འཇམ་དཔལ་ཚེ་བདག་དམར་པོའི་ཚེ་དབང་བདུད་རྩིའི་རྒྱུན་འབེབས་འཆི་མེད་དཔལ་སྟེར།
འཇམ་དཔལ་ཚེ་བདག་དམར་པོའི་ཚེ་དབང་བདུད་རྩིའི་རྒྱུན་འབེབས་འཆི་མེད་དཔལ་སྟེར་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་ཡ་མཱནྟ་ཀཱ་ཡ། འདིར་འཇམ་དཔལ་ཚེ་བདག་དམར་པོའི་ཚེ་སྒྲུབ་ཀྱི་དབང་སྦྱིན་པར་འདོད་པས། དཀྱིལ་འཁོར་དང་རྫས་བཤམས་བཀོད་སྒྲུབ་ཐབས་གཞུང་ལྟར་འདུ་བྱས་ལ། བདག་བསྐྱེད་གང་རུང་བཟླས་པ་ཚོགས་ལྷག་མ་བཅས་གྲུབ་རྗེས། འདི་ཉིད་ཀྱི་ལས་གཞུང་བསྲངས་ལ་བཟླས་པ་ཅི་ལྕོགས་བྱ། ཚེ་འགུགས་པ་སོགས་གཞུང་ལྟར་བྱས་ལ། ལས་བུམ་ནང་དུ་པད་ཉིའི་གདན་ལ་ཡཿ མཐིང་ནག་ལས་གཤིན་རྗེ་གཤེད་མཐིང་ནག་གཡས་བེ་ཅོན་ནམ་མཁར་ཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེངས་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་གསལ་བར་གྱུར། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླ། ལྷ་འོད་དུ་ཞུ་བས་རྡོ་རྗེ་བདུད་རྩིའི་ཆུ་
ནུས་པ་དང་ལྡན་པར་བསམས་ལ། ཧཱུྃ་ཧྲཱིཿ ཡེ་ནས་རང་བྱུང་ལྷུན་གྱིས་གྲུབ་པའི་དཔལ་སོགས་ཀྱིས་དངོས་གྲུབ་བླང་ངོ་། །དེ་ནས་དབང་བསྐུར་བ་ནི། ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཁྲུས་བྱས་ལ་ཡིག་བརྒྱ་བཟླ། བགེགས་གཏོར་བཏང་ལ་སྲུང་འཁོར་བསྒོམ། འོ་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཇམ་དཔལ་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པའི་ཕྱིར་དུ་དབང་བསྐུར་ཟབ་མོ་ནོད་པར་བྱའོ་སྙམ་པའི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་པས་གསན་འཚལ། དེ་ཡང་འགྲོ་བ་ཐམས་ཅད་ཀྱི་ཚེ་སྲོག་གི་བདག་པོ་འཆི་བདག་གཤིན་རྗེ་ཉིད་འདུལ་བྱེད་ཀྱི་གཉེན་པོ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་
གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་རང་གཟུགས་འཇམ་དཔལ་དབྱངས་གཤིན་རྗེའི་གཤེད་པོར་ཡོངས་སུ་གྲགས་པའི་ལྷ་མཆོག་ཁྱད་པར་ཅན་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་ཀྱི་རིམ་པ་གསར་རྙིང་སོ་སོའི་བཀའ་སྲོལ་རྒྱ་མཚོ་ལྟ་བུ་བཞུགས་པའི་ནང་ནས། འདིར་བྱིན་རླབས་བཀའ་བབས་ཀྱི་ཚན་ཁ་ལྷག་པར་ཆེ་བ་སྔ་འགྱུར་གཏེར་མའི་ཕྱོགས་སུ་བྱོན་པ་སྟེ། དེ་ཡང་ཇི་སྐད་དུ། འཆི་བདག་བདུད་འཇོམས་འཇམ་མགོན་ཚེ་སྒྲུབ་འདི༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ མཚོ་རྒྱལ་འབྲོག་བན་གཉིས་ལ་གདམས༔ ད་ལྟ་སྤེལ་བའི་གནས་མེད་པས༔ ཟིལ་ཁྲོམ་དཀར་ཡག་རྡོ་རྗེའི་ཀེའུ་ཚང་དུ༔ རིན་ཆེན་ས་ལ་གཏེར་དུ་སྦོས༔ མ་འོངས་རྩོད་ལྡན་རྩུབ་འགྱུར་ཐ་མའི་དུས༔ ང་སྤྲུལ་སྙིང་གི་བུ་དང་འདི་འཕྲད་ཤོག༔ ཅེས་སོགས་གསུངས་པ་ལྟར་སྤྲུལ་པའི་གཏེར་སྟོན་ཆེན་པོ་བདུད་འདུལ་ནུས་ལྡན་རྡོ་རྗེས་ཟིལ་ཁྲོམ་རྡོ་རྗེའི་གནས་ནས་སྤྱན་དྲངས་པའི་འཇམ་དཔལ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་ཀྱི་དབང་བསྐུར་བ་སྐབས་སུ་བབ་པ་ཡིན་ལ། ཚུལ་འདིར་གཏེར་སྟོན་ཆེན་པོ་སངས་རྒྱས་གླིང་པས་ཀོང་པོ་རྒྱ་ལའི་རྦ་དོང་བར་མ་འཇམ་དཔལ་ཚེ་བདག་ནག་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་འཇམ་དཔལ་ཞི་དྲག་ཕྱེད་མ་ཟབ་རྒྱ་བར་བ། དམར་པོ་
ལོངས་སྤྱོད་ཚེ་འཕེལ་གྱི་དབང་གི་ཆུ་བོ་ཡང་གཅིག་ཏུ་འདྲེས་ཤིང་བཀའ་གཏེར་དག་སྣང་གི་བྱིན་རླབས་དུ་མ་འདུས་པའི་སྨིན་བྱེད་འདི་ཉིད་ཐོབ་པ་ཙམ་གྱིས། དུས་སྙིགས་མ་ཚེ་ལ་བར་ཆད་མང་བའི་དུས་སུ་ཡང་། ཚེ་ཡི་གེགས་ཐམས་ཅད་ཞི་ནས་ཚེ་ཡི་དངོས་གྲུབ་ཐོབ་པར་རྒྱལ་དབང་པདྨའི་རྡོ་རྗེའི་གསུང་གིས་བསྔགས་པའི་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས་སློབ་དཔོན་གྱི་བགྱི་བ་རྣམས་སྔོན་དུ་ལེགས་པར་གྲུབ་ཟིན་པས། ད་སློབ་མ་རྣམས་ཀྱི་ངོས་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཧྲཱི༔ རྒྱལ་ཀུན་དབང་ཕྱུག་རིག་འཛིན་པདྨ་འབྱུང་༔ སྐྱེ་འཆི་འཇིགས་བྲལ་འཇམ་མགོན་ཚེ་དཔག་མེད༔ འཆི་བདག་གཤིན་རྗེའི་དགྲ་ལས་རྣམ་རྒྱལ་བའི༔ འཆི་མེད་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་བཏབ་ལ། རྒྱུད་དག་པར་བྱ་བའི་ཕྱིར་མདུན་གྱི་ནམ་མཁར་འཇམ་དཔལ་ཚེ་དཔག་ཏུ་མེད་པ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བའི་མདུན་དུ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་
མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་བདུན་རྣམ་དག་ལན་གསུམ་བྱ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་དམར་གསལ་རྒྱ་མཚལ་གྱི་ཐིགས་པ་ལྟ་བུ་ལས་སོགས་སྒྲུབ་ཐབས་ལྟར་ནས། གཟི་བརྗིད་འོད་ཕུང་འབར་བའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀར་ཉི་མའི་གདན་ལ་རྣམ་པར་ཤེས་པ་ཚེ་སྲོག་གི་ངོ་བོ་ནྲྀ་དམར་ལ་འཚེར་བ་ཞིག་གསལ་བར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མོས་གུས་དུང་དུང་བ་བྱས་པས་གནས་གསུམ་གྱི་ཡི་གེ་ལས་འོད་འཕྲོས། མཁའ་ཁྱབ་ཞིང་གི་རྒྱལ་བ་སྲས་དང་བཅས་པ། རྩ་གསུམ་དམ་ཅན་སