Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
རྒྱ་བལ་མཚམས་ཀྱི་དབེན་གནས་ཚེ་རིང་ལྗོངས་ལ་བསྔགས་པ་རོལ་མོ་དབྱངས་སྙན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousརྒྱ་བལ་མཚམས་ཀྱི་དབེན་གནས་ཚེ་རིང་ལྗོངས་ལ་བསྔགས་པ་རོལ་མོ་དབྱངས་སྙན།next

རྒྱ་བལ་མཚམས་ཀྱི་དབེན་གནས་ཚེ་རིང་ལྗོངས་ལ་བསྔགས་པ་རོལ་མོ་དབྱངས་སྙན།


JSD004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བལ་མཚམས་ཀྱི་དབེན་གནས་ཚེ་རིང་ལྗོངས་ལ་བསྔགས་པ་རོལ་མོ་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ། རྩ་བརྒྱུད་བླ་མ་ཡི་དམ ལྷ། །གནས་ཡུལ་ཞིང་སྐྱོང་མཁའ་འགྲོ་མར། །གུས་པས་འདུད་དོ་བརྩེར་དགོངས་ལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །རྒྱལ་བས་བསྔགས་པའི་དབེན་གནས་མཆོག །ཚེ་རིང་ལྗོངས་ཞེས་མཚན་གསོལ་བ། །གནས་སའི་དཔྱད་བཟང་ཡོན་ཏན་ཀུན། །མ་ཚང་མེད་པས་རབ་བརྒྱན། །རྒྱབ་རི་བྲག་དཀར་རྩེ་རྒྱལ་མཐོ། །ལྷོ་རི་མདུན་ནས་འདུད་པའི་དབྱིབས། །ཤར་རི་མདའ་སྟོང་ཡོན་ཏན་སྒོ། །ནུབ་རི་ནོར་བུའི་གཟུགས་སུ་ཟླུམ། །ལྗོན་ཤིང་ནགས་ཚལ་ལྷུན་འཐུག་རྒྱས། །རྫ་ཆབ་སྔོན་མོ་ལྷུང་ལྷུང་འབབ། །བྱ་དང་བྱིའུས་སྐད་སྙན་སྒྲོགས། །གཅན་གཟན་རི་དྭགས་བག་


JSD004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་གནས། །སྨན་སྤོས་མེ་ཏོག་དྲི་བསུང་འཐུལ། །སྟག་ཆུང་བུང་བ་འཕུར་ལྡིང་རྩེ། །དགྲ་རྐུན་འཇིགས་པའི་འཚེ་བ་དབེན། །ཟྭ་དང་རུག་པ་དྭ་བ་སོགས། །ཆོས་མཐུན་ཟས་སྣ་མཐུན་རྐྱེན་འཛོམས། །ཆུ་ཤིང་འབད་མེད་ལྷུན་གྱིས་གྲུབ། །ཉམས་དགའ་བག་ཕེབས་རིག་པ་དྭངས། །ནམ་མཁའ་དམའ་བའི་ཕྱོགས་གསལ་བས། །འོད་གསལ་ཐོད་རྒལ་ལྟ་བ་དང་། །ནམ་མཁའ་སུམ་ཕྲུག་ཉམས་ལེན་ཚེ། ནམ་མཁའ་སུམ་ཕྲུག་ཉམས་ལེན་ཚེ། །འདི་འདྲའི་གནས་ཤིག་མེད་ཐབས་མེད། །སྤྱིར་ན་བྱང་ཆུབ་བསྒྲུབ་པ་ལ། །གནས་འདི་ལྷ་ཡུལ་ལས་ཀྱང་ལྷག །རི་ཁྲོད་འགྲིམ་པའི་ཆ་རྐྱེན་དུ། །ད་རེས་འབད་མེད་སྟེས་དབང་རྙེད། །སླད་ནས་ས་འདིར་སྒྲུབ་པ་པོས། །རི་སུལ་གང་བའི་རྟེན་འབྲེལ་ཡོད། སྲོང་རི་ཡི་ནགས་ཁྲོད་འདི། །སྔོན་ཆད་རྒྱལ་དང་རྒྱལ་བའི་


JSD004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྲས། །དྲང་སྲོང་རིག་འཛིན་གྲུབ་པ་ཡིས། །བྱིན་གྱིས་བརླབས་པས་བཀྲ་ཤིས་ལ། །ཞལ་དྲོ་ཚེ་རིང་ནད་དཀོན་ཞིང་། །བག་དྲོ་བྱིན་ཆགས་ཉམས་རྟོགས་འཕེལ། །ལྷ་དང་སྲུང་མ་ནགས་གཞིའི་བདག །དཀར་ཕྱོགས་སྐྱོང་བས་དུས་རྟག་ཏུ། །མགོན་སྐྱབས་སྡོང་གྲོགས་མེལ་ཚེ་བྱེད། །གྲོགས་དག་འདི་སྣང་འཁོར་བ་ལ། །སྙིང་པོ་མེད་པ་རྩྭ་རྩེའི་ཟིལ། །མཚུངས་ལ་མ་ཆགས་མ་ཞེན་པར། །གནས་མཆོག་ངོ་མཚར་ཁྱད་འཕགས་པ། །འདི་འདྲར་མྱུར་ལམ་རྫོགས་པ་ཆེ། །བསྒོམ་སྟེ་ཚེ་གཅིག་ལུས་གཅིག་ལ། །ཟག་བཅས་འོད་སྐུར་སྒྲུབས་ཤིག་ཅེས། །སྤྲང་རྒན་ཁོ་བོས་གཞེན་བསྐུལ་འདེབས། །དགེ་བས་མ་རྒན་ཁམས་གསུམ་འགྲོ། །ཐམས་ཅད་ཕྱམ་གཅིག་རྫོགས་འཚང་རྒྱས། །སྲིད་པ་ལན་གཅིག་


