Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཔའ་བོའི་དབུ་ཞྭའི་བཤད་པ་མདོར་བསྡུས།
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousདཔའ་བོའི་དབུ་ཞྭའི་བཤད་པ་མདོར་བསྡུས།next

དཔའ་བོའི་དབུ་ཞྭའི་བཤད་པ་མདོར་བསྡུས།


LT36_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོའི་དབུ་ཞའི་བཤད་པ་མདོར་བསྡུས་ཡོད། དེ་རིང་གི་སྐབས་སུ། འདིར་འདུས་པའི་དད་ལྡན་མཆོག་དམན་ཐམས་ཅད་ཀྱི་སྙན་ལམ་དུ། རྗེ་རིག་པ་འཛིན་པ་ཡོངས་ཀྱི་རྒྱལ་པོ་དཔལ་ལྡན་དཔའ་བོའི་དབང་ཕྱུག་མཆོག་གི་དབུ་ཞྭ་པདྨ་མཐོང་གྲོལ་ཆེན་མོ་དང་འབྲེལ་པའི་ལོ་རྒྱུས་མདོར་བསྡུས་ཞུ་ན། སྤྱིར་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན། མཛད་པ་ཕྲིན་ལས་ཐམས་ཅད་བོད་གངས་ཅན་གྱི་ལྗོངས་སུ་སྔར་ནས་ཡོངས་སུ་གྲགས་པ་དེ་ལས་དམིགས་བསལ་སྨོས་མ་དགོས་ཀྱང་། སྐབས་དང་འབྲེལ་བའི་རྒྱུ་མཚན་གྱི་དབང་དུ་བྱས་ཏེ། རྗེ་འདི་ཉིད་རང་དོན་དུ་གདོད་མ་ནས་མངོན་པར་རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་བསྙེས་ཟིན་ཀྱང་། ཐུགས་བསྐྱེད་སྨོན་ལམ་དབང་གིས་རྒྱལ་བའི་བསྟན་པ་སྤེལ་བ་དང་། སེམས་ཅན་མཐའ་ཡས་པ་ཐར་པའི་ཁ་ལོ་སྒྱུར་བའི་སླད་དུ་བསམ་བཞིན་སྒྱུ་མ་ལྟ་བུའི་སྲིད་པའི་རོལ་པར་བཟུང་སྟེ། འཕགས་པའི་ཡུལ་དུ་ལྷོ་སྒོ་སྲུང་བའི་པཎྜི་ཏ་ཆེན་པོ་ཤེར་འབྱུང་སྤས་པ། གངས་ཅན་གྱི་ལྗོངས་སུ་སྨྲ་བའི་སེང་གེ་རོང་སྟོན་ཤེས་བྱ་ཀུན་གཟིགས། །མཆོག་གི་གླིང་པ་ལྔའི་ཡ་གྱལ་ཆོས་ཀྱི་རྒྱལ་པོ་རིན་ཆེན་གླིང་པ། རྒྱལ་དབང་བདུན་པའི་ཞལ་སློབ་རྩོད་མེད་ཀྱི་གྲུབ་ཐོབ་དཔའ་བོ་ཆོས་དབང་ལྷུན་གྲུབ་གཙོ་བོར་གྱུར་པའི་མཁའ་པ་དང་གྲུབ་པའི་སྐྱེ་བའི་རྣམས་རོལ་


LT36_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་བསྟན་ནས་འཕགས་བོད་གཉིས་སུ་ངོ་མཚར་བའི་མཛད་པ་མཐའ་ཡས་པས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང་། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོས་མངའ་བདག་མར་པ་ལོ་ཙཱའི་གདན་སར་མངའ་གསོལ་མཛད་པ་རྗེ་དཔའ་བོ་ཆོས་དབང་ལྷུན་གྲུབ་ཀྱི་ཡང་སྲིད་དཔལ་གཙུག་ལག་ཕྲེང་བ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་རབས་ཕྲེང་བ་ཚར་དུ་དངར་བ་བར་མ་ཆད་དུ་བྱོན་པ་ལས་སྐུ་ཕྲེང་དགུ་པ་ད་ལྟར་འཚོ་ཞིང་གཞེས་པ་འདི་ཉིད་ཀྱང་། དང་པོ་བསམ་བཞིན་སྐྱེ་བ་བཞེས་པའི་སྐབས་སུ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་མཆོག་དམན་ཀུན་གྱི་ཐེ་ཚོམ་བཅད་ཅིང་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། །བར་དུ་ཀར་འབྲུག་རྒྱལ་བ་ཡབ་སྲས་རྣམས་ཀྱིས་མདོ་སྔགས་སྨིན་གྲོལ་གྱི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་རྩལ་ནས་ཐུགས་ཀྱི་སྲས་དང་རྒྱལ་ཚུབ་ཏུ་དབང་བསྐུར་བ་བརྙེས། མཐར་དམ་པའི་ཚུལ་དགུའི་རྣམ་པར་ཐར་པས་དམ་པ་གོང་མ་རྣམས་ཀྱི་ཕྲིན་ལས་བསྐྱང་ཞིང་འབྲེལ་ཚད་དོན་ལྡན་གྱི་མཛད་པ་བཟང་པོ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་དགོངས་པ་བསྐང་བ་མངོན་སུམ་ཚད་མས་གྲུབ་པ་འདི་ལས་མང་དུ་སྨོས་མ་དགོས་ཤིང་། དེའང་ཕྱོགས་རེ་ཙམ་མ་ཡིན་པ་གདུལ་བྱ་དབང་པོ་མཆོག་དམན་བར་མའི་རིམ་པ་དང་མཐུན་པར་གང་ལ་གང་འདུལ་གྱི་ཕྲིན་ལས་ཐབས་ལ་མཁས་པའི་རྣམ་པར་རོལ་བ་མཐའ་


LT36_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པས་བཟང་ངན་འབྲེལ་ཚད་དོན་ལྡན་ཏུ་མཛད་པའི་ནང་ཚན། མཇལ་ཞིང་མཐོང་བ་ཙམ་གྱིས་ཐར་པའི་ས་བོན་རྒྱུད་ལ་འཇོག་པར་བྱེད་པ་དབུ་ཞྭ་པདྨ་མཐོང་གྲོལ་འདི་ཉིད་ཀྱང་། སྤྱིར་གདོད་མ་ཉིད་ནས་རྒྱལ་བ་རྣམས་ལས་རྡོ་རྗེའི་ཡེ་ཤེས་ཀྱི་དབང་བསྐུར་པ་ཆེན་པོ་མཉེས་པས་རང་རྟགས་རིགས་ཀྱི་ཅོད་པ་ཏུ་མཚན་པ་དང་། ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱིས་བོད་ཡུལ་ཁ་བ་ཅན་གྱི་གདུལ་དཀའི་སྐྱེ་བོ་འདུལ་བའི་རྒྱལ་ཚབ་ཏུ་མངའ་གསོལ་བ་ཐོབ་པའི་ཆེ་བའི་བརྡ་རྟགས་སུ་གོང་མ་རིམ་བྱོན་ལ་པད་ཞྭ་འདི་ཉིད་བཞུགས་པ་དང་། བྱེ་བྲག་གངས་ཅན་མགོན་པོ་སྤྱན་རས་གཟིགས་ཉིད་ཞྭ་ནག་ཅོད་པན་འཛིན་པའི་སྐུར་བསྟན་པ་རྒྱལ་དབང་ཀརྨ་པ་ནས་རིམ་དང་དཔོན་སློབ་ཚད་མའི་རྟེན་འབྲེལ་མཐར་ཕྱིན་པས་དབྱིངས་དང་ཡེ་ཤེས་ཀྱི་དགོངས་པ་རོ་གཅིག་ཏུ་གྱུར་པའི་རྟགས་སུ་མཐོང་གྲོལ་ཅོད་པན་བཅིངས་བར་མཛད་པས་བཀའ་བརྒྱུད་ཡབ་སྲས་རྣམས་ཀྱི་དབུ་ཞྭ་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་ཙམ་ལས་དོན་ལ་ཁྱད་པར་མེད་པ་མ་ཟད། འདི་ལྟ་བུའི་མཐོང་གྲོལ་ལུང་རིག་ཚད་མས་འགྲུབ་པའི་ཚུལ་ཡང་། མདོ་སྡེ་ལས། སངས་རྒྱས་ཀྱི་ཞིང་ཁམས་འགའ་ཞིག་ན་རྒྱན་དང་རོལ་མོའི་བྱེ་བྲག །འགའ་ཞིག་ན་འདོད་ཡོན་གྱི་ཁྱད་པར། ཁ་ཅིག་ན་སྤྱོད་ལམ་སོགས་ཀྱི་རྣམ་འགྱུར། །ལ་ལ་ན་འོད་དང་གློག་འབྱིན་


