད། ཁྱད་པར་དུ་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཁྲིད་རྣམས་ཐུན་མོང་མ་ཡིན་པའི་ལུགས་སུ་བསྩལ་ནས། རིག་པ་རང་ངོ་གཅེར་མཐོང་དུ་སྤྲོད་པས་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་གཉིས་ཀ་ནས་བཀའ་དྲིན་འཁོར་མེད་ཀྱི་རྩ་བའི་བླ་མར་གྱུར་པའོ། །ཀཿ ཐོག་གྲུབ་པའི་དབང་པོ་རྡོ་རྗེ་འཆང་མཆོག་སྤྲུལ་ཀུན་བཟང་ངེས་དོན་


GTN006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ནས། ཀློང་གསལ་གྱི་རྩ་རླུང་སྨིན་ཁྲིད་འཁྲུལ་འཁོར་བཅས་པ་གནང་ནས་སྦྱང་བ་གནད་དུ་འགྲོ་ངེས་མཛད་པའི་ཕྱག་རྗེས་ཕྱི་ནང་གི་དྲོད་སྐྱེ་བ་དང་། ཁྱད་པར་མཆིན་ནད་ཀྱི་བསྙུན་ཁམས་ཡོད་པའང་ལྷག་མེད་དུ་དག །གཏེར་ཆེན་བདུད་འདུལ་གྱི་གཏེར་ཆོས་དང་བཀའ་འབུམ་པོད་བཅུ་གསུམ་གྱི་དབང་ལུང་ཡོངས་རྫོགས། དེ་ནང་ཉམས་ལེན་དོགས་གཅོད་སྐོར་སོགས་ཞིབ་ལ་གཙང་དག་གི་བཀའ་དྲིན་རྒྱ་ཆེན་པོ་བསྩལ། ཤེས་བྱ་ཀུན་གཟིགས་མཆོག་སྤྲུལ་སི་ཏུ་རིན་པོ་ཆེ་ཨོ་རྒྱན་བསམ་གྲུབ་ནས་བདུད་འདུལ་པོད་བཅུ་གསུམ་གྱི་དབང་ལུང་མཐའ་རྒྱས། བཀའ་བརྒྱད་བདེ་གཤེགས་འདུས་པ་པོད་བཅུ་གཉིས་ཀྱི་དབང་ལུང་ཡོངས་རྫོགས་བཅས་གནང་། སྐྱབས་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་དངོས་རིག་འཛིན་འཇིགས་མེད་མགོན་པོ་དང་། རྨོག་སྤྲུལ་སྙིང་གི་ནོར་བུ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་རྣམ་པ་གཉིས་ནས་ལུགས་གཉིས་ཀའི་སྒོ་ནས་བརྩེ་གཟིགས་རྒྱ་ཆེ་ལ། ཁྱད་པར་དུ་སྔ་མའི་མདུན་ནས་དྲག་པོ་ཡེ་ཤེས་རབ་འབར་གྱི་དབང་ལུང་དང་། རྗེས་མའི་མདུན་ནས་ཀློང་གསལ་གཏེར་བྱོན་དབང་ལུང་ཡོངས་རྫོགས་སོགས་གསན། སྐྱབས་རྗེ་རྡོ་རྗེ་འཆང་འདི་ལྔ་ནི་ཆོས་དང་འཇིགས་རྟེན་གང་ཐད་ནས་བཀའ་དྲིན་མཆོག་ཏུ་ཆེ་བས་དྲིན་དྲན་པ་ཙམ་གྱིས་ལག་པད་སྙིང་ཁར་ཟུམ་པ་ལ་རྩོལ་བ་མི་དགོས་པ་ལྟ་བུ་ཡིན་གསུངས། སྔ་འགྱུར་བསྟན་པའི་ཆུ་མགོ་གྲྭ་ས་ཆེན་པོ་འདིར་བསྡད་པའི་རིང་ལ་ཤེས་རབ་རྣམ་པ་གསུམ་གྱི་ཡོན་ཏན་འཕེལ་ཞིང་ཇི་ཙམ་བསྡད་རྒྱུ་བྱས་ཀྱང་སྡོད་སྙིང་སྤྲོ་བ་སོགས་སྐྱེ་བ་སྔོན་མ་རྣམས་སུ་བཟང་


