ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ།
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛི་ན་མཎྜ་ལཱ་ཡ། མཚན་གྱི་ཡེ་གེས་ངན་འགྲོའི་འཇིགས་པ་འཇོམས། །དད་པས་བསྙེན་ན་འཁོར་བའི་རྒྱུན་ཐག་གཅོད། །རིགས་བརྒྱའི་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ནས། །གཞན་དོན་མཛད་རྣམས་ངལ་གསོའི་འབབས་སྟེགས་དགོད། །ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་མཁས་གྲུབ་ཀརྨ་ཆགས་མེད་ཡན་ཆད་དུ་ནི་བསྐྱེད་རྫོགས་ཀྱི་ཉམས་ལེན་དང་ཕྱག་བཞེས་སྤྲོས་བཅས་ཚུལ་ལྡན་ཏུ་འབྱུང་བར་སྣང་ཡང་། ཕྱིས་ནི་ཆོ་ག་ཚར་གྲངས་ཁོ་ན་བསྐྱར་བའི་གྲོང་ཆོག་གི་འགྲོ་དོན་ཙམ་ལས་ཉམས་ཁྲིད་སྐྱོང་བ་ལྟ་ཞོག །བསྙེན་སྒྲུབ་ཚད་ལྡན་མཛད་མཁན་ཤིན་ཏུ་དཀོན་པར་མཐོང་ལ། བསྙེན་པ་ལས་རུང་མེད་པར་དབང་བསྐུར་གནས་འདྲེན་གྱིས་མི་ཚེ་འཕུལ་བ་ནི་གཞན་ལ་ཕན་ཐོགས་པ་དཀའ་ཞིང་རང་ལ་བཀའ་འདས་ཀྱི་ཉེས་པ་ཆེས་ལྕིབས་ཐ་ན་གྲངས་བསྙེན་རྒྱས་བསྡུས་གང་རུང་རེ་ཙམ་འགྲུབ་ན་རང་གཞན་གཉིས་ཀའི་གཏན་འདུན་ཆེན་པོར་འགྱུར་བར་མཐོང་ལ། དེའང་སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལ་བརྟེན་ཏེ་ཐོག་མར་ཞི་བ་དང་། དེ་ནས་ཁྲོ་བོའི་བསྙེན་པ་སོ་སོར་འགྲུབ་པར་བྱས་ན་འདུས་མདོ་དང་བཀའ་བརྒྱད་བདེ་འདུས་སོགས་ཀྱི་ཕྱག་བཞེས་དང་མཐུན་པར་ཆེས་ལེགས་
པས་དེའི་ཚུལ་ནི་དཔལ་ཀཿཐོག་པ་ཀུན་གཟིགས་ཚེ་དབང་མཆོག་གྲུབ་ཀྱི་གསུང་ལས་ཤེས་པར་བྱ། འདིར་བློ་དམན་ལས་དང་པོ་པས་ལུས་དཀྱིལ་གྱི་ལྷ་དང་སྔགས་འཁོར་གསལ་ཐེབས་པར་དཀའ་ཞིང་རང་བཞིན་ཡོངས་ཤེས་ཀྱི་ལྟ་སྒོམ་ནི་དེ་ལས་ཀྱང་མེད་པས་ཡིན་སྙམ་ཙམ་གྱིས་བྱས་ལ་མ་བསགས་པའི་ལས་སུ་འགྱུར་བའང་མཐོང་ནས། ཆགས་མེད་རིན་པོ་ཆེའི་བཞེད་པ་ལྟར་ཕྱི་དཀྱིལ་ལས་བྱང་ཆུང་བ་ལ་བརྟེན་པའི་བསྙེན་ཐབས་ཕྱོགས་མཚོན་འཆད་པར་བྱ་སྟེ། དེ་ལའང་རྗེ་དེའི་བཞེད་པར་གཙོ་བོ་རིགས་ལྔ་གོ་འཕོ་ཞིང་རང་སྔགས་བཟླ་བའི་ཞི་ཁྲོ་དང་། ཡིག་བརྒྱ་རིགས་ལྔ་བཟླ་བའི་དོང་སྤྲུགས་ཀྱིས་མཚོན་དཀྱིལ་འཁོར་ཞེ་གཉིས་སུ་བསྒྱུར་བའི་ཚུལ་ནི་དེ་ཉིད་ཀྱི་གསུང་ལས་གསལ་བ་ལྟར་ཉམས་སུ་བླང་བར་བྱ་བ་ཡིན་ལ། ཞི་ཁྲོ་རང་རྐང་གི་བསྙེན་པ་ཁོ་ནའི་སྐབས་འདིར་ཐོག་མར་བར་ཆད་མི་འབྱུང་ཞིང་དངོས་གྲུབ་འགྲུབ་པའི་དགེ་བའི་དཔུང་སྐྱེད་སྔོན་འགྲོའི་རིམ་པ་སྤྱི་ལྟར་ཅི་ནུས་བྱ། བསྙེན་པ་ཚུགས་ལ་ཉེ་བ་ན་ཕྱི་མཚམས་བཅད་དེ། རང་ཉིད་རྡོར་སེམས་ལུས་དཀྱིལ་ཞི་ཁྲོ་བཅས་སྐད་ཅིག་གིས་གསལ་བཏབ་ལ་སྙིང་པོ་བརྒྱ་རྩ་བཟླ། དཀར་གཏོར་གསེར་སྐྱེམས་ཕུལ། རྒྱལ་ཐོ་གཟུག་ལ་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་ལས་བཅོལ། རྣམ་འཇོམས་སོགས་བཟླས་པའི་གཟུངས་ཆུས་ཁྲུས་བྱ། དེ་ནས་ཞག་བདུན་ནམ་ཐ་ན་
གསུམ་ཙམ་དུ་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་འདོན་སྒོམ་སྦྲགས་མས་ཐུན་དུ་བཅད་ལ། ངེས་འབྱུང་། སྐྱབས་སེམས། བསགས་སྦྱང་། མོས་གུས་གསོལ་འདེབས་རྣམས་རྒྱུད་ལ་འདྲེས་ངེས་པ་བྱ། དེ་ནས་བསྙེན་པ་དངོས་ཚུགས་པའི་ཉེན། གནས་ཁང་ཕྱགས་དར་བྱ། འཛོམ་ན་ཞི་ཁྲོའི་སྐུ་བརྙན་བྲིས་འབུར་སོགས་རྟེན་བཀོད་པའི་མདུན་དུ་སྟེགས་གཙང་མར་གཏོར་མ་རིན་ཆེན་འབར་བ། གཡས་གཡོན་ཏུ་སྨན་རཀ །མདུན་ཏུ་ཕྱི་མཆོད་པ་ཕྲེང་ཚར་དུ་བཤམ། བཀའ་སྲུང་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་ལ། དགོང་ཐུན་ལ་དབུ་བཙུགས་ཏེ། གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ལན་གསུམ། ཨོཾ་ཨཱ་ཧཱུྃཿ ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་སོགས་རང་གཞུང་ཡན་ལག་བཅུ་པ་བརྗོད། བགེགས་གཏོར་བཏང་ལ་ལས་བྱང་ཆུང་བ་ལྟར་བཀའ་བསྒོ། དྲག་སྔགས་ཡུངས་ཐུན་གུ་གུལ་བདུག་པ་སོགས་ཚོམ་རྔམས་བཅས་ནང་མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ། མཆོད་པ་བྱིན་རླབས། ཏིང་ངེ་འཛིན་རྣམ་གསུམ་ནས་བརྩམས་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། སྐབས་འདིར་ལྷ་བསྐྱེད་པའི་ཚུལ་ལ་སྔ་རབས་པ་ཁ་ཅིག་གིས་ལུས་དཀྱིལ་དང་མཐུན་པར་ཕོ་བྲང་གི་གདན་ལ་ཞི་བ། དེའི་རང་རྩལ་
དུ་ནམ་མཁར་ཁྲོ་བོ་བསྐྱེད་པར་བཞེད་པ་དང་། སྨིན་གླིང་ལོ་ཆེན་ནས་དོང་སྤྲུགས་བཀའ་མ་ཁྲོམ་དཀྲུགས་དང་མཐུན་པར་ཞི་ཁྲོ་སྦྲགས་མར་འགོད་པར་གསུངས་པ་དང་། ཆགས་མེད་ཞབས་ཀྱིས་ཐོག་མར་ཞི་བའི་དཀྱིལ་འཁོར་གསལ་བཏབ་ལ་དེ་ནམ་མཁར་བཏེགས་ནས། སླར་ཕོ་བྲང་གི་གདན་དངོས་ལ་ཁྲོ་བོ་བསྒོམ་པ་ལས་སྔ་རབས་བའི་ལུགས་སྲོལ་འདི་མི་འཐད་པར་གསུངས་ཤིང་། དེའང་མཁས་པ་ཁ་ཅིག་གིས་མི་འཐད་པའི་སྒྲུབ་བྱེད་བཅས་བཀོད་པར་སྣང་ཡང་། ཕྱིས་ཀྱི་མཁས་པ་རྒྱུད་དོན་མཁྱེན་པ་དག་ཕོ་བྲང་ཞི་ཁྲོ་སྦྲགས་མ་ཐོག་ཕུབ་མཆོད་རྟེན་ལུགས་སུ་བྱས་པའི་སྟེང་ཁང་བུམ་པའི་ནང་དུ་འཁོར་ལོ་རྩིབས་བཞིའི་གདན་ལ་ཞི་བ་རིགས་ལྔའི་ཚོམ་བུ། སྟེང་འོག་དང་མཚམས་བཞིར་ཐུབ་དྲུག །བུམ་པའི་སྒོ་བཞིར་སྒོ་བ་ཡབ་ཡུམ། འོག་ཁང་དཀྱིལ་འཁོར་དངོས་ལ་ཁྲག་འཐུང་རྣམས་གསལ་གདབ་པར་གསུངས་པ་ནི་རྒྱུད་ལུང་གང་དང་ཡང་མི་འགལ་ཅིང་རང་གཞུང་དངོས་བསྟན་ཉིད་ཡིན་པས་ཤིན་ཏུ་ལེགས་ཕྱིར་དེ་ལྟར་གསལ་གདབ། གནས་གསུམ་བྱིན་རླབས་དོན་གྱིས་ཐོབ་ཅིང་གཉིས་འཛིན་གྱི་རྟོག་པ་ཡོད་སྐབས་ཡི་ཤེས་པ་དབྱིངས་ནས་སྤྱན་འདྲེན་པ་སོགས་སྔགས་ཀྱི་ཐབས་མཁས་ཡིན་པས་མངོན་རྟོགས་གྲུབ་ནས། དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ་
མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲེས་ཏེ་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཧཱུྃཿ དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་འདིར༔སོགས་ནས་བཤགས་པ་དང་ཡིག་བརྒྱ་བརྗོད་པ་ཡན་ཆོ་ག་རྣམས་ཚིག་བཤར་ཙམ་མིན་པའི་འདོན་སྒོམ་འདྲེས་ངེས་བྱ། ཕྲེང་བ་བྱིན་རླབས་ལ། བཟླས་དམིགས་ཆགས་མེད་གསུང་རྣམས་སྐབས་སོ་སོར་སྦྱར་བ་ལེགས་ཀྱང་དཔེ་མ་འཛོམ་པའམ་སྤྱི་ཙམ་དུ། གཙོ་བོ་ཀུན་ཏུ་བཟང་པོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་རང་གི་རྩ་བའི་སྔགས་ཀྱིས་བསྐོར་བ། འཁོར་གྱི་ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་སྒོ་བ་ཡབ་ཡུམ་དང་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་རང་རང་གི་ས་བོན་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ་ཅིང་། གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་སོ་སོའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད། འགྲོ་དྲུག་གི་གནས་སུ་ཕོག །དེའི་བྱིན་རླབས་ཀྱིས། དམྱལ་བ་བཙོ་བསྲེགས། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཕོ་ལྟུང་གི་སྡུག་བསྔལ་