LT36_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཕྱོགས་བཅུའི་ཞིང་གྲངས་མེད་པ་དག་ན་སངས་རྒྱས་ཀྱི་མཛད་པའི་རྣམ་འཕྲུལ་མི་འདྲ་བ་དུ་མས་སེམས་ཅན་གྱི་དོན་མཛད་པར་གསུངས་པས་སངས་རྒྱས་ཀྱི་ཞིང་འདིར་ཡང་གདུལ་བྱ་འདུལ་ཚུལ་སྣ་ཚོགས་པ་ཡོད་པར་གྲུབ་པ་དང་། སྔ་འགྱུར་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་སུ་གྲོལ་བ་དྲུག་གི་གདམས་པ་རྒྱ་ཆེར་གསུངས་པ་དང་ཆ་མཐུན་པ་གསར་མའི་རྒྱུད་སྡེ་ལས་ཀྱང་ཕལ་ཆེར་འབྱུང་བའི་ནང་ཚན་མཐོང་གྲོལ་ཅེས་བྱ་བའི་བྱེ་བྲག་གཅིག་ནི་དབུ་ཞྭ་རིན་པོ་ཆེ་འདི་ཡིན་ལ། དེའི་རྒྱུ་མཚན་ཕན་ཡོན་རྒྱས་པ་གཏེར་ཆེན་སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་དང་། པདྨ་གླིང་པའི་ནོར་བུ་རྒྱ་མཚོ་སོགས་ལས་འབྱུང་བ་དཔྱོད་ལྡན་ཀུན་གྱི་ཐུགས་ལ་མངའ་བཞིན་པ་དང་། འདི་ཉིད་བཞེས་པ་པོའི་གང་ཟག་ཀྱང་ས་ལ་གནས་པའི་འབྲེལ་ཚད་དོན་ལྡན་ཆེན་པོར་ཡོངས་སུ་གྲགས་པའི་ཕྱིར། ཇི་སྐད་དུ། ཞྭ་དང་མི་རུ་འབྲེལ་བ་ན། །གང་མཐོང་བ་ལ་ངན་སོང་མེད། ཅེས་གསུངས་པ་ཉིད་ངེས་པ་ཅན་ཡིན་ལ། དེ་ལྟར་བཤད་པའི་དོན་དང་བརྡ་རྟགས་མཚོན་ཚུལ་རྗེ་དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོའི་ཞལ་ནས། །ཆོས་དབྱིངས་ཀུན་ཁྱབ་རྡོ་རྗེའི་སྐུ་བརྙེས་པ། ཁམས་གསུམ་འགྲོ་བའི་སྐྱབས་གནས་པདྨ་འབྱུང་། །སྔོན་ཚེ་གུ་རུའི་བདག་རྒྱུད་བྱིན་གྱིས་བརླབས། །བྱིན་རླབས་དབང་དང་བཀའ་བསྒོ་སྨོན་ལམ་མཛད། །ཆུང་ནས་ཟོལ་མེད་


