Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
 
  
 
  
 
11   
དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བསྙེན་སྒྲུབ་རྗེས་གནང་བཅས་གསལ་བར་བཀོད་པ་རྡོ་རྗེ་ཕ་ལམ་ཕྲེང་མཛེས།
  
  
  
  
  
  


22 occurrences of གཡོན་རུ་
[Clear Hits]

 
previousདཔལ་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བསྙེན་སྒྲུབ་རྗེས་གནང་བཅས་གསལ་བར་བཀོད་པ་རྡོ་རྗེ་ཕ་ལམ་ཕྲེང་མཛེས།next

དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བསྙེན་སྒྲུབ་རྗེས་གནང་བཅས་གསལ་བར་བཀོད་པ་རྡོ་རྗེ་ཕ་ལམ་ཕྲེང་མཛེས།

དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བསྙེན་སྒྲུབ་རྗེས་གནང་བཅས་གསལ་བར་བཀོད་པ་རྡོ་རྗེ་ཕ་ལམ་ཕྲེང་མཛེས་བཞུགས་སོ། །ན་མོ་གུ་རུ་བཛྭ་དྷ་ར་དྷརྨ་ས་ག་རཱ་ཡ། བདེ་བར་གཤེགས་རྣམས་བགྲོ་བ་མཛད་ནས་གསང་གསུམ་བདག་པོར་ཁྱོད་བཀོད་ཟིལ། །སྲིད་པའི་དབང་ཆེན་ཡོངས་ཀྱིས་བཟོད་དཀའ་བཀའ་ནན་ཕབ་པས་བྲན་དུ་ཞུགས། །འཕྲོག་བྱེད་ང་རྒྱལ་ཆེན་པོ་སླར་ཁྲོས་ཞབས་ཀྱིས་བརྫིས་ནས་སྲོག་བྲལ་བས། །ནུས་པའི་དབང་ཕྱུག་ཆེན་པོའི་ཆེན་པོ་ཕྱག་ན་རྡོ་རྗེ་འཆང་ལ་བསྟོད།། རྡོ་རྗེ་གསང་བའི་རྒྱུད་ལས་བསྟན་པའི་ཟིལ། །འཕགས་བོད་གྲུབ་པའི་ཞལ་སྒོར་ཆགས་པའི་བཅུད། །དཔལ་ལྡན་འབྲུག་པའི་ཐུགས་མཛོད་དུ་ལྷག་པ། །གཏུམ་པོ་ཁྱུང་ལྔའི་དོན་གཉིས་སྒྲུབ་རིམ་འབྲི། །དེའང་དཔལ་མཉམ་མེད་འབྲུག་པ་རིན་པོ་ཆེའི་ཐུགས་དམ་སྒྲུབ་ཐབས་ལྔའི་ཡ་གྱལ་གཏུམ་པོ་ནུས་མཐུའི་སྐོར། འདི་ལ་སྒྲུབ་ཐབས་དཀྱིལ་འཁོར་དང་འབྲེལ་བ་རྒྱས་པའི་ལུགས་དང་། མ་འབྲེལ་བ་བསྡུས་པ་དཔའ་བོ་གཅིག་ཏུ་སྒྲུབ་ཚུལ་སོགས་རྒྱ་ཆེར་བཞུགས་པ་ལས། བསྡུས་པ་དཔའ་གཅིག་གཏུམ་པོ་ཁྱུང་ལྔའི་སྒོ་ནས་རང་གཞན་དོན་གཉིས་སྒྲུབ་པའི་ཕྲིན་ལས་ཀྱི་རིམ་པ་འཆད་པར་བྱ་བ་ལ། སྔོན་འགྲོ་དཀྱིལ་འཁོར་དང་ཆོ་ག་ལ་འཇུག་པའི་བྱ་བ། དངོས་གཞི་རང་གཞན་གྱི་དོན་ཇི་ལྟར་སྒྲུབ་པ། རྗེས་དེ་དག་གི་མཇུག་བསྡུ་བའི་ཚུལ་དང་གསུམ་ལས། དང་པོ་སྔོན་འགྲོ་དཀྱིལ་འཁོར་དང་ཆོ་ག་ལ་འཇུག་པའི་བྱ་བ་ནི། དེའང་བསྙེན་སྒྲུབ་ལ་འཇུག་པར་འདོད་པའི་རྟེན་གྱི་གང་ཟག་ནི། གསང་བ་བསྟན་པའི་རྒྱུད་ལས། སྙིང་རྗེ་ལྡན་ཞིང་ཤེས་རབ་ཆེ། །བཟོད་ལྡན་བརྩོན་འགྲུས་ཕུན་སུམ་ཚོགས། །བསླབ་པ་གསུམ་ལྡན་དད་པས་བརྒྱན། །དཔའ་ཞིང་གསང་བའི་སྤྱོད་པ་ཤེས། །གུས་ཤིང་གཡོ་མེད་སྐྱབས་གནས་གསུམ། །རྟག་ཏུ་མཆོད་ཅིང་ཡེངས་པ་མེད། །ལྷག་པའི་ལྷ་ལ་ཡིད་ཆེས་ཤིང་། །ཕྱི་ནང་གསང་བའི་དབང་ཐོབ་པས། །དམ་ཚིག་བརྡ་དོན་ངེས་པར་འཛིན། །ཞེས་གསུངས་པའི་དམ་ཚིག་དང་ལྡན་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་དང་བྱིན་རླབས་ཐོབ་པའི་གང་ཟག་དེས་གནས་ཇི་ལྟ་བུར་བསྒྲུབ་ན། གསང་བ་བསྟན་པའི་རྒྱུད་ལས། དུར་ཁྲོད་བརྒྱད་དང་ཉེ་བའི་གནས། །དུར་ཁྲོད་ནགས་ཀྱི་ནང་དང་ནི། །རི་རྩེ་བྲག་རི་སྔོན་པོའི་མདོག །ཁྲོས་པའི་གཟུགས་འདྲ་བྱང་ལྟ་བ། །མེ་ཏོག་སྔོན་པོས་མཛེས་པ་དང་། །ནེའུ་གསིང་ཆུ་དང་ཨུཏྤལ་ནགས། །དབེན་ཞིང་ཡིད་འོང་ཉམས་དགའ་བ། །བཀྲ་ཤིས་དཔལ་འཕེལ་དབང་ཡང་འཛིན། །ལྕང་ལོ་ཅན་དང་མིང་མཐུན་པ། །སྣ་ཚོགས་བསྒྲུབ་པའི་གནས་སུ་ཤིས། །ཞེས་གསུངས་པའི་མཚན་ཉིད་ཚང་བའམ། བླ་མ་གོང་མས་བྱིན་གྱིས་བརླབས་ཤིང་སྒྲུབ་པའི་གནས་དབེན་ཞིང་ཡིད་དུ་འོང་བར་དུས་བཟང་པོ་ལ་བྱི་དོར་དང་གཙང་སྦྲ་ལེགས་པར་བྱས། གོང་དུ་གསང་བའི་བདག་པོའི་སྐུ་གསུང་ཐུགས་ཀྱི་རྟེན་ཇི་ལྟར་འབྱོར་པ་བཤམས་པའི་མདུན། བསྙེན་པ་ཁོ་ནའི་སྐབས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་བཅས་དང་། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ་བྱའི་ཤ་ཁྲག་སོགས་མ་འདྲེས་པའི་གཏོར་སྤོད་ཀྱིས་སྦག་པའི་འབྲུ་གཙང་གི་ཕྱེ་ལས་མཆོད་གཏོར་པད་འདབ་བཞིས་མཚན་པ། དཀར་རྩི་མར་རྒྱན་ཟེའུ་འབྲུ་སྔོན་པོར་ལྡན་པ་ལ་བཟའ་བ་དང་བཅའ་བར་འོས་པའི་ཟས་སྣས་བྲུམ་ཐབས་སུ་བསྐོར་བ་དང་། མྱོས་བྱེད་ཀྱི་བཏུང་བའི་སྣོད་ཙམ་བཤམས། མདུན་དཀྱིལ་སྒྲུབ་མཆོད་གཞན་རྗེས་འཛིན་དང་འབྲེལ་ན། མདུན་དུ་སྟེགས་བུ་ཁོད་སྙོམས་གྲུ་བཞིའི་དབུས། ཐིག་ཆེན་བརྒྱད་གདབ་སྟེ་རྡུལ་ཚོན་གྱི་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག ཕྱི་རོལ་དུ་མུ་ཁྱུད་དང་བཅས་པའི་ལྟེ་བར་ཉི་གདན་ལ་རྡོ་རྗེ་མཐིང་ནག་རྩེ་ལྔའི་ལྟེ་བར་ས་བོན་ཧཱུྃ་གིས་མཚན་པ་བྲི་བའམ། མི་འགྲུབ་ན་རས་བྲིས་སམ། མཎྜྻལ་ལ་མེ་ཏོག་མཐིང་གའི་ཚོམ་བུ་བཀོད་པའི་སྟེང་། མཉྫྱིའི་ཁར་གོང་བཤད་ལྟ་བུའི་གཏོར་མ་བརྗིད་ལྡན་རྩེར་སྐུ་ཙཀ྄་དང་དར་གདུགས་མཐིང་ཀས་མཚན་པ་བཞག་པའི། གཡས་ཕྱོགས་སུ་རིན་པོ་ཆེའི་བུམ་པ་ཚད་ལྡན། མགུལ་ཆིངས་སྔོན་པོ་དཔག་བསམ་ཤིང་གི་ཁ་རྒྱན་བཅས་པ་ཉེར་ལྔའི་རྫས་ལྡན་བཅུད་ཀྱིས་གཏམས་པ་དང་། རྒྱབ་ཏུ་མེ་ཏོག་སྔོན་པོར་བཅས་པའི་previous hit རུ་རཀྴའི་སྔགས་ཕྲེང་། གཡོན next hit་དུ་གནམ་ལྕགས་རྡོ་རྗེ་དར་མཐིང་ཅོད་པན་ཅན་ནམ་ཙཀླི་གང་བདེར་ཁྱུང་རིགས་ལྔའི་ཙཀླི། བྱང་ཤར་མཚམས་སུ་ལས་བུམ་མགུལ་ཆིངས་ལྗང་ཁུ་ལྡན་པ། མདུན་དུ་གོང་བཤད་མཆོད་གཏོར་ཟས་སྣས་བསྐོར་བ་དང་། དཀྱིལ་འཁོར་གྱི་གཡས་ཕྱོགས་ནས་འགོ་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། འབྱོར་ན་དཀྱིལ་འཁོར་གྱི་རྒྱན་རྫས་སྣ་ཚོགས་པས་བཀོད་ལེགས་སུ་བརྒྱན། གཞན་ཡང་། སྔོན་གཏོར་མཎྜྻལ་སོགས་དགོས་པའི་ཡོ་བྱད། སྒྲུབ་པོའི་མདུན་དུ་ནང་མཆོད་དང་། ཌ་མ་རུ་རྡོ་དྲིལ་བཅས་འཚོགས་པར་བྱའོ། །གཉིས་པ། དངོས་གཞི་རང་གཞན་གྱི་དོན་ཇི་ལྟར་སྒྲུབ་པ་ལ་བདག་དོན་བསྙེན་པ། གཉིས་དོན་མདུན་བུམ་སྒྲུབ་མཆོད། གཞན་དོན་རྗེས་སུ་གནང་བའི་རིམ་པ་གསུམ་ལས། དང་པོ་ནི། སྒྲུབ་པ་པོ་སྟན་བདེ་བར་ཁ་བྱང་དུ་ཕྱོགས་པའམ་དེར་མོས་པས་འཁོད། ངེས་འབྱུང་དང་གཞན་ཕན་གྱི་བསམ་པས་ཀུན་ནས་སློངས་ཤིང་། སྐྱབས་ཡུལ་རྒྱ་མཚོར་དམིགས་ཏེ་དད་གདུང་རྩེ་གཅིག་པས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། སོགས་ཀྱི་སྐྱབས་འགྲོ་ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་སོགས་སེམས་བསྐྱེད་ཀྱང་ལན་གསུམ་བྱ། རང་གི་སྤྱི་བོར་པཾ་ལས་པདྨ་དཀར་པོ་སོགས། བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་བསྒོམ་ལ་ཡིག་བརྒྱ་ཉེར་གཅིག་བཟླས། མགོན་པོ་བདག་ནི་སོགས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པར་བསམ་པས་རྒྱུད་ཡོངས་སུ་དག་པར་བྱ། དེ་ནས་མཆོད་རྫས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་གི་ནང་དུ་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ། འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའི་ཁམས་ཁྱབ་པར་བསམ་ལ། ཨོཾ་བཛྭ་ཨརྒྷཾ་ཨཱཿཧཱུྃ། པདྱཾ་ནས། ཤཔྟའི་བར་དེ་བཞིན་དུ་སྦྱར་བས་བརླབས། ཨོཾ་བཛྭ་དྷརྨ་ར་ཎི་སོགས། ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་རོ་མོ་བསྒྲག་ཅིང་བྱིན་དབབ་བོ།། དེ་ནས། རང་ཉིད་སྐད་ཅིག་གི་དཔལ་རྡོ་རྗེ་གཏུམ་པོར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་བཅུད་ཀྱི་སེམས་ཅན་ལྷར་གྱུར། ཚུར་འདུས་པས་བླ་མ་གསང་བའི་བདག་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྭ་ས་མཱ་ཛཿ ཞེས་ཚོགས་ཞིང་སྤྱན་དྲངས་པ་ལ། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང་། །སྨོན་ལམ་དབང་གིས་ཁྱུང་ཆེན་སྐུར་སྤྲུལ་ནས། །ཐབས་ལ་མཁས་པས་སྣ་ཚོགས་སྐུར་སྟོན་པའི། །རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ།། ཞེས་ཕྱག་འཚལ། ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐམས་ཅད་ལ། །བདག་གིས་ཅི་ནུས་དམིགས་པའི་མཆོད་འབུལ་ན། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་ལྟར། །སྐུ་གསུང་ཐུགས་ལ་མཉེས་པས་མཆོད་གྱུར་ཅིག །ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དྷཱུཥྤེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད། བདག་གིས་ཐོག་མ་མེད་དུས་ནས། །སྡིག་པ་མ་ལུས་བགྱིས་པ་རྣམས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་ད་ལྟ་སོ་སོར་བཤགས། །ཤེས་རབ་སྙིང་རྗེ་ལྡན་པའི་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བས་ཇི་ལྟར་བསྐྱེད་པ་བཞིན། དེ་ཡི་རྗེས་སུ་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་སེམས་ནི་ནམ་ཡང་མི་གཏོང་ངོ་། །བླ་མ་རྡོ་རྗེ་འཆང་དང་ནི། །གསང་སྔགས་ཀུན་བདག་རྡོ་རྗེ་འཛིན། །དེ་རིག་འཛིན་པའི་རྣལ་འབྱོར་རྣམས། །དགེ་བ་མཛད་ལ་རྗེས་ཡི་རང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །འཁོར་དང་བཅས་ལ་ལུས་འབུལ་ན། །བཞེས་ནས་བདག་ལ་རྗེས་མཐུན་པའི། །དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །ད་ལྟའི་དགེ་བ་གང་བསགས་པ། །བདག་དང་སེམས་ཅན་དོན་སླད་དུ། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི།། ཞེས་ཡན་ལག་ལྷག་མ་རྣམས་བྱས་ལ་ཚོགས་བསགས་པའི་མཐར། ཚོགས་ཞིང་རྣམས་རང་གི་སྤྱི་བོར་ཐིམ་པར་བསམ་ལ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ།། ཞེས་ཚད་མེད་བཞི་བསྒོམ་མོ།། དེ་ནས་བདག་གི་རྣལ་འབྱོར་དངོས་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཕྱི་གཟུང་བའི་ཡུལ་ཐམས་ཅད་སྟོང་པར་གྱུར། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ནང་འཛིན་པའི་སེམས་སྟོང་པར་གྱུར། སྟོང་པའི་ངང་ལས་ནམ་མཁའི་གནས་སུ་རང་གི་སེམས་ཉིད་ཡི་གེ་ཧཱུྃ་སྔོན་པོ་འོད་ཟེར་སྣ་ཚོགས་འཕྲོ་བ་ཞིག་ཏུ་གྱུར། དེ་ལས་ཡི་གེ་ཧཱུྃ་ཞིག་ཆད་པ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། ཕྱི་རོལ་ཐམས་ཅད་རྡོ་རྗེའི་མེ་རི་ཁ་དོག་ལྔའི་བདག་ཉིད་ཅན། བསྐལ་པ་འཇིག་པའི་མེ་དཔུང་ལྟ་བུས་ཡོངས་སུ་གང་བ། དེའི་ཕྱི་རོལ་དུ་རླུང་སྤུ་གྲི་ཅན། དེའི་ཕྱི་རོལ་དུ་བ་ཚྭ་ཅན་གྱི་རྒྱ་མཚོ། དེའི་ཕྱི་རོལ་དུ་མུན་པ་མི་བཟད་པ། དེའི་ཕྱི་རོལ་དུ་ནགས་སྟུག་པོ། དེའི་ཕྱི་རོལ་དུ་སྦྲུལ་གདུག་པ་ཅན། དེའི་ཕྱི་རོལ་དུ་གཅན་གཟན་གཏུམ་པོའི་འོབས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ། སྲུང་འཁོར་གྱི་ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར། ཀཱ་ལི་དམར་པོ་འོད་འབར་ཞིང་རེག་བྱ་ཚ་བ་ཉིས་འགྱུར་གྱིས་མཚན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། ཨཱ་ལི་དཀར་པོ་རེག་བྱ་བསིལ་བ་ཉིས་འགྱུར་གྱིས་མཚན་པ། དེ་གཉིས་ཁ་སྦྱར་གྱི་བར་དུ་རང་གི་སེམས་ཉིད་ངོ་བོ་ཧཱུྃ་ཡིག་སྔོན་པོ་དང་ཨ་དམར་པོ་གཉིས་སུ་གྱུར། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་དང་ཨ་ལ་ཐིམ། དེ་རྣམས་འོད་དུ་ཞུ་བ་ལས་པདྨ་དམར་པོ་ཨས་མཚན་པ་དང་། རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར། དེ་གཉིས་འོད་དུ་ཞུ་བ་ལས་རང་ཉིད་དཔལ་རྡོ་རྗེ་གཏུམ་པོ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་གི་པགས་པའི་ཤམ་ཐབས་ཅན་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ་ཞབས་གཡོན་བརྐྱངས་བས་དབང་ཕྱུག་ཆེན་པོ་ཁ་དོག་སྔོན་པོ་མནན་པ། གཡས་བསྐུམ་པས་ཨུ་མ་དེ་ཝི་ཁ་དོག་དམར་པོ་མནན་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་མེ་སྟག་གི་ཕུང་པོ་ལྟར་དམར་བ། དབུ་སྐྲ་ཨག་ཚོམས་སྨིན་མ་ཁམ་སེར་གྱེན་དུ་འབར་བ། སྦྲུལ་དཀར་པོས་ཐོད་དུ་བཅིངས་པ། སེར་པོས་རྣ་ཆ་དང་མགུལ་བརྒྱན་པ། ལྗང་ཁུས་ལག་གདུབ། དམར་པོས་མགུལ་རྒྱན་དང་སྐ་རགས། ནག་པོས་དོ་ཤལ་དང་རྐང་གདུབ་བྱས་པ། ཆོས་གོས་སྔོན་པོས་སྟོད་དཀྲིས་ཤིང་རུས་པའི་ཕྱག་རྒྱ་དྲུག་དང་རིན་པོ་ཆེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་བདེ་མ་སྐུ་མདོག་དམར་ལྗང་གཅེར་བུ་སྐྲ་གྲོལ་ཞིང་ཐུར་དུ་འཕྱང་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་དང་བཅས་པའི་གྲི་གུག་སྡིགས་པར་མཛད་པ། གཡོན་པ་བདུད་ལ་སོགས་པའི་ཁྲག་གིས་གང་བའི་ཐོད་པ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ་ཕྱག་རྒྱ་ལྔས་བརྒྱན་ཅིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་དབང་ཕྱུག་གི་སྟེང་དུ་བརྐྱངས་ཤིང་། གཡོན་ཡབ་དང་གཉིས་མེད་དུ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཡབ་ཡུམ་གཉིས་ཀའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས་ས་སྟེང་ས་བླ་ས་འོག་གི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་གཏུམ་པོའི་གོ་འཕང་ལ་བཀོད། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་བསྡུས་ནས་གནས་གསུམ་གྱི་ཕྱག་མཚན་ཡིག་འབྲུ་དང་བཅས་པ་ལ་ཐིམ་པ་ལས། སྤྱི་བོར་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་གཡས་འཁོར་ལོ། མགྲིན་པར་གསུང་རྡོ་རྗེ་སྐུ་མདོག་དམར་པོ་གཡས་པདྨ། སྙིང་ཁར་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་རྣམས་སྡིགས་མཛུབ་མཛད་པའོ། །མིག་ཏུ་བྷྲཱུཾ་ལས་སྤྱན་རས་གཟིགས། རྣ་བར་ཧཱུྃ་ལས་ནམ་མཁའི་སྙིང་པོ། སྣར་ཁཾ་ལས་སྒྲིབ་པ་རྣམ་སེལ། ལྕེར་ཨཾ་ལས་འཇམ་དབྱངས། དཔྲལ་བར་ཧཱུྃ་ལས་འོད་དཔག་མེད། སྙིང་ཁར་ཧཾ་ལས་ཀུན་ཏུ་བཟང་པོ། ཡབ་ཀྱི་ཐུགས་ཀར་བཛྭ་ག་previous hit རུ་ཌ་ཧཱུྃ་རྡོ་རྗེའི་ཁྱུང་སྔོན་པོ་གཡས་རྡོ་རྗེ་དང་གཡོན next hit་སྦྲུལ་སྔོ་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན། བུདྡྷ་ག་previous hit རུ་ཌ་ཨོཾ། སྤྱི་བོར་འཁོར་ལོའི་ཁྱུང་དཀར་པོ་གཡས་འཁོར་ལོ་དང་། གཡོན next hit་སྦྲུལ་དཀར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་འཁོར་ལོའི་རང་བཞིན་ཅན། པདྨ་ག་previous hit རུ་ཌ་ཨཱཿ མགྲིན་པར་པདྨའི་ཁྱུང་དམར་པོ་གཡས་པདྨ་དང་། གཡོན next hit་སྦྲུལ་དམར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་པདྨའི་རང་བཞིན་ཅན། རཏྣ་ག་previous hit རུ་ཌ་ཏྲཱྃ། ལྟེ་བར་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ་དང་། གཡོན next hit་སྦྲུལ་སེར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རིན་པོ་ཆེའི་རང་བཞིན་ཅན། ཀརྨ་ག་previous hit རུ་ཌ་ཨཱ། གསང་གནས་སུ་རལ་གྲིའི་ཁྱུང་ལྗང་ཁུ་གཡས་རལ་གྲི་དང་། གཡོན next hit་སྦྲུལ་ལྗང་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རལ་གྲིའི་རང་བཞིན་ཅན། རང་གི་སྙིང་པདྨ་འདབ་བརྒྱད་ཁ་ཕྱེ་བའི་དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་མཐིང་ནག་འབར་བའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་དང་བཅས་པ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དབང་གི་ལྷ་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་ལ། གང་གིས་འཁོར་བའི་སོགས། བསྔོ་བར་བགྱི། བར་གོང་ལྟར་ཡན་ལག་བདུན་པ་བྱས་ནས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་པོ་དེད་དཔོན་ཆེ། །འཇིག་རྟེན་ཐམས་ཅད་འདུལ་མཛད་པ། །དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །གཏུམ་པོ་དཔའ་བོ་འཇིགས་པར་བྱེད། །ཀླུ་འདུལ་གཞན་གྱིས་མི་ཐུབ་པ། །དྲག་པོ་འཇིགས་པར་བྱེད་པའི་ལྷ། །རྡོ་རྗེ་གཏུམ་པོར་ཕྱག་འཚལ་བསྟོད། །གཟུང་མ་ཡིད་འོང་རྒྱལ་བ་འདིས། །རྣམ་དག་མཆོད་ཅིང་སྡུག་བསྔལ་འཇོམས། །མ་ལུས་འགྲོ་བ་འདྲེན་པའི་དཔལ། །རྡོ་རྗེ་བདེ་མར་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །རྡོ་རྗེ་བདེ་མ་བདེ་སྟེར་མ། །རྟོག་པ་ཐམས་ཅད་གཅོད་མཛད་པའི། །ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མི་མ་ཡིན་གྱིས་འཚེ་བྱེད་པ། །འཇོམས་ཕྱིར་ཁྱུང་ཆེན་སྐུར་སྤྲུལ་ནས། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །རྣམ་རྟོག་འཇོམས་མཛད་ཐུགས་རྗེའི་བདག །སོ་སོའི་རིགས་ཀྱི་སྐུར་སྟོན་པ། །ཁྱུང་ཆེན་ལྔར་ནི་རབ་ཏུ་གྲགས། །བགེགས་རིགས་འཇོམས་ལ་ཕྱག་འཚལ་བསྟོད།། ཅེས་པས་བསྟོད། ཡིག་བརྒྱ་བརྗོད་ཅིང་། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་ཞེས་བསྟིམ་པ་ལ། ནམ་མཁར་བཞུགས་པའི་དབང་ལྷར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རིག་པའི་ལྷ་མོ་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བ་ཅུང་ཟད་ཡོ་བར་བཟུང་བ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷའི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར། ལུས་གང་། དྲི་མ་དག ཆུའི་ལྷག་མ་ཡར་འཁྱིལ་བ་ལས། ཡབ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། བཟླས་པ་ནི། རང་གི་སྙིང་ཁར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་དེའི་ཐུགས་ཀར་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། རྡོ་རྗེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ཁ་ལས་འོད་འཕྲོ་བའི་མཐའ་མར་ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄་ཀྱིས་བསྐོར་བ་སྔགས་ཀྱི་ཕྲེང་བ་སྦྲུལ་མགོ་ལངས་པ་ལྟ་བུར་བྱུང་བ། ཨ་ཝ་དྷཱུ་ཏིའི་ནང་ནས་མར་སོང་རྡོ་རྗེའི་བུ་ག་ནས་ཐོན་ཡུམ་གྱི་པདྨར་བརྒྱུད་དེ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཤིང་། སྙིང་གའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམ། སྐབས་སུ་ཧཱུྃ་དང་སྔགས་ཕྲེང་ལས་མེ་འབར་བས་ལུས་ཀྱི་ནང་གང་། བ་སྤུའི་བུ་ག་ནས་ཕྱིར་ཐོན། གདོན་བགེགས་བར་དུ་གཅོད་པ་ཐམས་ཅད་ཐུལ་ཐུལ་བསྲེགས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེའི་རང་བཞིན་ཅན་དུ་འབར་བར་བསམ་ལ། རྩ་བའི་སྙིང་པོ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཅེས་ཡི་གེ་བཅུ་པ་འབུམ་ཚོ་བཅུ་སོང་བ་དང་། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་བཛྭ་ག་རུ་ཌ་ཧཱུྃ་ཧཱུྃ་ཕཊ྄། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄། དུཥྚཾ་མཱ་ར་ཡ་སྭཱ་ཧཱ། ཞེས་འབུམ་ཚོ་བཅུའམ་རབ་འབུམ་ཚོ་སོ་དྲུག་སོང་བ་དང་། གཞན་ཡང་། བཛྭ་ག་རུ་ཌ། བུདྡྷ་ག་རུ་ཌ། པདྨ་ག་རུ་ཌ། རཏྣ་ག་རུ་ཌ། ཀརྨ་ག་རུ་ཌ། ཞེས་རིགས་ལྔའི་ཁྱུང་སོ་སོའི་སྔགས་ཁ་བསྒྱུར་ཤམ་བུ་ཅན་ཡང་སྔ་མའི་གྲངས་དང་མཉམ་པ་བཟླ་བ་ནི་གྲངས་བསྙེན་ནོ། །དུས་ཀྱི་བསྙེན་པ་ནི་ལོ་དང་ཟླ་བ་ལ་སོགས་པར་ངག་སྨྲ་བ་བཅད་དེ་བཟླའོ། །རྟགས་ཀྱི་བསྙེན་པ་ནི། རྡོ་རྗེ་དྲིལ་བུ་རྙེད་པ་དང་། མེ་ཏོག་སྔོན་པོ་འཐུ་བ་དང་། སྦྲུལ་བརྒྱད་ལུས་ལ་འཁྲིལ་བ་དང་། རང་ལུས་མེ་རུ་འབར་བ་དང་། གཏུམ་པོའི་སྐུ་གཟུགས་བཞེངས་པ་དང་། གནོད་སྦྱིན་དེད་དཔོན་བྱེད་པ་དང་། རྒྱ་མཚོ་རྐང་པས་བསྐྱོད་པ་དང་། རི་རབ་ཀླད་ལ་བསྐོར་བ་དང་། །རུས་སྦལ་ལག་གིས་འཇོམས་པ་རྣམས། །མངོན་སུམ་ཉམས་སྣང་རྨི་ལམ་ལ་སོགས་པར་བྱུང་ན་རྡོ་རྗེ་གཏུམ་པོ་འགྲུབ་པའི་རྟགས་སོ། །རབ་གཏུམ་པོ་དང་ཞལ་མཇལ་བ་དང་། འཁོར་བ་དང་གཟུང་འཛིན་ལས་བློ་ལོགས་སྟེ་བདེ་སྟོང་དབྱེར་མེད་ཀྱི་དོན་རྟོགས་པའང་འབྱུང་ངོ་། །གང་ལྟར་བསྙེན་པ་ཁོ་ནའི་ཚེ་ཉིན་བཞིན་ཐུན་བཞིའམ་གསུམ་གྱི་ཚུལ་དུ་ཉམས་སུ་ལེན་པའི་ཐུན་སོ་སོའི་མཐའ་མ་སྲོད་ཐུན་རྗེས་སུ་གཏོར་མ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྣམས། ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །དེ་རྣམས་ཀྱི་སྟེང་དུ་ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། དབུས་སུ་མུ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་ངོ་བོར་ཤར་དུ་བྷྲཱུཾ། ལྷོར་ཨཾ། ནུབ་ཏུ་ཛྭིཾ། བྱང་དུ་ཁཾ། དབུས་སུ་ཧཱུྃ། དེའི་སྟེང་དུ་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་འོད་ཟེར་འོག་ཏུ་འཕྲོས། རླུང་གི་བ་དན་ལ་ཕོག རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཀྱི་མ་དག་པ་བསྲེགས། །དག་པ་བཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུྃ་ལ་ཕོག །ཨོཾ་ལས་བདུད་རྩིའི་རྒྱུན་བབ་པ་ཐོད་པར་ལྷུང་བའི་རླངས་པ་དང་། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཐིམ་པར་གྱུར། རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐོད་པར་ལྷུང་སྟེ་ཞུ་ནས་དམ་ཚིག་གི་བདུད་རྩིར་འདྲེས་པ་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ཏེ། མདུན་དུ་སྐད་ཅིག་གིས་རྡོ་རྗེ་གཏུམ་པོ་ཡབ་ཡུམ་གསལ་བཏབ་པའི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འོད་ཀྱི་བུ་གུ་ཅན་གྱིས་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄ཿ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ྄ཿ དུཥྚཾ་མཱ་ར་ཡ་སྭཱ་ཧཱ། བ་ལིཾ་ཏ་ཨི་དཾ་གྲྀ་གྲྀ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཱུ་ཛ་ཧོཿ རཀྟ་པི་པ་ཧོཿ ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདི་ཉིད། རྡོ་རྗེ་གཏུམ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ཡོངས་སུ་བཞེས་ནས་བདག་སོགས་རྣམས་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་གནས་སྐབས་སུའང་ནད་གདོན་བགེགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་གཏོར་མགྲོན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། མདུན་བུམ་སྒྲུབ་པ་དང་འབྲེལ་ན། གཏོར་མ་བུམ་སྒྲུབ་མཐར་འབུལ་བས་འཐུས། གང་ལྟར་ཐུན་བསྡུ་བའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བརྟན་གཡོའི་ཚོགས་ཐམས་ཅད་དཔལ་གསང་བའི་བདག་པོའི་དཀྱིལ་འཁོར་ཆེན་པོར་བསྒྱུར་བ་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ། དེ་རང་ཉིད་རྡོ་རྗེ་གཏུམ་པོ་ཡབ་ཡུམ་ལ། ཡུམ་ཡབ་ལ། ཡབ་ཡེ་ཤེས་སེམས་དཔའ་དེ་ཏིང་ངེ་འཛིན་སེམས་དཔར་དེའང་ཞབས་ཀྱུ་ནས་གྱེན་རྫོགས་སུ་ཡལ་ཏེ་མཐར་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་ཞེས་མཉམ་པར་བཞག་རྗེས། ལྡང་བའི་ཚེ། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དཔལ་གསང་བའི་བདག་པོ་ཡབ་ཡུམ་གྱི་སྐུ་སྣང་སྟོང་ཟུང་འཇུག་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་སོགས་ཀྱིས་བསྔོ་སྨོན་བྱ། དེ་ནས་ཟས་ཟ་བའི་ཚེ་ཟས་རྣམས་འབྲུ་གསུམ་གྱི་བྱིན་གྱིས་བརླབས། ལྟེ་བ་རླུང་གི་དཀྱིལ་འཁོར། ཕོ་བ་མེའི་དཀྱིལ་འཁོར། སྙིང་ཁར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་གཏུམ་པོ་ཡབ་ཡུམ་དུ་བསྐྱེད། ལག་པ་ཧོམ་གཟར། ཁ་ཧོམ་ཁུང་། ཟས་སྲེག་རྫས་སུ་བསམས་ལ་སྙིང་ཁའི་ལྷ་ཚོགས་མཆོད་ཅིང་བདེ་བའི་སྒྲ་དང་བཅས་པས་མཉེས་པར་བསམ། གོས་བགོ་བའི་ཚེ། སྟོད་དུ་བགོ་བ་རྣམས་དར་སྔོན་པོའི་སྟོད་གཡོགས་དང་སྨད་དུ་དཀྲིས་པ་སྟག་ལྤགས་ཀྱི་ཤམ་ཐབས་སུ་བསམ། ཉལ་བའི་ཚེ་སྟོང་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་འོད་གསལ་ཆོས་སྐུའི་ངང་ལ་ཉལ། ལྡང་བའི་ཚེ་སྣང་སྟོང་ཟུང་འཇུག་སྤྲུལ་པའི་སྐུར་ལྡང་བར་བྱའོ། །མདོར་ན་སྤྱོད་ལམ་ཐམས་ཅད་དུ་སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་ཀྱི་རྣལ་འབྱོར་དང་རྒྱུན་དུ་མ་བྲལ་བར་བྱའོ། །དམ་ཚིག་ཏུ་རྡོ་རྗེ་དྲིལ་བུ་ལ་མི་འགོང་ཞིང་རྟག་ཏུ་བཅང་། མེ་ཏོག་སྔོན་པོ་ལ་མི་འགོང་། ཁྱུང་གི་དམ་ཚིག་ཏུ་བྱ་ཤ་དང་སྒོ་ང་མི་ཟ། མི་གཙང་བ་ལ་འཛེམ། མ་འགྲུབ་བར་དུ།་རྟ་དང་མི་ཤ་མི་ཟ། ཀླུ་གཏོར་རྒྱུན་དུ་གཏོང་བར་བྱའོ། །དེ་ལྟར་རྡོ་རྗེ་གཏུམ་པོ་བསྒྲུབས་པས་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། གསང་བ་བསྟན་པ་ལས། རྡོ་རྗེ་འཛིན་པའི་སྐུ་ཐོབ་པ། །ཚེ་གཅིག་ཉིད་ལ་འགྱུར་བ་ཡིན། །རྟག་ཏུ་གོམས་པའི་སྦྱོར་བ་ཡིས། །ས་སོགས་འཇིག་རྟེན་མ་ལུས་ཀུན། །སྐད་ཅིག་ཉིད་ལ་དབང་དུ་འགྱུར། །གཙུག་ན་རིན་ཆེན་ལ་སོགས་པའི། །གདུག་པ་ཅན་རྣམས་སྙིང་ཡང་འབྱིན། །དགའ་བོ་ལ་སོགས་ཀླུ་ཆེན་རྣམས། །རྟག་ཏུ་དེ་ལ་འདུད་པར་འགྱུར། །ནད་ཀྱི་རིགས་ཀུན་མ་ལུས་འཇོམས། །གནོད་སྦྱིན་མ་ལུས་བཀའ་ཉན་ཅིང་། །ལྷ་སྲིན་མ་ལུས་བྲན་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། མདུན་དཀྱིལ་སྒྲུབ་པ་དང་། བུམ་སྒྲུབ་གཉིས་ལས། དང་པོ་ནི། བདག་བསྐྱེད་བཟླས་པ་ཡན་གྲུབ་པ་དང་། མདུན་གྱི་རྡུལ་ཚོན་ནམ་རས་བྲིས། ཚོམ་བུ། སྐུ་གསུང་ཐུགས་རྟེན། གཏོར་མ་བཅས། ཨོཾ་བཛྭ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་སོགས། དེ་གཉིས་ཁ་སྦྱར་གྱི་བར་དུ་རང་གི་ཐུགས་ཀ་ནས་སྤྲོས་པའི་ཧཱུྃ་ཡིག་སྔོན་པོ་སོགས། དེ་ཉིད་འོད་དུ་ཞུ་བ་ལས་དཔལ་རྡོ་རྗེ་གཏུམ་པོ་ནས་དབུ་བརྒྱན་པར་གྱུར་བར་བདག་བསྐྱེད་བཞིན་ལ། ཡིད་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས། ཧཱུྃ། ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེའི་གསང་བ་ལས་འཐོན་པའི། །འདོད་དགུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བདུད་རྩི་ལྔ་དང་ཤ་ལྔ་རེ་རེ་ཡང་། །ཀུན་ནས་དགྱེས་དགུ་ཀུན་ཏུ་སྤྲུལ་པས་མཆོད། །བཞིན་མཛེས་མེ་ཏོག་དྲི་ཞིམ་བདུག་པའི་སྤོས། །ཆགས་པའི་སྒྲོན་མ་དྲོད་ཀྱིས་རྡུལ་བའི་ཆབ། །མ་མཆུའི་སྦྲང་རྩི་ངོམས་མེད་བདེ་བའི་རོ། །འདོད་པའི་སྙིང་པོར་རྗེས་སུ་ཆགས་པས་མཆོད། །མ་རིག་གིས་རྨོངས་འཁོར་བར་རེངས་པའི་འགྲོ། །སྡིག་པས་སྨྱོས་པར་གྱུར་པའི་མ་རུངས་པ། །སྙིང་རྗེའི་ཁྲོས་པས་ཆོས་དབྱིངས་བསྒྲལ་བའི་བཾ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ་བར་བགྱི།། ཞེས་མཆོད། ཧཱུྃ། དུས་གསུམ་བདེ་གཤེགས་སོགས་ཀྱིས་གོང་གི་བདག་བསྐྱེད་ལྟར་བསྟོད། མདུན་བསྐྱེད་ལྷའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའི་སོགས། དམིགས་ལ་རྩ་སྔགས་དང་ཁྱུང་ཤམ་ཅན་སྔགས་སོ་སོར་ཅི་ནུས་བཟླས། གཉིས་པ་ནི། བུམ་པ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་། བདུད་རྩིའི་རྒྱ་མཚོའི་དབུས། སྣ་ཚོགས་པདྨ་དང་ཟླ་ཉིའི་གདན་གྱི་སྟེང་དུ། དཔལ་རྡོ་རྗེ་གཏུམ་པོ་སོགས་གོང་ལྟར། བཛྭ་ས་མ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་དང་། ནམ་མཁར་བཞུགས་པའི་དབང་ལྷར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བུམ་བསྐྱེད་ལ་དབང་བསྐུར་དུ་གསོལ་སོགས་དབུ་བརྒྱན་པར་གྱུར་བར། དེ་ནས། ཧཱུྃ། ཀུན་ཏུ་བཟང་པོས་སོགས་མདུན་བསྐྱེད་ལྟར་མཆོད་ཅིང་བསྟོད་རྗེས། གཟུངས་ཐག་བླངས་ལ། བུམ་ལྷའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་པདྨ་འདབ་བཞིའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ཁ་འོད་འཕྲོ་བའི་མཐའ་མར་ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄་ཀྱིས་བསྐོར་བར་གསལ་བ་དང་། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་ནས་སོང་བས། བུམ་ལྷའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པར་ཕོག་པས་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། ཧཱུྃ་སྔགས་ཕྲེང་བཅས་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་། རྡོ་རྗེ་གཏུམ་པོའི་སྐུར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་ནུས་བསྡུས་ཏེ་ཐིམ་པས་སྔགས་ཕྲེང་དང་། སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། རྩ་བསྙེན་དང་། ཁྱུང་ཤམ་སྔགས་བཅས་ཅི་ནུས་སུ་བཟླས། དབང་བསྐུར་བྱེད་ན་བུམ་ལྷ་དེ་གར་བཞག་ལ་རྗེས་ཆོག་སྐབས་བསྡུ་བས་ཆོག དེ་ནས་ལས་བུམ་དུ་གཟུངས་ཐག་སྤོས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་བུམ་པར་པད་ཉིའི་སྟེང་དུ་ཧཱུྃ་ལས་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་གཡས་ཐོད་དབྱུག་དང་། གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་ལྗང་གུའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་བཟླས་པས་ཐུགས་རྒྱུད་བསྐུལ་བར་གྱུར། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཅེས་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅིག ལྷ་འོད་དུ་ཞུ་ནས་དག་བྱེད་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་མོས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་འཐོར་རོ།། དེ་ནས་གཏོར་མ་གོང་བསྙེན་དུས་སུ་བཤད་པ་བཞིན། བསངས་སྦྱངས། སྟོང་པའི་ངང་ལས་སོགས། ཨོཾ་ཨཱཿཧཱུྃ། ལན་གསུམ། རྡོ་རྗེ་གཏུམ་པོའི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འོད་ཀྱི་བུ་གུ་ཅན་གྱིས་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄ཿ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ྄ཿ དུཥྚཾ་མཱ་ར་ཡ་སྭཱ་ཧཱ་བ་ལིཾ་ཏ་ཨི་དཾ་གྲྀ་གྲྀ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཱུ་ཛ་ཧོཿ རཀྟ་པི་པ་ཧོཿ ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདི་ཉིད། རྡོ་རྗེ་གཏུམ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ཡོངས་སུ་བཞེས་ནས་བདག་སོགས་རྣམས་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་གནས་སྐབས་སུའང་ནད་གདོན་བགེགས་ཐམས་ཅད་ཞི་ཞིང་མཐུན་རྐྱེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཕྲིན་ལས་གསོལ། གཞན་ལ་དབང་བསྐུར་བའམ་བདག་དོན་བྱིན་རླབས་ཀྱི་ཆེད་དུ་བདག་འཇུག་ལེན་ན། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་བསྟིམ། དེའི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་ཁྲོ་བོས་སློབ་དཔོན་གྱི་བྱ་བ་རྣམས་མཛད་པར་མོས་པས། འོག་ནས་འབྱུང་བའི་དབང་རྣམས་མཚམས་སྦྱོར་དོར་བ་སོགས་རྒྱས་བསྡུས་སྐབས་ཕྱེད་པར་བྱས་ཏེ་རྫོགས་པར་བླངས་ལ། སློབ་མ་རྗེས་སུ་འཛིན་པའི་ཚེ། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་རབ་རྫོགས་མཛོད།། ཅེས་བརྗོད། བསྡུ་ན་ཏིང་ངེ་འཛིན་གྱི་དབང་ལེན་ཏེ། གཉིས་འཛིན་རྟོག་པའི་ཆོས་ལས་གྲོལ། །རང་དང་དབྱེར་མེད་ལྷན་ཅིག་སྐྱེས། །འཕོ་མེད་བདེ་ཆེན་ཡེ་ཤེས་ཀྱི། །རྡོ་རྗེའི་གསང་གསུམ་འདུ་འབྲལ་མེད། །བྱིན་རླབས་རྩལ་ཆེན་རབ་རྫོགས་པས། །འབྲེལ་ཚད་སྨིན་གྲོལ་དབང་ཐོབ་ཤོག། ཅེས་ལྷ་དང་རང་སེམས་དབྱེར་མེད་པའི་ལྟ་བའི་ངང་དུ་མཉམ་པར་བཞག་གོ །གསུམ་པ་གཞན་དོན་སློབ་མ་རྗེས་འཛིན་ལ། སློབ་མ་རྣམས་ཕྱི་རོལ་སྒོ་དྲུང་དུ་ལས་བུམ་གྱིས་ཁྲུས་བྱས་ཏེ་གྲལ་དུ་བཀོད། བགེགས་གཏོར་ཆབ་ཀྱིས་བྲན། ཨོཾ་སྭ་བྷཱ་ཝ་སོགས་ཤུདྡྷཱོཧཾ། གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ཞུ་བ་ལས་གཏོར་མ་འདོད་ཡོན་ལྔ་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་འདི་ཉིད་ཕྱག་ན་རྡོ་རྗེའི་རྗེས་གནང་གི་རིམ་པ་བགྱིད་པ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་གདོན་བགེགས་ཐམས་ཅད་ལ་སྦྱིན་ནོ། །འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག། ཅེས་ཡུངས་ཀར་གྱིས་བྲབ་ལ་འདྲེ་འཇིགས་བདུག