ཐམས་ཅད་ཞི་ཞིང་སྡིག་སྒྲིབ་མ་ལུས་པ་བྱང་ནས་རང་བཞིན་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་གནས་པ་མངོན་དུ་བྱས། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར། འོད་ཟེར་དེ་རྣམས་སླར་འདུས་རང་ལ་ཐིམ་པས། དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་སད་པར་བྱས་ནས་གསང་སྔགས་ཀྱི་སྒྲ་ཏི་རི་རི་སྒྲོགས་པར་བསམས་ལ་ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་སྒོས་ཛབ་རྣམས་བཟླ། ཡང་གདན་དང་ས་བོན་སྔར་ལྟར་ལས་ཞི་བ་རྣམས་ལ་བོ་དྷི་ཙིཏྟ་དང་། ཁྲོ་བོ་རྣམས་ལ་རུ་ལུའི་སྔགས་ཕྲེང་བསྐོར་བ་གསལ་གདབ། བཟླས་པའི་རྐྱེན་གྱིས་ཐུགས་རྒྱུད་བསྐུལ་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ། མཐུ་དབང་དངོས་གྲུབ་འོད་ཟེར་གྱི་རྣམ་པར་བསྡུས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། སངས་རྒྱས་ཀྱི་ས་ལ་བཀོད་པ་སོགས་དོན་གཉིས་བྱས་ནས་འཁོར་འདས་བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པས་མཚོ་ནང་དུ་ཁ་བ་བབས་པ་བཞིན་སྙིང་ཁའི་ས་བོན་ལ་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། སྣོད་བཅུད་
དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བ་ལས་སྣང་བ་ཐམས་ཅད་སྐུའི་རོལ་པ། གྲགས་པ་ཐམས་ཅད་གསུང་གི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རང་བཞིན་ཏུ་གྱུར་པར་མོས་ལ་སྤྱི་སྔགས་ཉིད་བཟླ། ཐུན་མཐར་ཁ་སྐོང་དང་མཆོད་བསྟོད་བྱ། ཉེར་བསྡུ་ནི། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསལ༔སོགས་ནས། ཨ་ཨ་ཨ༔ལྷར་ལངས། སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལསཿསོགས། སྒྱུ་མ་ལྟ་བུའི་ངང་དུ་སྤྱོད༔ཅེས་ཐུན་མཚམས་ཀྱི་སྤྱོད་ལམ་བྱ།། ༈ །།དེ་ནས་སྲོད་ཐུན་ལ་སྔོན་འགྲོ་སྐྱབས་སེམས་སོགས་མདོར་བསྡུས་ཙམ་དང་དངོས་གཞི་བཟླས་པའི་བར་སྔར་བཞིན་བྱས་ལ། གྲུབ་ན་གཏོར་བསྔོ་བཀའ་སྲུང་སྔ་བདུན་རང་གཞུང་ལྟར་དང་ལས་བྱང་ཆུང་བའི་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷག་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། དེའི་སང་ཞོགས་ཐོར་ཐུན་ལ་བབས་པ་ན། གཏི་མུག་གཉིད་སྐྲོགས་ཀྱིས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཤིང་ལས་བྱང་གི་སྐྱབས་སེམས་ནས་བཟུང་བཟླས་པ་དང་ཐུན་མཚམས་ཀྱི་བར་སྔར་བཞིན་ནོ། །ཐུན་མཚམས་འདིར་དགེ་སྦྱོར་ཆག་མེད་ཀྱི་རིགས་ཡོད་ན་བྱེད།
དེ་ནས་སྔ་ཐུན་ལ་སྐྱབས་སེམས་ཡན་ལག་བཅུ་པ་སྔོན་དུ་འགྲོ་བས། ལས་བྱང་གི་བཟླས་པའི་བར་སྔར་དང་ཁྱད་མེད། ཐུན་མཐར་མཆོད་བསྟོད་ཉེར་བསྡུ་ལྷར་ལངས་སྔར་བཞིན་དང་། ཐུན་མཚམས་འདིར་གུང་ཚིགས་སོགས་བྱེད། དེ་ནས་དགོངས་ཐུན་ནི་སྔར་གྱི་ཐུན་དང་ཁྱད་པར་མེད། སྲོད་ཐུན་ཀྱང་སྔར་བཞིན་ལས་བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་སོགས་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་མགོར་རྒྱས་པ་དང་། རྗེས་ཆོག་རྣམས་སྲོད་ཐུན་གྱི་མཐར་རྒྱས་པར་བྱེད། ཐུན་བར་མ་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཙམ་གྱིས་ཆོག་གོ། །བསྙེན་ཚད་རབ་རྟགས་མཚན་མཐོང་བ། འབྲིང་དུས་བསྙེན་ཟླ་བ་དྲུག །ཐ་མ་གྲངས་བསྙེན་ཏེ་དེ་ལའང་རབ་འབྲིང་ཐ་མ་གསུམ་ལས། རབ་ནི་ཀུན་བཟང་ཡབ་ཡུམ་ལ་འབུམ་ཕྲག་དྲུག །རིགས་ལྔ་ཡབ་ཡུམ་ཁྲི་ཕྲག་རེ། སེམས་དཔའ་ཡབ་ཡུམ་ནས་སྒོ་བཞིའི་བར་སྟོང་ཕྲག་ལྔ་རེ། ཁྲག་འཐུང་གཙོ་བོ་ཡབ་ཡུམ་ལ་འབུམ་ཕྲག་བཅུ་གཅིག །ཁྲག་འཐུང་རིགས་ལྔ་ལ་ཁྲི་ཕྲག་རེ། གནས་ཡུལ་མན་ཆད་ལ་སྟོང་ཕྲག་ལྔ་རེ། སྤྱི་ཛབ་འབུམ་ཕྲག་གསུམ་གྱིས་མཐའ་བརྟེན་པའོ། །འབྲིང་པོ་ནི། ཀུན་བཟང་དང་ཆེ་མཆོག་ཡབ་ཡུམ་འབུམ་ཕྲག་རེ། གཞན་རྣམས་ཞོར་བཟླས། སྤྱི་ཛབ་འབུམ་ཕྲག་བཞི་ནས་
ཉེར་བརྒྱད་བར་ཅི་འགྲོ། ཐ་མ་ནི་སྤྱི་ཛབ་ཁོ་ན་འབུམ་ཕྲག་བཞི་ལ་མ་མཐའ་བྱས་པའོ། །དེ་ལྟ་བུའི་གྲངས་བསྙེན་རྒྱས་པའི་སྐབས་སྒོས་བསྙེན་ཐུན་རེ་རེ་བཞིན་ཆ་བགོ་ན། ཐོར་ཐུན་ལ་རྒྱུན་གྱི་ཡི་དམ་ཆག་མེད་གང་ཡོད་བཏང་། ཐུན་གཞན་གསུམ་པོ་ལ་ཐུན་རེའི་ནང་དུ་གཙོ་བོ་ཡབ་ཡུམ་སྟོང་ཕྲག་བཞི་དང་སུམ་བརྒྱ་བཞི་བཅུ་ཐམ་པ་རེ། རིགས་ལྔ་ཡབ་ཡུམ་སྦྲེལ་བ་ཐུན་རེའི་ནང་བདུན་ཅུ་རེ། སེམས་དཔའ་ཡབ་ཡུམ་ནས་བཟུང་སྒོ་བ་ཡན་ཆད་ལ་སུམ་ཅུ་སོ་ལྔ་རེ། དེ་ལྟར་བྱས་པས་ཞག་ལྔ་བཅུ་ཐམ་པས་སྒོས་བསྙེན་འགྲུབ། ཁྲོ་བོ་ཐུན་རེའི་ནང་དུ་གཙོ་བོ་ཡབ་ཡུམ་ལ་སྟོང་ཕྲག་དྲུག་དང་བརྒྱ་ཚོ་གཅིག་བཅུ་གསུམ་རེ། ཁྲག་འཐུང་ཡབ་ཡུམ་ལྔ་སྦྲེལ་བ་རེ་རེ་ལ་ལྔ་བཅུ་ང་བདུན་རེ། འཁོར་ཀཽའུ་རཱི་མན་ཆད་ལ་ཉེར་བརྒྱད་རེ་བྱས་པས་ཞག་དྲུག་ཅུས་ཁྲོ་བོའི་སྒོས་འཛབ་འགྲུབ། དེ་རྗེས་སྤྱི་འཛབ་གཉིས་ཉིན་རེ་ཁྲི་གཉིས་རེ་བཟླས་པས་ཞག་བཅོ་ལྔས་འགྲུབ་བོ། །དེའང་ཞི་བསྙེན་མ་སོང་བར་དེ་ཉིད་གཙོར་བཟླ། ཐུན་མཇུག་ཏུ་ཁྲོ་བོ་རྣམས་ཚར་གསུམ་རེ་ཙམ། ཞི་བསྙེན་ཐེམས་ནས་ཁྲོ་བསྙེན་གཙོར་བྱེད་སྐབས་ཐུན་མགོར་ཞི་བསྙེན་ཚར་གསུམ་རེ་ཙམ་བཟླ། ཐུན་རེ་བཞིན་གྱི་བཟླས་གྲངས་ཁྲིགས་མ་མི་ནུས་ན། ཐོག་མར་ཀུན་བཟང་ཡབ་ཡུམ་གྲངས་མ་ཐེམས་པར་བཟླ། གཞན་
རྣམས་ཐུན་མཐར་གསུམ་ཙམ་རེ་བཟླ་བས་མཚོན། བཟླ་བྱ་དེ་ཉིད་གྲངས་གསོག །གཞན་རྣམས་ཞར་བྱུང་ཅི་འགྲུབ་རེ་བྱས་ཀྱང་ཆོག་གོ། །ཐུན་མཚམས་རྣམས་སུ་ཡིག་བརྒྱ་དང་དབྱངས་གསལ་སྤེལ་ཚིག་ཅི་ནུས་དང་། སྤྱི་དྲིལ་ཉིད་གྲངས་སུ་མི་བརྩི་བར་ཅི་འགྲུབ་བཟླས་པས་ཁ་སྐོང་དུ་འགྱུར་རོ། །དེ་ལྟ་བུའི་བསྙེན་པ་རབ་འབྲིང་ཐ་མ་གང་རུང་ཐམས་ནས་སྒྲུབ་པའི་ས་བཅད་ཙམ་བྱ་བ་གོང་མ་འགའ་ཞིག་བཞེད་པས། མདུན་རྟེན་དཀྱིལ་འཁོར་བུམ་པ་གཏོར་མ་སོགས་བཤམ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས་གང་འབྱོར་རྒྱས་པར་བྱས་ལ། ལས་གཞུང་བསྲང་སྟེ་བདག་མདུན་དབྱེར་མེད་དུ་བསྒོམ། བཟླས་པའི་མགོར་སླེབ་པ་དང་མདུན་རྟེན་གྱི་གོ་སར་འཛབ་ཁང་ཕྱེས་ཏེ་བདག་མདུན་གཉིས་ཀར་དམིགས་པའི་སྤྲོ་བསྡུ་བཅས་སྒོས་ཛབ་ཅི་འགྲུབ་དང་། སྤྱི་འཛབ་ཐུན་གྱི་དངོས་གཞི་བྱས་ལ་བཟླ། ཉིན་རེ་བཞིན་བཀའ་སྲུང་གཏོར་འབུལ། ཚོགས་སྐོང་རྒྱས་པར་བྱ་བཞག་བདུན་ནམ་གསུམ་གྱིས་མཐའ་བརྟེན་པ་ཅི་འགྲུབ་བྱ། དེ་ལྟར་བསྙེན་སྒྲུབ་གྲུབ་ནས་རྗེས་ཀྱི་བྱ་བ་ནི། སང་གྲོལ་རྒྱུའི་དགོངས་ཐུན་ནས་བཟུང་མཆོད་གཏོར་གསར་དུ་བཤམ། བཟླས་པའི་སྐབས་མདུན་རྟེན་ལ་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྤྱི་འཛབ་ཞི་བ་ལ་བོ་དྷ་ཙིཏྟ་དང་། ཁྲོ་བོ་ལ་རུ་ལུའི་མཐར་མ་མ་
སརྦ་སིངྡྷི་ཧཱུྃ་ཕཊ། ཅེས་བཏགས་པ་ཅི་ནུས་སུ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ། སླར་ཡང་མཆོད་གཏོར་རྒྱ་ཆེན་བཤམ། ལས་བྱང་རྒྱས་པར་བཏང་ནས་དངོས་གྲུབ་ལ་དམིགས་པའི་བཟླས་པ་ཅི་ནུས་བྱ། ཆོས་སྐྱོང་སོགས་གཏོར་བསྔོ་དང་ཚོགས་མཆོད་བརྟན་སྐྱོང་གི་བར་དུ་སོང་བས། མདུན་བསྐྱེད་ལ་མཆོད་བསྟོད་རྒྱས་པར་བྱ། ཡིག་བརྒྱ་མང་དུ་བཟླས་པས་ནོངས་པ་བཤགས། པད་གླིང་ལུགས་ཀྱི། ཧཱུྃ་རིག་རྩལ་ལྷུན་གྲུབ་སོགས་སམ། ཧཱུྃ། བདེ་གཤེགས་རྒྱལ་བ་ཞི་ཁྲོ་སོགས་དངོས་གྲུབ་སྐུལ་ཚིག་གང་རུང་མཐར། སྤྱི་འཛབ་ལ། ཀཱ་ཡ་སིངྡྷི་ཨོཾ་སོགས་བཏགས་པ་བརྗོད་ལ། མདུན་བསྐྱེད་དཀྱིལ་འཁོར་པའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་བུམ་པ་གཏོར་མ་གནས་གསུམ་དུ་གཏུགས། གཏོར་མའི་ལྷ་ཡང་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ། གཏོར་ཟན་དང་བུམ་ཆུ་མྱངས་པས་བྱང་ཆུབ་སེམས་ཀྱི་དྭངས་མས་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་ཁྱབ་ཅིང་བདེ་ཆེན་གྱི་ཡེ་ཤེས་བཟོད་མེད་དུ་འབར་བར་བསམས་ལ་སྟོང་ཉིད་ཁྱབ་གདལ་ཆེན་པོར་མཉམ་བཞག་བྱ། རྗེས་ཆོག་ཤིས་བརྗོད་སྨོན་ལམ།
མདུན་བསྐྱེད་རས་བྲིས་དང་རྟེན་ཡོད་ན་བརྟན་བཞུགས་བྱ། ཚོམ་བུ་ཡིན་ན་གཤེགས། བསྡུ་ལྡང་ཡན་གཞུང་ལྟར་ལ། ཞལ་ནས་གསུངས་པས་ཐོག་དྲངས་པའི་ཤིས་བརྗོད་དང་ཐུན་མོངས་མ་ཡིན་པའི་སྨོན་ལམ་མང་དུ་གདབ་ལ་མཐའ་རྒྱས་བྱ། ཁ་སྐོང་ཞི་བའི་སྦྱིན་སྲེག་སྤྱི་འཛབ་ཅི་ཙམ་བཟླས་པའི་བཅུ་ཆ་བླུགས། རྒྱལ་ཆེན་དང་ཕྱིའི་གཙང་རིས་ལ་གཏོང་རག་མཆོད་གཏོར་ཕུལ་ནས་རང་གནས་སུ་གཤེགས། རྒྱལ་ཐོ་བཀྲོལ། གཏོང་རག་ཚོགས་ཀྱི་དགའ་སྟོན་དང་གནས་སྲུང་སོགས་མཚམས་ཀྱི་བྱ་བ་སྤྱི་ལྟར་ཤེས་པར་བྱའོ། །ལྷུན་གྲུབ་ཞི་ཁྲོ་ཡེ་ཤེས་ཕྱག་རྒྱ་ཡིས། །གཉིས་སྣང་འཁོར་ལོ་ཀུན་ལ་བཏབ་ནས་ཀྱང་། །གཞིར་རྫོགས་དག་པ་རབ་འབྱམས་ཀློང་ཆེན་པོར། །འཁོར་འདས་གཉིས་མེད་ཐིག་ལེ་གཅིག་གྱུར་ཤོག །ཚུལ་འདིའང་ཆོས་སུ་ཅུང་ཟད་སོང་བའི་ཉམ་ཆུང་བློ་དམན་ཁ་ཅིག་རྒྱས་པ་ལག་ཏུ་མི་ཐེབས། བསྡུས་ཆེས་པས་བློ་ཁ་མ་ཚིམས་ཀྱང་འདི་བྱ་ངེས་པ་མ་རྙེད་པ་དག་མཐོང་བས། དེ་འདྲའི་རིགས་ལ་ངེས་པ་སྟེར་བྱེད་ཙམ་དུ། སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྔགས་རིག་འཛིན་པ་པདྨ་གར་དབང་
ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་ཞི་ཁྲོ་བདེ་གཤེགས་ཀུན་འདུས་ཀྱི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།