LT36_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ལུང་བསྟན་གོ། །གཙུག་གི་ཞྭ་མཆོག་པདྨ་མཐོང་གྲོལ་བཀོན། །འདི་ཡི་བརྡ་རྟག་ཡོན་ཏན་མང་གྱུར་ཀྱང་། །ཅུང་ཟད་ཙམ་ཞིག་ངེས་ཤེས་བསྐྱེད་ཕྱིར་བྲིས། །དབུས་དང་འདབ་བཞི་རིགས་ལྔའི་མཚོན་པའི་བརྡ། །ནང་སེར་ཡོན་ཏན་ཕུན་ཚོགས་རྒྱས་བའི་བརྡ། །ཕྱི་སྔོན་བླ་མ་ཀུན་བཟང་བྱིན་རླབས་བརྡ། །འདབ་ནད་མཁའ་འགྲོ་གཙོ་མོའི་བྱིན་རླབས་བརྡ། །འདབ་ཕྱི་ཡི་དམ་རྟ་མགྲིན་བྱིན་རླབས་བརྡ། །སྤྲི་མས་འགྲོ་རྒྱུད་སྡུག་བསྔལ་སེལ་བའི་བརྡ། །གསེར་མདངས་ཐབས་ཤེས་ཟབ་མོའི་འགྲོ་འདྲེན་བརྡ། །རྒྱ་གྲམ་མི་འགྱུར་ཆོས་སྐུའི་རྒྱས་བཏབ་བརྡ། །མུ་ཏིག་བྱང་ཆུབ་སེམས་དང་འབྲལ་མེད་བརྡ། །སྣ་ལེགས་ཟུར་གསུམ་སྐུ་གསུམ་རང་ཆས་བརྡ། །ཉི་ཟླ་མ་རིག་མུན་པ་སེལ་བའི་བརྡ། །དར་ལྕེ་ཕྲིན་ལས་རྣམ་བཞི་འགྲུབ་པའི་བརྡ། །རྡོ་རྗེ་རྩེ་ལྔ་མི་འགྱུར་ཡེ་ཤེས་རྒྱས་པའི་བརྡ། །དེ་ལྟར་ལྡན་པའི་ཞྭ་འདི་མཐོང་གྱུར་ན། །མོས་གུས་ཅན་རྣམས་འདི་ཕྱི་ཀུན་ཏུ་དགེ། །ཞེས་གསུངས་པ་ལྟར་ལགས། དེ་ལྟར་ངོ་མཚར་བའི་ཡོན་ཏན་དང་ལྡན་པའི་དབུ་ཞྭ་མཐོང་གྲོལ་ཆེན་པོ་འདི་གསོལ་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་སྐབས་སུ་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཀྱང་གཅིག་ཏུ་འདུས་པ་ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་ཡིན་པས། །དད་པས་མཇལ་ཞིང་གསོལ་བ་འདེབས་པ་རྣམས་ལྟ་ཅི་སྨོས། །དད་པ་མེད་པའི་མིའམ། ཐ་ན་དུད་འགྲོ་ལྟ་བུས་མཐོང་ནའང་ངན་འགྲོའི་སྐྱེ་སྒོ་གཅོད་ཅིང་ཐར་བའི་ས་བོན་ཐེབས་པར་འགྱུར་ལ། འདིའི་སྐབས་སུ་རང་རང་གི་ཡིད་ལ་གང་འདོད་


LT36_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་རྣམས་ཀྱང་སྨོན་ལམ་སྙིང་ནས་བཏབ་ན་ངེས་པར་འགྲུབ་པར་འབྱུང་བས། ཐམས་ཅད་སེམས་བསྐྱེད་བཟང་པོ་དང་ཁ་ཙམ་མིན་པའི་དད་མོས་དྲག་པོས་གསོལ་བ་འདེབས་པ་དང་སྨོན་ལམ་རྒྱ་ཆེན་པོ་ལ་འབད་པ་དང་། ཕྱིན་ཆད་ཀྱང་མཐོང་གྲོལ་འདི་ལྟ་བུ་མཇལ་བའི་སྐལ་པ་བཟང་པོ་དོན་མེད་དུ་མི་འགྱུར་ཅིང་རྣམ་དཀར་གྱི་ལས་འཕྲོ་བཟང་པོ་བསྐྱང་བའི་ཆེད་དུ་དགེ་སྒྲུབ་སྡིག་སྤོང་གི་ཁས་ལེན་རང་རང་སོ་སོའི་བློ་དང་མཁོས་ཀས་གང་འགྲུབ་རེ་སྐྱབས་མགོན་མཆོག་གི་སྙན་ལམ་དུ་ཞུས་མཛོད། །ཅེས་རྗེ་དཔའ་བོ་རིན་པོ་ཆེའི་མཆོག་སྤྲུལ་དགུ་པའི་ཞལ་སྔ་ནས་གསུང་བསྐུལ་གནང་བ་ལྟར་བློ་གྲོས་མཐའ་ཡས་ཀྱིས་མགྱོགས་བྲིས་སུ་སྤེལ་བ་སྟེ། མགྲོན་གཉེར་རྣམས་ནས་གཞི་འདི་ཀ་ལ་གོང་འོག་བརྗོད་བྱ་སྐབས་དང་བསྟུན་པའི་བཤད་པ་རྒྱས་བསྡུས་སྦྱོར་ཤེས་པར་བྱའོ། །མངྒ་ལཾ། །


previousདཔའ་བོའི་དབུ་ཞྭའི་བཤད་པ་མདོར་བསྡུས།next