GTN006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལས་ཀྱི་འབྲེལ་བ་ཤིན་ཏུ་གོམས་པའི་གནས་སུ་སོམ་ཉི་བྲལ། གཞན་ཡང་གྲུབ་དབང་བླ་མ་དམ་པ་སྒོམ་བྱུང་གི་ཤེས་རབ་ཀློང་རྡོལ་བ་བྱང་ཆུབ་སེམས་དཔའ་རྨོག་སྟོན་ནམ་མཁའ་རྡོ་རྗེའི་མདུན་ནས་འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཏའུ་གྲུབ་ཆེན་གྱི་ཁྲིད་ཡིག་ལྟར་སྨིན་ཁྲིད་མཛད་པ་གསན། ཐོད་རྒལ་གྱི་བཞུགས་སྟངས་སོགས་ཀྱིས་ཕྱག་ཁྲིད་མཛད། འདི་དང་དགེ་རྩེ་ཁྲོ་ཤུལ་བླ་མ་སྐལ་previous hit བཟང་སོགས་ངེད་ལ་ཐོས་བསམ་དང་ཉམས་ལེན་ཅུང་ཟད་རེ་ཡོད་པ་འདི་མྱུ་གུ་ལ་ཆུ next hit་ལུད་ལྟ་བུ་མཐུན་པའི་རྐྱེན་བླ་ན་མེད་པ་ཡིན་གསུངས། ཀཿ ཐོག་པ་འཇམ་མགོན་མི་ཡི་གཟུགས་ཅན་དགེ་རྩེ་རིན་པོ་ཆེས་མན་ངག་ལམ་རིམ་གྱི་འགྲེལ་ཆེན་པོད་གཉིས་གསར་རྩོམ་གྱི་ཞབས་ཕྱི། ལུང་ཁུངས་ཀྱི་དཔེ་ཆ་རྣམས་འཚོལ་རྒྱུ་དང་ཚིག་དོན་ལྗགས་བཀོད་མཛད་རིགས། སྒྲ་དོན་འདྲེས་འཛིན་གྱིས་སྤོབས་པས་ནོར་འཁྲུལ་ལྷག་ཆད་བྲལ་བ་ཉིན་མོར་སྐུ་མདུན་ནས་བྱང་ནག་ཏུ་ཕབ་རིགས། དེའི་མཚན་མོ་གཉིད་སྤངས་ཏེ་སྣང་གསལ་གྱི་འོད་ལ་ཤོག་ཐོག་ཏུ་འབེབས་པའི་ངལ་བ་དང་དུ་བླངས་ནས་རང་ལའང་གསང་སྔགས་ཐུན་མོང་མ་ཡིན་པའི་ཆོས་མཐའ་དག་གི་སྒྲོ་འདོགས་ཞར་ལ་ཆོད་པ་དང་། རྩ་བའི་བླ་མའི་ཞབས་ཕྱི་ཐུགས་ཀྱི་བཞེད་པ་ལྟར་འགྲུབ་པ་དང་། ཆོས་ལ་དཀའ་བ་སྤྱད་པས་ལས་ཀྱི་སྒྲིབ་པ་བྱང་ཞིང་ཚོགས་རྫོགས་པ། རྙིང་བསྟན་མཛེས་པའི་རྒྱན་དུ་ཆེ་བ་སོགས་བྱ་བ་གཅིག་གིས་དགོས་པ་མང་པོ་ཆབས་ཅིག་ཏུ་འགྲུབ་པས་དགའ་སྤྲོ་རྒྱ་ཆེན་པོ་བྱུང་བ་ཡིན་གསུངས།


previousཀཿཐོག་ཏུ་ཀུན་གཟིགས་དགེ་པཎ་སོགས་བཀུར་ཏེ་ཡོན་ཏན་རྒྱ་མཚོར་མངའ་བརྙེས་ཏེ་སྲས་ཀྱི་ཐུ་བོར་གྱུར་པ།next