Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

6 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
 
 
  
  
  
 
  
  
  
  
  
  
སྐྱེ་ཕྲེང་གསོལ་འདེབས་མེ་ཏོག་ཕྲེང་མཛེས།
  
  
  
 
  
  
  
  
  
  
 
  
  


6 occurrences of གཏེར་སྲུང་
[Clear Hits]

 
previousསྐྱེ་ཕྲེང་གསོལ་འདེབས་མེ་ཏོག་ཕྲེང་མཛེས།next

སྐྱེ་ཕྲེང་གསོལ་འདེབས་མེ་ཏོག་ཕྲེང་མཛེས།

༄༅། །སྐྱེ་ཕྲེང་གསོལ་འདེབས་མེ་ཏོག་ཕྲེང་མཛེས་བཞུགས་སོ། །ན་མོ་ཤྲཱི་གུ་ར་ཝེ། བདེ་གཤེགས་སྙིང་པོ་ཀུན་བྱེད་རྒྱལ་པོ་ཡིས། །སྲིད་ཞི་ཡོངས་ལ་ཁྱབ་ཕྱིར་རིགས་དྲུག་འགྲོ། །ཀུན་བཟང་ཉིད་ལས་མི་གཞན་དེ་ཡི་ཕྱིར། །འཁོར་འདས་མཉམ་རྟོགས་པས་ཕྱག་བགྱིའོ། །ཨེ་མ། གདོད་ནས་རྣམ་དག་བྱང་ཆུབ་སེམས་ཉིད་དེ། །དམྱལ་མེས་མ་ཚིག་པྲེ་ཏས་མ་ཕོངས་ཤིང་། །དུད་འགྲོས་མ་འཐོམ་བདུད་སྡེས་མ་ཐུལ་བའི། །སྟོང་ཉིད་སྙིང་རྗེར་འབྲེལ་དེར་གསོལ་བ་འདེབས། །དེ་ལས་མཆེད་པའི་སྒྱུ་མའི་རྣལ་འབྱོར་པ། །འདས་དུས་བསྐལ་པར་ལུང་བསྟན་རྡོ་རྗེ་དང་། །སྐུ་གསུམ་ཞིང་དུ་མ་ངེས་སྣ་ཚོགས་སྟོན། །གཉིས་ལྡན་འོག་ཏུ་བྲམ་ཟེ་དཔལ་རབ་ལྡན། །བོད་རྗེ་སྙན་ཤལ་རྒྱལ་པོར་གསོལ་བ་འདེབས། །ཁྲི་སྲོང་སྲས་གྱུར་མུ་རུབ་བཙད་པོ་དང་། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་བསམ་གཏན་པ། །དྭགས་སྟོད་སྔགས་འཆང་རྡོ་རྗེ་རབ་བརྟན་ཞེས། །བུདྡྷ་དྭི་བར་བཅས་ལ་གསོལ་བ་འདེབས། །ཚ་རོང་ཆུ་མཚོར་ནཱ་གའི་སེམས་དཔའ་ཆེ། །ཡུལ་དེའི་དཔོན་བླ་སྙིང་པོ་སྣང་མཛད་དང་། །རྡོ་ཡུལ་སྟོད་དུ་སོ་སྐྱེས་འཕགས་པའི་ཚུལ། །ཀུན་བཟང་གཞན་ལ་ཕན་དེར་གསོལ་བ་འདེབས། །གཞན་ཡང་དཀར་ནག་ལས་ཀྱི་ཚོན་སྣ་ཡིས། །སྦགས་པའི་རང་གཟུགས་བརྗོད་པའི་མཐར་འདས་ཀྱང་། །བྱང་སེམས་དངུལ་ཆུ་དམན་དྲིས་མ་གོས་པའི། །ཕན་བདེའི་རྩ་ལག་དེ་ལ་གསོལ་བ་འདེབས། །འདི་འོག་ཏིང་འཛིན་རྣམ་གསུམ་རོལ་རྩལ་ལས། །སྐུ་གསུམ་སྟོན་པའི་ཕྲིན་ལས་ཕོ་ཉ་བ། །སྣ་ཚོགས་འཕྲུལ་གྱི་བྱེད་པོ་ཕན་བདེའི་བདག །ཕུན་ཚོགས་འབྱུང་གནས་དེ་ལ་གསོལ་བ་འདེབས། །གདོད་མ་ཆོས་སྐུ་དག་པའི་གཞི་དབྱིངས་ནས། །སྣ་ཚོགས་ལོངས་སྐུའི་བཀོད་པ་ཕྱོགས་བཅུར་འཕྲོ། །སྤྲུལ་སྐུ་རྒྱུན་ཆད་མེད་པས་འགྲོ་དོན་མཛད། །འཇིག༵༷ས་མེ༷ད་བསྟན༷་པའི༷་རྒྱལ་མཚ༷ན་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས། །སྐྱེ་བའི་ཕྲེང་བར་བླ་མ་དམ་པ་དང་། །འབྲལ་མེད་རིམ་དགུའི་ཐེག་པར་ལོངས་སྤྱོད་ནས། །ས་བཅུ་ལམ་ལྔའི་དཔལ་ཡོན་མཐར་ཕྱིན་ཤོག །འདི་ཉིད་དབུ་མཛད་འཇིགས་མེད་ཆོས་དར་གྱིས་བསྐུལ་ངོར། ཀུན་བཟང་གཞན་ཕན་གྱིས་བྲིས་པ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ།། །།


previousསྐྱེ་ཕྲེང་གསོལ་འདེབས་མེ་ཏོག་ཕྲེང་མཛེས།next