རྡོ་རྗེ་གསོར་ཞིང་དྲིལ་བུ་དྲག་ཏུ་དཀྲོལ་ལ། སུམྦྷ་ནིའི་སྔགས་བརྗོད་པས་བསྐྲད། རྡོ་རྗེ་འཕྱར་ལ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་མདའི་དྲ་བ། ཕྱི་རོལ་མེ་ཁ་དོག་ལྔ་རབ་ཏུ་འབར་བས་བསྐོར་བར་གྱུར། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ལན་གསུམ་བརྗོད་པས་སྲུང་འཁོར་བསྒོམ། མཎྜྻལ་མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པའི་ཆེད་དུ་སྲིད་ཞིའི་མཐའ་ལས་འདས་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོའི་གོ་འཕང་བླ་ན་མེད་པ་འཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ནས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་སྟེ་གསན་པར་འཚལ། དེའང་སྤྱིར་རིགས་ཐམས་ཅད་ཀྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་མི་བསྐྱོད་པ་སོགས་ཞི་བ་དང་། བཛྭ་ཧེ་རུ་ཀ་སོགས་ཁྲོ་བོའི་སྒྱུ་འཕྲུལ་རྣམ་པར་རོལ་པའི་དཀྱིལ་འཁོར་འཁོར་ལོའི་ཚོམ་བུ་མཐའ་ཡས་པར་སྤྲོ་ཞིང་། གང་འདུལ་དེར་སྟོན་གྱི་སྤྲིན་རྒྱ་མཚོས་ཆོས་དབྱིངས་ཁམས་ཀུན་རྒྱས་པར་གཏམས་པས་འགྲོ་བའི་དོན་མཛད་པ་ལས། ཕྱོགས་རེའི་སྣང་ཚུལ་ཙམ་དུའང་དཔལ་ཕྱག་ན་རྡོ་རྗེ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་ཤིང་། གདུག་པའི་ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་པར་མཛད་པ་དང་། རྒྱལ་བ་རྣམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛོད་འཛིན་པའི་བདག་པོར་སྨོན་ལམ་བཏབ་ཅིང་དབང་བསྐུར་བས། སངས་རྒྱས་སྲས་དང་སློབ་མར་བཅས་པའི་ཕྱི་ནང་གསང་བའི་བར་ཆད་སྲུང་བ་དང་། ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་སྡུད་ཅིང་འཛིན་པ་པོར་གྱུར་པས་གསང་སྔགས་རྒྱུད་སྡེ་བཞི་ཀ་ནས་བསྟན་པའི་རྒྱུད་དང་། དེའི་རྗེས་སུ་འབྲང་བའི་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། བོད་ཡུལ་གངས་ཅན་གྱི་ལྗོངས་སུ་ཕྱག་ན་རྡོ་རྗེ་ཆེ་བ་དགུ་རུ་གྲགས་པ་ཤིན་ཏུ་དར་ཞིང་བྱིན་རླབས་བཀའ་བབ་མཆོག་དང་ལྡན་པར་གྱུར་པའི་ནང་ཚན། གཏུམ་པོ་ཁྱུང་གི་ཆེ་བ་ཞེས་སམ། རས་ཆུང་ཞབས་ཀྱི་མན་ངག་ཤམ་བུ་ཅན་བཅོ་བརྒྱད་ལས་ཕྱག་རྡོར་ཁྱུང་ཤམ་ཅན། དཔལ་འབྲུག་པའི་སྒྲུབ་ཐབས་སྐོར་ལྔ་ལས་གཏུམ་པོ་ནུས་མཐུའི་སྐོར་ཞེས་གྲགས་པ་སྟེ། དེའང་དཔལ་གསང་བ་མངོན་པར་བསྟན་པ་ཞེས་པའི་རྒྱུད་ཆེན་པོའི་དགོངས་པའི་མཐིལ། རྒྱ་གཞུང་སློབ་དཔོན་ལས་ཀྱི་རྡོ་རྗེས་གསལ་བར་མཛད་པ་ཡིན་ལ། དང་པོ་རྒྱུད་ཆེན་པོ་འདི་འཛམ་བུའི་གླིང་འདིར་སྤྱོད་ཡུལ་དུ་བྱས་ཆོག་པ་ནི། སློབ་དཔོན་ཆེན་པོ་དུས་ཞབས་པ་ཆེ་བའམ། ཙི་ལུ་པ་སྟེ། ཁོང་ཕྱག་ན་རྡོ་རྗེའི་སྤྲུལ་པའི་དགེ་སློང་ཞིག་གིས་ཁྲིད་དེ་བྱང་ཕྱོགས་ལྕང་ལོ་ཅན་དུ་ཕྱིན། ཉི་མ་བརྩེགས་པའི་ཁང་པ་ན་ཕྱག་ན་རྡོ་རྗེ་དང་མཇལ་ཏེ་དབང་བསྐུར། རྒྱུད་འདི་སོགས་ཕྱག་རྡོར་གྱི་རྒྱུད་མང་པོ་གནང་ཞིང་བྱིན་གྱིས་བརླབས་པས་གྲུབ་པ་མཆོག་བརྙེས་ནས། འཕགས་པའི་ཡུལ་དུ་སླར་ཕེབས་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང་བ་ལས། སློབ་དཔོན་ལས་ཀྱི་རྡོ་རྗེའམ། བླ་མ་ནགས་ཁྲོད་པར་གྲགས་པ་ལ་ཕྱག་ན་རྡོ་རྗེའི་མན་ངག་རྣམས་གནང་ཞིང་དེས་ཀྱང་བསྒྲུབས་པས་གྲུབ། དབང་ཞུ་དུས་དབང་རྟགས་སུ་ཤིང་ཤིར་ཤ་ཀའི་རྡོ་རྗེ་ཞིག་གནང་བ་དེས་མཐའི་དམག་དཔུང་བཟློག་པ་སོགས་ལས་ཀུན་མཛད་པས་ལས་ཀྱི་རྡོ་རྗེ་ཞེས་པར་མཚན་ཆགས། རྒྱུད་གསང་བ་བསྟན་པའི་དགོངས་དོན་བསྡེབས་ནས་ཕྱི་ནང་གསང་བའི་སྒྲུབ་ཐབས། རིགས་ཀྱི་ཁྲོ་བོ་ཕོ་ཉ་འཁོར་སྒྲུབ་པ་ལ་སོགས་པ་མན་ངག་ཡི་གེར་བཀོད་དེ། བྲམ་ཟེའི་རྣལ་འབྱོར་པ་ཐང་ཤིང་གི་སྟེང་དུ་ལོ་གསུམ་སྒོམ་པ་ཕྱག་ན་རྡོ་རྗེའི་གྲུབ་པ་ཐོབ་པ་ཞིག་ལ་གནང་། དེས་རིགས་ངན་གྱི་རྣལ་འབྱོར་པ་ཤིང་པ་ལ་ཤའི་ལོ་མས་འདོམ་དཀྲིས་བྱས་པ། དཔལ་སྒྱུ་མ་ཆེན་པོའི་གྲུབ་པ་བརྙེས་པ་གཅིག་ལ་གནང་། དེས་ཡུལ་དབུས་བྷེ་ར་བའི་རྗེ་བཙུན་ཀརྞ་རི་པ་བྱ་བར་གནང་། དེས་རང་གི་སྲིང་མོའི་བུ་ཝ་ལ་ཙནྡྲ་ལ་དབང་བསྐུར། རྒྱུད་བཤད་མན་ངག་ཚང་བར་གནང་བ། གླན་ལོ་ཙཱ་བ་དར་མ་ཚུལ་ཁྲིམས་ཀྱིས་ཞུས་ཏེ་གཞུང་མན་ངག་ཕལ་ཆེར་བསྒྱུར། དེ་ལས་རྗེ་བཙུན་མི་ལ་སྐུ་གཞོན་དུས་གསན་པར་ཞང་ཚུལ་གཞོན་གྱིས་ཞུས་ཏེ་རྗེ་བཙུན་གྱི་མན་ངག་ཞལ་ཤེས་དག་ཀྱང་དཔེར་བཀོད་པ་དང་། ཡང་རྗེ་རས་ཆུང་པ་སྐུ་ན་ཕྲ་མོའི་དུས་བྱིས་པ་ཟླ་བོ་ཁ་ཤས་མཉམ་ཀླུ་དྲག་པོ་གནས་སར་ཁྱི་གུའི་རོས་དམར་ཐབ་བཏང་བས། བསྙུང་མཛེ་དྲག་པོས་ཟིན་པ་ཅིས་ཀྱང་དྲག་ཏུ་མ་བཏུབ་པ། རྒྱ་གར་གྱི་ཨ་ཙ་ར་མི་གསུམ་བྱུང་བ་དང་ཕྲད་པས་བསྐུལ་ཏེ། འཕགས་ཡུལ་དུ་བླ་མ་ཝ་ལ་ཙནྡྲ་མཇལ་དུ་ཕེབས། གསེར་འགའ་ཡོད་པ་ཕུལ་བས་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། འདིའི་གདམས་སྐོར་རྣམས་གནང་བ་གསན་ཏེ་བསྒྲུབས་པས་གྲུབ་པ་བརྙེས་ཤིང་བསྙུང་མཛེ་གཞི་མེད་དུ་སངས། བོད་དུ་ཕེབས་ནས་བསྐྱེད་རིམ་གྱི་མན་ངག་རྒྱས་པ་སྐོར་རྗེ་བཙུན་མི་ལ་ལས་གསན་ཏེ་གདམས་པ་ཡོངས་སུ་རྫོགས་པར་གྱུར་པ་འདི་ལ། སྒྲུབ་ཐབས་དཀྱིལ་འཁོར་དུ་བྱས་པ། ཕྱི་སྒྲུབ་ལྷ་ལྔ། ནང་སྒྲུབ་ལྷ་བཅུ་གསུམ། གསང་སྒྲུབ་ལྷ་ཉེར་གཅིག་པ་སོགས་དང་། དཀྱིལ་འཁོར་དུ་མ་བྱས་པ། དཔའ་གཅིག་ཁྱུང་ལྔ་པ་དང་། མེ་འབར་མའི་སྐོར་སོགས་བཞུགས་པ་ལས། འདིར་དཔའ་བོ་གཅིག་པ་གཏུམ་པོ་ཁྱུང་ལྔའི་རྒྱན་ལྷ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྗེས་གནང་འདིའི་བརྒྱུད་པ་ནི། རས་ཆུང་པ་ནས་རྒྱལ་བ་ལོ་དང་སུམ་པ་དེ་གཉིས་ཀྱིས་གྲུབ་ཐོབ་གླིང་། དེས་ཆོས་རྗེ་གཙང་པ་རྒྱ་རས། དབོན་རས་དར་མ་སེངྒེ། གཞོན་ནུ་སེངྒེ། ཉི་མ་སེངྒེ། རྡོར་གླིང་པ། སྤོས་སྐྱ་པ། དྲིན་ཆེན་བཅུ་གསུམ་པ། ཀུན་དགའ་སེངྒེ། བསམ་རྒྱལ་ཁ་ཆེ། བློ་གྲོས་སེངྒེ། ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། ཤེས་རབ་བཟང་པོ། རྒྱལ་དབང་རྗེ། ངག་དབང་ཆོས་རྒྱལ། གཅུང་ངག་གི་དབང་པོ། མཐུ་ཆེན་ཆོས་ཀྱི་མགོན་པོ། གཉིས་ཀ་ལས། ཀུན་མཁྱེན་པདྨ་དཀར་པོ། ལྷ་རྩེ་བ་ངག་དབང་བཟང་པོ། དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། ཆོས་ཀྱི་དབང་ཕྱུག མདོ་ཁམས་པ་ཀུན་དགའ་བསྟན་འཛིན། བླ་མ་ཆོས་རྒྱལ་རྒྱ་མཚོ། ཡོངས་འཛིན་འཇམ་དཔལ་དཔའ་བོ། ཀུན་གཟིགས་ཆོས་སྣང་། ཡེ་ཤེས་གྲུབ་པ། འཇིགས་མེད་མི་འགྱུར་དབང་རྒྱལ། ཤེས་བྱ་ཀུན་མཁྱེན་ནས་འདྲེན་མཆོག་ཤེས་རབ་དཔལ་བཟང་དང་། མདོ་ཁམས་དྲུག་པ་བསྟན་པའི་ཉི་མ། གཉིས་ཀས་རྡོ་རྗེ་འཛིན་པ་རིན་པོ་ཆེ་མཐུ་ཆེན་ཆོས་ཀྱི་རྒྱ་མཚོ་སྟེ། དམ་པ་དེ་ཉིད་ཀྱི་བཀའ་དྲིན་ལས་བདག་ལ་ལེགས་པར་ཐོབ་པ་ལགས། དེ་ལྟ་བུའི་བཀའ་སྲོལ་ཁྱད་པར་བ་ལས་བྱུང་བའི་རྗེས་སུ་གནང་བ་བགྱིད་པ་ལ་ཐོག་མར་བླ་མ་དང་དཔལ་རྡོ་རྗེ་གཏུམ་པོ་ཡབ་ཡུམ་དབྱེར་མ་མཆིས་པའི་སྤྱན་སྔར་རྗེས་གནང་ཟབ་མོ་ཞུ་བའི་སླད་དུ་མཎྜྻལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ། མཎྜྻལ་ཕུལ། བླ་མ་གསང་བདག་རྡོ་རྗེ་གཏུམ་པོའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་མཆོག་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ།། ལན་གསུམ། དེ་ནས་ཡང་གསང་བ་སྤྱི་རྒྱུད་ལས། དང་པོར་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མེད་བྱང་ཆུབ་སེམས། །མ་སྐྱེད་པ་རྣམས་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་པར་བྱ། །ཞེས་གསུངས་པས། འོ་སྐོལ་རྣམས་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་དཔུང་གཉེན་ནི་དཀོན་མཆོག་གསུམ་ཁོ་ནར་ངེས་ལ། དེ་ཡང་རང་ཉིད་གཅིག་པུའི་ཆེད་དུ་མ་ཡིན་པར་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་ཤེས་པའི་ངེས་པས་དྲངས་ནས་ཐེག་པ་ཆེན་པོའི་སྐྱབས་འགྲོ་དང་རྗེས་སུ་འབྲེལ་བའི་སེམས་བསྐྱེད་ལ་འབད་དགོས་པས། དེའི་སླད་དུ་དཀྱིལ་འཁོར་གྱི་དབུས་འདི་ན་བླ་མ་དང་དབྱེར་མ་མཆིས་པའི། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་རྒྱན་ལྷ་དང་བཅས་པ་མངོན་སུམ་དུ་བཞུགས་པར་གསལ་བཏབ་པའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་མཐའ་སྐོར་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས་རྒྱུད་སྡེ་བཞི་ནས་གསུངས་པའི་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་བཞིན་དུ་བཞུགས་པའི་སྤྱན་སྔར་ལམ་ལོག་པ་ལས་ཁྱད་པར་དུ་གྱུར་པའི་སྐྱབས་འགྲོ་དང་། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་སེམས་བསྐྱེད་ཀྱི་སྡོམ་པ་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་ལན་གསུམ་གྱིས་སྐྱབས་སེམས་སྡོམ་པ་བླངས། དེ་ནས་དབང་གི་གཞི་ཡེ་ཤེས་པ་དབབ་ཅིང་། སྐུའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། ལས་སྒྲོས་བུམ་ཆུ་འཐོར་ཞིང་། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཁྱེད་རང་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རེ་རེ་བཞིན་སྣ་ཚོགས་རྡོ་རྗེའི་ལྟེ་བར་པདྨ་ཟླ་ཉི་བརྩེགས་པའི་གདན་ལ་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོ་དང་ཨ་དམར་པོ་གཉིས་སུ་གྱུར་པ་འོད་དུ་ཞུ་བ་ལས་དཔལ་རྡོ་རྗེ་གཏུམ་པོ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་གི་པགས་པའི་ཤམ་ཐབས་ཅན་པདྨ་ཟླ་བ་ཉི་མའི་གདན་ལ་ཞབས་གཡོན་བརྐྱངས་བས་དབང་ཕྱུག་ཆེན་པོ་ཁ་དོག་སྔོན་པོ་མནན་པ། གཡས་བསྐུམས་པས་ཨུ་མ་དེ་ཝི་ཁ་དོག་དམར་པོ་མནན་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་མེ་སྟག་གི་ཕུང་པོ་ལྟར་དམར་བ། དབུ་སྐྲ་ཨག་ཚོམས་སྨིན་མ་ཁམས་སེར་གྱེན་དུ་འབར་བ། སྦྲུལ་དཀར་པོས་ཐོད་དུ་བཅིངས་པ། སེར་པོས་རྣ་ཆ་དང་མགུལ་བརྒྱན་པ། ལྗང་གུས་ལག་གདུབ། དམར་པོས་མགུལ་རྒྱན་དང་སྐ་རགས། ནག་པོས་དོ་ཤལ་དང་རྐང་གདུབ་བྱས་པ། ཆོས་གོས་སྔོན་པོས་སྟོད་དཀྲིས་ཤིང་རུས་པའི་ཕྱག་རྒྱ་དྲུག་དང་རིན་པོ་ཆེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་བདེ་མ་སྐུ་མདོག་དམར་ལྗང་གཅེར་བུ་སྐྲ་གྲོལ་ཞིང་ཐུར་དུ་འཕྱང་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་དང་བཅས་པའི་གྲི་གུག་སྡིགས་པར་མཛད་པ། གཡོན་པ་བདུད་ལ་སོགས་པའི་ཁྲག་གིས་གང་བའི་ཐོད་པ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་དབང་ཕྱུག་གི་སྟེང་དུ་བརྐྱངས་ཤིང་། གཡོན་ཡབ་དང་གཉིས་མེད་དུ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཡབ་ཡུམ་གཉིས་ཀའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས་ས་སྟེང་ས་བླ་ས་འོག་གི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་གཏུམ་པོའི་གོ་འཕང་ལ་བཀོད། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་བསྡུས་ནས་གནས་གསུམ་གྱི་ཕྱག་མཚན་ཡིག་འབྲུ་དང་བཅས་པ་ལ་ཐིམ་པ་ལས། སྤྱི་བོར་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་གཡས་འཁོར་ལོ། །མགྲིན་པར་གསུང་རྡོ་རྗེ་སྐུ་མདོག་དམར་པོ་གཡས་པདྨ། སྙིང་ཁར་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་རྣམས་སྡིགས་མཛུབ་མཛད་པའོ། །མིག་ཏུ་བྲུཾ་ལས་སྤྱན་རས་གཟིགས། རྣ་བར་ཧཱུྃ་ལས་ནམ་མཁའི་སྙིང་པོ། སྣར་ཁཾ་ལས་སྒྲིབ་པ་རྣམ་སེལ། ལྕེར་ཨཾ་ལས་འཇམ་དབྱངས། དཔྲལ་བར་ཧཱུྃ་ལས་འོད་དཔག་མེད། སྙིང་ཁར་ཧཾ་ལས་ཀུན་ཏུ་བཟང་པོ། ཡབ་ཀྱི་ཐུགས་ཀར་བཛྭ་ག་previous hit རུ་ཌ་ཧཱུྃ་རྡོ་རྗེའི་ཁྱུང་སྔོན་པོ་གཡས་རྡོ་རྗེ་དང་གཡོན next hit་སྦྲུལ་སྔོ་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན། བུདྡྷ་ག་previous hit རུ་ཌ་ཨོཾ། སྤྱི་བོར་འཁོར་ལོའི་ཁྱུང་དཀར་པོ་གཡས་འཁོར་ལོ་དང་། གཡོན next hit་སྦྲུལ་དཀར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་འཁོར་ལོའི་རང་བཞིན་ཅན། པདྨ་ག་previous hit རུ་ཌ་སྲཱིཿ མགྲིན་པར་པདྨའི་ཁྱུང་དམར་པོ་གཡས་པདྨ་དང་། གཡོན next hit་སྦྲུལ་དམར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་པདྨའི་རང་བཞིན་ཅན། རཏྣ་ག་previous hit རུ་ཌ་ཏྲཱྃ། ལྟེ་བར་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ་དང་། གཡོན next hit་སྦྲུལ་སེར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རིན་པོ་ཆེའི་རང་བཞིན་ཅན། ཀརྨ་ག་previous hit རུ་ཌ་ཨཱ། གསང་གནས་སུ་རལ་གྲིའི་ཁྱུང་ལྗང་ཁུ་གཡས་རལ་གྲི་དང་། གཡོན ་སྦྲུལ་ལྗང་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རལ་གྲིའི་རང་བཞིན་ཅན། སྙིང་པདྨ་འདབ་བརྒྱད་ཁ་ཕྱེ་བའི་དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་མཐིང་ནག་འབར་བའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་དང་བཅས་པར་གསལ་ཐོབ་མཛོད། ཁྱེད་རང་རྣམས་ཀྱིས་མདུན་གྱི་དབང་རྫས་གཏོར་མར་བཅས་པའང་ཡི་དམ་ཕྱག་ན་རྡོ་རྗེ་ཡབ་ཡུམ་རྒྱན་ལྷ་ཁྱུང་ལྔར་བཅས་པ་མངོན་སུམ་གསལ་རྫོགས་སུ་ཁྲ་ལམ་མེར་བཞུགས་པའི་མོས་འདུན་དང་། སློབ་དཔོན་ཡང་དཔལ་གསང་བའི་བདག་པོ་དངོས་སུ་གསལ་བཞིན་པར་མོས་གུས་ཀྱིས་གསོལ་བ་བཏབ་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མ་ལྷར་གསལ་བའི་ཐུགས་སྲོག་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས། ཕྱོགས་བཅུའི་ཞིང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐུའི་རྣམ་པར་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ། སྟེང་ནས་ཆར་འབབ་པ་ལྟ་བུ། འོག་ནས་ས་རླངས་འཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབ་པ་ལྟ་བུ། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བར་བྱོན་ནས་ཁྱེད་རང་རྣམས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་གསལ་བའི་སྐུ་ལ་མཚོ་ལ་ཆར་འབབ་པ་ལྟ་བུ་ཐིམ་པས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་མ་བཅོས་པར་ལྷོད་ལ་ཞོག་ཅིག། སྤོས་རོལ་བྱ་ཞིང་གཏོར་མ་སྤྱི་བོར་བཞག ཨོཾ་བཛྭ་ཙཎྜྻ་སོགས་སྙིང་པོའི་མཐར་ཨཱ་བེ་ཤ་ཡ་ཨ་ཨ་ཞེས་བཏགས་པ་བརྗོད། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། གཏོར་མའི་ལྷར་ཕོག་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་ཀྱི་ཁྱུང་ཆེན་རིགས་ལྔའི་རྣམ་པ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བར་བྱོན་པ་དང་། མདུན་བསྐྱེད་ལྷའི་གནས་ལྔའི་ཁྱུང་སོ་སོ་ལས་རང་འདྲའི་སྐུ་སྤྲུལ་པ་རྣམས་བྱོན་ཏེ་ཁྱེད་རྣམས་ལྷར་གསལ་བའི་གནས་ལྔའི་ཁྱུང་སོ་སོར་རིམ་པ་བཞིན་ཐིམ་པའི་མོས་པ་གྱིས་བྱས་ལ། འཁོར་ལོའི་ཁྱུང་དཀར་པོའི་ཙཀླི་སྤྱི་བོར་བཞག་ཅིང་། ཨོཾ། རྟག་པའི་རིགས་ཆེན་འཁོར་ལོའི་ཁྱུང་། །དཀར་པོ་འཁོར་ལོ་སྦྲུལ་དཀར་འཛིན། །ཁ་རླངས་དུག་ཅན་རྗེ་རིགས་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་བུདྡྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄། ཛཿཧཱུྃ་བྃ་ཧོ་སརྦ་དུཥྚཾ་མཱ་ར་ཡ་ཕཊ྄། ཅེས་བརྗོད་ཅིང་དབང་བསྐུར། པདྨའི་ཁྱུང་དམར་ཙཀླི་མགྲིན་པར་བཞག་སྟེ། སྲཱིཿ རྟ་མཆོག་རིགས་ཆེན་པདྨའི་ཁྱུང་། །དམར་པོ་ཆུ་སྐྱེས་སྦྲུལ་དམར་འཛིན། །བསམ་པའི་དུག་ཅན་བྲམ་ཟེའི་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་པདྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་སོགས། རྡོ་རྗེའི་ཁྱུང་མཐིང་ཙཀླི་སྙིང་གར་བཞག་སྟེ། ཧཱུྃ། མི་བསྐྱོད་རིགས་ཆེན་རྡོ་རྗེའི་ཁྱུང་། །མཐིང་ཀ་རྡོ་རྗེ་སྦྲུལ་སྔོན་འཛིན། །རང་བཞིན་དུག་ཅན་གདོལ་པའི་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་བཛྭ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་སོགས། རིན་ཆེན་ཁྱུང་སེར་པོའི་ཙཀླི་ལྟེ་བར་བཞག་སྟེ། ཏྲཱྃཿ ཉི་མའི་རིགས་ཆེན་རིན་ཆེན་ཁྱུང་། །སེར་པོ་ནོར་བུ་སྦྲུལ་སེར་འཛིན། །མཐོང་བའི་དུག་ཅན་རྒྱལ་རིགས་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་རཏྣ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་སོགས། རལ་གྲིའི་ཁྱུང་ལྗང་གུའི་ཙཀླི་གསང་བར་བཞག་སྟེ། ཨཱཿ དོན་ཡོད་རིགས་ཆེན་ལས་ཀྱི་ཁྱུང་། །ལྗང་ཁུ་རལ་གྲི་སྦྲུལ་ལྗང་འཛིན། །རེག་པའི་དུག་ཅན་དམངས་རིགས་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་ཀརྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་སོགས། དེ་ལྟར་ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་བྱིན་རླབས་རྒྱུད་ལ་ཞུགས་པས། མ་རིག་དུག་ལྔའི་འཁྲུལ་སྣང་ལས་ཤར་བའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ས་བདག་ཀླུ་གཉན། བར་གདོན་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་དང་། ནད་གདོན་བར་ཆད་རྐྱེན་ངན་མི་མཐུན་ཕྱོགས་ཚར་བཅད་དེ། དུག་ལྔ་རྣམ་དག་ཡེ་ཤེས་རྣམ་པ་ལྔའི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་བྱས་པའི་མོས་པ་མཛོད་ཅིག དེ་ནས་སླར་ཡང་བརྟན་བྱེད་ཆུའི་དབང་བསྐུར་བ་ལ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་གྱིས། ཕྱོགས་བཅུའི་ཞིང་ནས་གདན་གསུམ་ཚང་བའི་དབང་གི་ལྷ་རྣམས་ནམ་མཁའ་གང་བར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་མངོན་པར་དབང་བསྐུར་བར་མོས་མཛོད་བྱས། རྣམ་བུམ་བཏེགས་ལ། ཧཱུྃ། སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་བདུད་རྩི་རྣམ་དག་འདིས། །མི་བསྐྱོད་རྡོ་རྗེའི་དབང་བསྐུར་རོ། །ཨོཾ་བཛྭ་ཨཱ་དརྴེ་ཛྙྱཱ་ན་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་དང་། ཇི་ལྟར་བལྟམས་པ་ནས་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་བཞིན་པས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་དེ་ཁྲུས་བྱ། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་གང་དྲི་མ་དག་རིག་པའི་ཡེ་ཤེས་བསྐྱེད་ཆུ་རྒྱུན་གྱེན་དུ་རེངས་པ་ལས་ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། གཞན་ཡང་དབང་ལྷ་རྣམས་ཡེ་ཤེས་སེམས་དཔའི་ཚུལ་དུ་ཐིམ་པར་གྱུར་པ་ལ་མཆོད་པ་འབུལ་བའི་མོས་པ་མཛོད། ལས་རྡོར་གྱིས་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བསྒྲིགས་པ་སློབ་མ་རྣམས་ཀྱི་མདུན་ངོས་ནས་འདེགས་བཞིན་པས། ཨོཾ་བཛྭ་ཨརྒྷཾ་ནས་ཤཔྟ་ཏཱིཙྪ་སྭཱ་ཧཱ། ཞེས་སོ་སོའི་ཕྱག་རྒྱ་དང་རོལ་མོར་བཅས་པས་མཆོད། དེ་རྣམས་ཀྱིས་སྐུའི་རྗེས་སུ་གནང་བ་ཐོབ་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་བག་ཆགས་ཐམས་ཅད་དག ལུས་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ་གྲིབ་དང་མི་གཙང་བ་དུས་མ་ཡིན་པར་འཆི་བའི་འཇིགས་པ་སོགས་མི་མཐུན་པའི་རྐྱེན་ཐམས་ཅད་ཞི། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་ཕྱག་ན་རྡོ་རྗེའི་སྐུ་བསྒོམ་པ་ལ་དབང་། འབྲས་བུ་མཚན་དཔེས་བརྒྱན་པའི་སྐུ་འགྲུབ་པར་འགྱུར་བའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །དེ་ནས་གསུང་གི་རྗེས་གནང་ནི། མདུན་བསྐྱེད་དང་སློབ་དཔོན་གཉིས་ཀ་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་རེ་མཆེད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཕྱག་ན་རྡོ་རྗེར་གསལ་བའི་ཞལ་ནས་ཞུགས་ཏེ་ཐུགས་ཀའི་ས་བོན་གྱིས་མཐར་འཁོད་བའི་མོས་པར་བཅས་པས་འདིའི་རྗེས་ཟློས་མཛོད། ཅེས་སྔགས་ཕྲེང་སྦྲེལ་ནས་བསྒྲངས་ལ། ཨོཾ་བཛྭ་ཙཎྜྻ་ཞེས་སྙིང་པོ་ལན་གསུམ་དང་། སྤྲོ་ན་ཁྱུང་ལྔའི་ཤམ་བུ་ཅན་གྱི་སྔགས་བཟླས་ལུང་བྱ། དེ་ལྟར་ལན་གསུམ་གྱི་དང་པོས་བྱིན་གྱིས་བརླབས། གཉིས་པས་བསྟིམས། གསུམ་པས་ནུས་པ་རྒྱུད་ལ་བརྟན་པར་བྱས། ཁྱེད་རྣམས་ཀྱིས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཕྱག་ན་རྡོ་རྗེ་འདི་ཉིད་ཡི་དམ་དུ་བརྟན་པར་བཟུང་སྙམ་པས། མེ་ཏོག་གི་ཕྲེང་བ་རེ་ཕུལ་བའི་འདུན་པ་དང་བཅས་དངོས་སུ་འབྲུ་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ལན་གསུམ། མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བའི་རྣམ་པར་བྱིན་བརླབས་ཏེ་སྤྱི་བོར་བཅིང་པར་མོས་ཤིག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནུས་པ་བརྟན་པར་མཛད་དུ་གསོལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་ནུས་མ་ལུས་ཁྱོད་ཀྱི་ངག་ལ་ཐོགས་མེད་དུ་འཇུག་པར་གྱུར་ཅིག། ཅེས་བརྗོད་དེ་སྔགས་པའི་མེ་ཏོག་སྤྱི་བོར་བཞག་པའམ་འཐོར། དེས་གསུང་གི་རྗེས་སུ་གནང་བ་མཐའ་རྟེན་བཅས་ཐོབ་པས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་ཕྱག་ན་རྡོ་རྗེའི་སྔགས་བཟླ་བ་དང་འཆད་རྩོད་རྩོམ་གསུམ་ཐོགས་པ་མེད་པ་ལ་དབང་། འབྲས་བུ་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་སྐུ་འགྲུབ་པར་འགྱུར་བའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །དེ་ནས་ཐུགས་ཀྱི་རྗེས་གནང་ནི། ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་ལས། གསལ་ལ་མི་རྟོག་རིག་པའི་སྐུ། །མི་གནས་མི་འབྲལ་འདུས་མ་བྱས། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །བཅོམ་ལྡན་ཕྱག་རྡོར་མཚན་ཉིད་ཡིན། །ཞེས་གསུངས་པའི་དོན་ཏེ། དེའང་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་སྒོ་ནས། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ནས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་འཇོག་མཛོད། སླར་ཡང་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག དེའི་ཐུགས་ཀ་ནས་ཐུགས་ཀྱི་བྱིན་རླབས་ཕྱག་མཚན་རྡོ་རྗེའི་ཚོགས་ཆེ་ཆུང་གྲངས་མེད་པ་འཕྲོས་ཁྱེད་རྣམས་ཀྱི་སྙིང་གར་ཐིམ་པས་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་ཅིང་བརྟན་པར་བྱས་པའི་མོས་པར་མཛོད། ཕྱག་མཚན་རྡོ་རྗེ་སྙིང་གར་རེག་ལ། སྙིང་པོའི་མཐར། ཛཿཧཱུྃ་བྃ་ཧོཿ བཛྭ་ས་མ་ཡ་ཧྶཾ། ཞེས་བརྗོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་རིག་པ་བག་ཆགས་དང་བཅས་པ་དག ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་སྡིག་སྒྲིབ་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ་གྲིབ་དང་མི་གཙང་བ། མ་རིག་པ། མི་ཤེས་པ། གཏི་མུག་པ་སོགས་མི་མཐུན་པའི་རྐྱེན་ཐམས་ཅད་ཞི། ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་སྒོ་ནས་ཕྱག་ན་རྡོ་རྗེའི་ཏིང་འཛིན་བསྒོམ་པ་ལ་དབང་། འབྲས་བུ་མཁྱེན་བརྩེ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཆོས་ཀྱི་སྐུ་འགྲུབ་པར་འགྱུར་བའི་སྐལ་ལྡན་དུ་བྱས་པ་ཡིན་ནོ།། མཐའ་རྟེན་གཏོར་མའི་བཀའ་བསྒོ་དང་བྱིན་རླབས་བྱ་བར་སྤྲོ་ན། ཁྱེད་རང་རྣམས་དཔལ་གསང་བའི་བདག་པོར་གསལ་བཏབ་བཞིན་པའི་སྒོ་ནས། གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པ་ལ། སློབ་དཔོན་གྱིས་གཟུངས་སྔགས་བརྗོད་ཅིང་རྩ་བརྒྱུད་བླ་མའི་མཚན་ནས་སྨོས་ཏེ་གསོལ་བ་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐམས་ཅད་གནང་ཞིང་ཐོབ་བྱུང་སྙམ་པའི་འདུན་པ་དྲག་ཏུ་གཏད་དེ་སྨོན་ལམ་ཐོབ་མཛོད། བླ་མས་གཏོར་མ་བཏེག་ལ། ཡི་དམ་གྱི་རྩ་སྔགས་དང་། བཅོམ་ལྡན་འདས་གསང་བའི་བདག་པོ། གྲུབ་པའི་སློབ་དཔོན་ཆེན་པོ་ཙི་ལུ་པ། ལས་ཀྱི་རྡོ་རྗེ། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ། ཝ་ལ་ཙནྡྲ། གླན་ལོ་དར་མ་ཚུལ་ཁྲིམས། རྗེ་བཙུན་རས་ཆེན་བཞད་པ་རྡོ་རྗེ། རས་ཆུང་རྡོ་རྗེ་གྲགས་པ། རྒྱལ་བ་ལོ་དང་སུམ་པ། གླིང་རས་པདྨ་རྡོ་རྗེ། མཉམ་མེད་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་པ་ནས། བདག་ཅག་གི་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་གསང་བདག་རྡོ་རྗེ་འཛིན་དངོས་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོའི་བར་དུ་བྱོན་པའི་དྲིན་ཅན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་དང་ཌཱ་ཀི །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མར་བཅས་པ་དང་། ཁྱད་པར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཡེ་ཤེས་ཁྱུང་གི་ལྷ་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བར་མཛད་དུ་གསོལ། འདི་རྣམས་ཀྱི་ནད་གདོན་འགལ་རྐྱེན་བར་ཆད་གཟུང་འཛིན་འཁྲུལ་རྟོག་དང་བཅས་པ་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་གེགས་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་བསོད་དཔལ་འབྱོར་བདེ་སྐྱིད་སྙན་གྲགས་མངའ་ཐང་ཉམས་རྟོགས་ཡེ་ཤེས་ཡོན་ཏན་གྱི་རྩལ་ཁ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། སྣོད་བཅུད་ལྷ་འདྲེ་མི་གསུམ་སྲིད་པ་དང་ཞི་བའི་དཔལ་ཡོན་དངོས་གྲུབ་མ་ལུས་པ་དབང་དུ་འདུ་བར་བྱིན་གྱིས་བརླབ་ཏུ་གསོལ། བདུད་དགྲ་ལོག་པར་འདྲེན་པའི་མི་དང་མི་མིན་གནོད་འཚེའི་བསམ་སྦྱོར་འཆང་བ་རྣམས་སྐད་ཅིག་ཉིད་དུ་དྲག་པོ་མངོན་སྤྱོད་ཀྱི་སྟོབས་ཀྱིས་ཚར་གཅོད་པར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་དཔལ་གསང་བའི་བདག་པོའི་གསང་གསུམ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱིས་གནས་སྐབས་མི་མཐུན་པའི་གཡུལ་ལས་རྒྱལ་ཞིང་། མཐར་ཐུག་ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་ཚེ་གཅིག་ལུས་གཅིག་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཡི་དམ་གསང་བའི་བདག་པོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །ཀླུ་རིགས་ཀུན་འཇོམས་ཁྱུང་ཆེན་ལྔའི། །དངོས་གྲུབ་བླ་མེད་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཡོངས་རྫོགས་པས། །མི་མཐུན་བདུད་བཞིའི་གཡུལ་རྒྱལ་ཞིང་། །གསང་བདག་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ཨཱཿཧཱུྃ། བ་ལིངྟ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩྨ་མཾ། ཛཿཧཱུྃ་བྃ་ཧོ། ཞེས་བརྗོད་བཞིན་གཏོར་མ་སྤྱི་བོར་འཇོག སླར་རྡོ་རྗེ་སྤྱི་བོར་བཞག་སྟེ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྭ་རཀྵ་ཧཱུྃ། ཞེས་སྲུང་བས་རྒྱས་གདབ། གཏོར་མ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་གསལ་བ་མར་མེ་གཅིག་ལས་གཉིས་ཀྱི་མཆེད་ཚུལ་དུ་ཁྱེད་རྣམས་ཀྱི་སྤྱི་བོར་བྱོན་འོད་དུ་ཞུ་ནས་གཉིས་སུ་མེད་པར་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དབྱེར་མ་མཆིས་པར་འདྲེས་པར་བསྒོམ་མཛོད། ཅེས་གཏོར་ཟན་དངོས་གྲུབ་ཏུ་ཅུང་ཟད་རེ་སྦྱིན་ནོ། །དེ་ལྟར་མཐའ་རྟེན་གཏོར་མའི་བཀའ་བསྒོ་བགྱིད་མིན་གང་ལྟར་ཡང་མཇུག་ཏུ། དེ་རྣམས་ཀྱི་སྒོ་ནས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་རྗེས་སུ་གནང་བ་ལེགས་པར་ཐོབ་པས། སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་ཚུལ་བཞིན་དུ་གནས་ཤིང་། ལྷ་མཆོག་འདི་ཉིད་ཡི་དམ་དུ་འཛིན་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས་ལན་གསུམ་གྱིས་དམ་ཚིག་ཁས་བླངས། གཏང་རག་མཎྜྻལ་དང་། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། གསུམ་པ་རྗེས་དེ་དག་གི་མཇུག་བསྡུ་བ་ནི། མཆོད་པ་གསར་དུ་བཤམ་པའམ་ཁ་གསོས་ལ། གོང་ལྟར་བྱིན་བརླབས། ཧཱུྃ། ཀུན་ཏུ་བཟང་པོས་སོགས་མཆོད་ཅིང་། ཧཱུྃ། དུས་གསུམ་བདེ་གཤེགསྎ ཀྱིས་བསྟོད། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག། ཅེས་སྨོན་ལམ་གདབ། དྲིལ་བུ་གསིལ་ཞིང་ཡིག་བརྒྱ་ལན་གསུམ་བརྗོད། མ་འབྱོར་པ་དང་སོགས་དང་། ལྷག་པ་དང་ནི་སོགས་བརྗོད་དེ་བཟོད་པར་གསོལ། མདུན་བུམ་དུ་བསྐྱེད་པའི་ཡེ་ཤེས་པ་ཙཀླི་སོགས་སྐུ་གསུང་ཐུགས་རྟེན་ལ། འདིར་ནི་གཟུགས་དང་ནས་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྭ་ཡེ་སྭཱ་ཧཱ། ཞེས་འབྲུ་འཐོར་ལ་བརྟེན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་བཅས་གོང་བསྙེན་དུས་བཤད་པ་ལྟར་བྱ། དཀོན་མཆོག་གསུམ་གྱི་ཤིས་བརྗོད་སྤྱི་དང་། ཁྱད་པར། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པའི་སྐུ། །གདུག་པ་མ་ལུས་འདུལ་མཛད་པའི། །རྡོ་རྗེ་འཛིན་པའི་བཀྲ་ཤིས་ཤོག །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །རྡོ་རྗེ་བདེ་མ་བདེ་སྟེར་མ། །རྟོག་པ་ཐམས་ཅད་གཅོད་མཛད་པའི། །ཡུམ་མཆོག་དེ་ཡིྎ ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མི་མ་ཡིན་གྱི་འཚེ་བྱེད་པ། །འཇོམས་ཕྱིར་ཁྱུང་ཆེན་སྐུ་སྤྲུལ་ནས། །འགྲོ་དོན་མཛད་པའིྎ རྣམ་རྟོག་འཇོམས་མཛད་ཐུགས་རྗེའི་བདག །སོ་སོའི་རིགས་ཀྱི་སྐུར་སྟོན་པ། །ཁྱུང་ཆེན་ལྔ་ནི་རབ་ཏུ་གྲགས། །བགེགས་རིགས་འཇོམས་པའི་བཀྲ་ཤིས་ཤོག། ཅེས་སོགས་བཀྲ་ཤིས་ཀྱི་ཚིག་ཕྲེང་ཅི་ཡང་བརྗོད་པས་མཐའ་བརྒྱན་ནོ། །དེ་ནས་རྡུལ་ཚོན་ཡོད་ན་ཨ་ཀཱ་རོའི་སྔགས་བརྗོད་ཅིང་མཐའ་ནས་དབུས་སུ་བསྡུས་ལ་རིན་པོ་ཆེའི་བུམ་པར་བླུགས་ནས་ཆུར་གཤེགས། གཞན་ཚོམ་བུའམ་གཏོར་མཆོད་སོགས་བསྡུ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱས་ལ་འཁོར་གསུམ་ཡོངས་སུ་དག་པའི་ལྟ་བས་རྒྱས་གདབ། མཆོད་པའི་རས་མ་ལ་ལོངས་མི་སྤྱོད་ཅིང་གཙང་སར་འདོར་བར་བྱའོ། ཕྱི་ནང་གསང་བའི་བར་ཆད་བདུད་སྡེའི་གཡུལ། །དྲན་པས་དམིགས་མེད་གཞོམ་ལ་མཐུ་སྟོབས་བདག །དཔེར་འོས་གཞན་གྱིས་སྲིད་ཞིར་ཕོངས་དེ་ཕྱིར། །ནུས་མཐུའི་སྐོར་ཞེས་གྲགས་པའི་རི་མོ་གསལ། །གོང་མའི་གསུང་ལ་རང་བཟོས་མ་སྦགས་པར། །ལུགས་འདི་འཕེལ་བའི་བློ་གྲོས་དཀར་པོའི་མཐུ། །བརྟས་པས་ལེགས་བསྒྲུབས་དགེ་དེས་འགྲོ་བ་ཀུན། །རྡོ་རྗེའི་ཁྲོ་རྒྱལ་གསང་གསུམ་འགྲུབ་གྱུར་ཅིག། ཅེས་གཏུམ་པོ་ཁྱུང་ལྔ་དཔའ་བོ་གཅིག་ཏུ་བསྙེན་ཅིང་སྒྲུབ་པའི་ཐབས། གཞན་དོན་རྗེས་སུ་གནང་བའི་རིམ་པ་བཅས་བཀླག་ཆོག་བལྟས་གསལ་འདིའང་། སྔོན་དུས་སུ་བཀའ་སྲོལ་འདི་དར་རྒྱས་ཆེ་ལ། རྡོ་རྗེ་འཛིན་དབང་མང་ཞིག་ལམ་འདི་ལས་གྲུབ་པའི་རྒྱལ་ཐབས་ལ་གཤེགས་པས་འཕགས་བོད་ཀྱི་ལྗོངས་མཛེས་པར་གྱུར་མོད། ད་དུས་རྗེས་གནང་གི་རྒྱུན་མ་ནུབ་ཙམ་ཁོ་ན་ལས། བསྙེན་སྒྲུབ་ཉམས་ལེན་གྱི་ཕྱག་སྲོལ་ཉམས་པ་ལྟར་གྱུར་པ་སླར་གསོའི་ཆ་རྐྱེན་དུ་སྨན་ཞིང་། རང་མཉམ་སྐལ་དམན་བློ་རཏལ་རྣམས་འཇུག་པ་བདེ་བའི་སླད་དུ་དམིགས་ཏེ། ཀུན་མཁྱེན་ཆེན་པོའི་གསུང་རྡོ་རྗེ་ཕ་ལམ་ཀར་ལུགས་ཀྱི་གཅིག་ཤེས་ཀུན་གྲོལ་སོགས་ཁུངས་ཐུབ་ཡིག་ཆས་ཟུར་ཅུང་ཟད་བརྒྱན་ཏེ། དཔལ་ལྡན་འབྲུག་པའི་བསྟན་ཞབས་འཛིན་པའི་ཟོབ་བརྫུ་མཁན་བླུན་རྨོངས་འདུ་གསུམ་པ་ཁམས་སྤྲུལ་དོན་བརྒྱུད་ཉི་མར་འབོད་པས། ཁ་བཞི་ལྷོའི་སྨན་ལྗོངས་དམ་པ་ཆོས་ཀྱི་ཞིང་མཆོག་བྱེ་བྲག་ཀྲོང་སར་རྟ་ཕག་རི་ཁྲོད་ཟུང་འཇུག་གྲུབ་པའི་དགའ་ཚལ་དུ་སྦྱར་བ་འགྲོ་ཀུན་གསང་བདག་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།


previousདཔལ་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བསྙེན་སྒྲུབ་རྗེས་གནང་བཅས་གསལ་བར་བཀོད་པ་རྡོ་རྗེ་ཕ་ལམ་ཕྲེང་མཛེས།next