JSD004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྟོངས་གྱུར་ནས། །ཆོས་སྐུའི་རྒྱལ་སྲིད་བརྟན་གྱུར་ཅིག །ཅེས་རབ་ཚེས་ལྕགས་ལུག་ཟླ་༢ཚེས་༦ལ་བྱ་བྲལ་རིག་པ་འཛིན་པ་ཁྲོ་རྒྱལ་རྡོ་རྗེས་ཐོལ་བྱུང་དུ་ཤར་མར་བྲིས་པ་དགེ་ལེགས་འཕེལ།།


JSD004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རྗེ་མཚན་ལྡན་གྱི་བླ་མ་རྡོ་རྗེ་འཛིན། །ཕ་དྲན་མཆོག་ངག་དབང་དཔལ་བཟང་པོ། །བུ་ལེ་ལོ་ཅན་ལ་བརྩེར་དགོངས་ནས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྤྲང་རྣལ་འབྱོར་ངས་མ་ཕྱིན་དགུ་ཅིག་ཕྱིན། །སྤྲེལ་གནམ་ལྕགས་ཁམས་སུ་རྩེ་བའི་ལོ། །དུས་སྟོན་གྱི་རྒྱལ་མོའི་ཐ་ཆུང་ལ། །ཡུལ་སྔར་མ་མཐོང་བ་འདི་འདྲར་སླེབས། །གནས་བལ་བོད་གཉིས་ཀྱི་སོ་མཚམས་ན། །སྔོན་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་། །རྗེ་མི་ལ་བཞད་པ་རྡོ་རྗེའི་ཞབས། །དཔལ་རྒོད་ཚང་མགོན་པོ་རྡོ་རྗེ་སྟེ། །ཁོང་རྡོ་རྗེའི་མཚན་ཅན་རྣམ་གསུམ་དང་། དེར་མ་ཟད་རང་རིག་རས་པ་རྗེ། །རྗེ་བྱ་བཏང་སྟག་རྩེ་མི་ཕམ་ཞབས། །མཆོག་གྲུབ་བརྙེས་སྒྲུབ་བརྒྱུད་གོང་མ་ཡིས། །ཞབས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། །


JSD004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གསོལ་ན་ཨོ་རྒྱན་ཆོས་སྡིངས་ཟེར། །གནས་འདི་ཡི་ཡོན་ཏན་ཆ་ཤས་ཙམ། །ཡིད་དྭངས་སྤྲོས་བསྐུལ་ནས་དབྱངས་སུ་ལེན། །དབུས་རྒྱབ་རི རྒྱལ་པོ་གདན་བཞུགས་འདྲ། །བྲག་བརྗིད་མཐོ་ནམ་མཁའི་མཐོངས་ལ་སྙེགས། །གཡས་རིན་ཆེན་སྤུངས་པ་ལྟ་བུ་དང་། །གཡོན་མཚོན་ཆ་གནམ་དུ་བསྒྲེང་འདྲའི་རི། །མདུན་གཉའ་ནང་གཙང་ཆབ་སྔོ་ལྗང་རྒྱུན། །ཆུ་རྦ་རླབས་མཁའ་ལ་འཕྱོ་བཞིན་དུ། ྋ །བྱང་དེ་ནས་རྒྱ་བལ་ཕྱོགས་སུ་འགྲོ། །མདུན་ཕྱོགས་ཀྱི་ཤར་རི་ནགས་ཀླུང་འཐུག །མི་ཕལ་པས་བགྲོད་དཀའ་འཇིགས་ཟིལ་ཆེ། །ལྷོ་བྱང་གི་རི་ཕྲན་ཕྱག་རྒྱ་བསྣོལ། །འོག་སྲ་མཁྲེགས་བྲག་གི་བ་གམ་སྟེང་། །ཐང་རྒྱ་ཁྱོན་མཉམ་པ་བདེ་ཞིང་ཡངས། །གནས་འདི་ཡི་གཡས་དང་གཡོན་ཕྱོགས་ཀྱི། །གཤོངས་གཉིས་ནས་གཙང་ཞིང་བསིལ་བའི་


JSD004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། །སྒྲ་ལྷུང་ལྷུང་དང་བཅས་དབང་ཕྱོགས་འབབས། །གཞན་ཕྱོགས་ཀྱི་རི་རྣམས་སྤང་དང་ནགས། །བྲག་གཟུགས་བརྙན་སྣ་ཚོགས་སྤེལ་མར་མཛེས། །བྱ་བྱིའུའི་མགྲིན་གླུ་རོལ་མོ་སྙན། །མདངས་མཛེས་སྡུག་མེ་ཏོག་སྣ་ཚོགས་འཁྲུངས། །འབུ་བུང་བ་དགའ་བའི་འཕུར་ལྡིང་གཡོ། །དགྲ་རྐུན་དང་གཅན་གཟན་འཚེ་བ་བྲལ། །ས་བསིལ་དྲོད་རན་པས་གོས་སློག་གི། །རྩོལ་སྒྲུབ་ལ་ཤ་ཐང་ཆད་མི་དགོས། །ཡུལ་རོང་འབྲོག་གཉིས་ཀའི་ཟས་སྣ་འཛོམས། །ལར་ལྟོ་ཕྱིར་རྒྱུག་འདུར་ཆེར་མི་དགོས། །ཆུ་མེ་ཤིང་འབོལ་འདི་སོ་རེ་གསོད། །གནས་མོས་པའི་ཡོན་ཏན་ཀུན་ཚང་བ། །ཕྱོགས་གང་ནའང་འདི་འདྲ་རྙེད་པར་དཀའ། །དོན་དེ་ཕྱིར་ཆོས་མཛད་ཕོ་མོ་རྣམས། །ཡུད་ཙམ་གྱི་འདི་སྣང་འཁོར་བ་ལ། །ཞེ་ཆགས་ཞེན་འཁྲི་


JSD004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྦད་བཅད་ནས། །ཚེ་མི་རྟག་འཆི་དྲན་གྱི་བསྐུལ་ལྕག་ཐོབ། །བློ་ཙབ་ཙུབ་མང་པོའི་ཁ་ན་མེད། །འཁོར་འདས་ཀྱི་འཁྲུན་ཐག་ཆོད་པ་ལ། །ཆོས་བྱར་མེད་རྫོགས་པ་ཆེན་པོ་ཡི། །དོན་བློ་འདས་གཉུག་མའི་རང་ཞལ་བསྐྱང་། །ལམ་འདི་ལས་ཉེ་བ་ཞིག་རྒྱལ་བས་ཀྱང་། །ཞིང་ཀུན་ཏུ་བཙལ་ཀྱང་རྙེད་མ་ཡིན། །དུས་ད་རེས་སྔོན་བསགས་ལས་དབང་གིས། །འདི་ལན་གཅིག་འཕྲད་པ་སྐལ་བ་བཟང་། །དེ་ཡིན་པར་ཤེས་ནས་ཕུགས་གསུམ་གཏོད། །དེང་སྙིགས་མ་བས་ཀྱང་ཆེས་ཡང་སྙིགས། །མིང་ཆོས་པར་བཏགས་ཀྱང་ཆོས་བརྒྱད་འདིས། །བློ་མ་བསྒྱར་ཆོས་པ་ཉིན་སྐར་ཙམ། །མགོན་པད་འབྱུང་རྗེས་འཇུག་མཆེད་ལྕམ་ཚོ། །ད་སྙིང་ལ་རུས་པ་མ་བཅུག་ན། །ཕྱི་ཡུལ་གྱི་དངོས་པོ་གང་ལའང་། །དོན་སྙིང་པོ་མེད་པ་མ་མཐོང་ངམ། །འདིར་


JSD004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོས་གཞེན་བསྐུལ་ཤུགས་ཀྱིས་ཐལ། །གླུ་མཆོད་པར་འབུལ་ལོ་གནས་གཞིའི་བདག །ཐུགས་དགྱེས་པར་མཛོད་ལ་ཕྲིན་ལས་སྒྲུབས། །ཆོས་བྱང་ཆུབ་གོ་འཕང་སྒྲུབ་པ་ལ། །རྐྱེན་བར་ཆད་མེད་པའི་བཀྲ་ཤིས་ཤོག །ཅེས་པའང་ཀུ་སཱ་ལི་སངས་རྒྱས་རྡོ་རྗེས་དྲག་པོ་ལྕགས་སྤེར་ལོའི་ཐ་སྐར་ཟླ་བའི་ཤེས་རབ་ཕྱོགས་ཀྱི་ཚེས་༢༩ དགེ་བ་ལ་གཉའ་ནང་གཙང་འགྲམ་ཏཱ་ཏོ་པ་ནི་ཞེས་པར་གུ་ཡངས་རིག་པའི་རྩེ་འཇོ་རུ་བྲིས་པ་མངྒ་ལཾ།། །།


JSD004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱ་བལ་མཚམས་ཀྱི་དབེན་གནས་ཚེ་རིང་ལྗོངས་ལ་བསྔགས་པ་རོལ་མོ་དབྱངས་སྙན།next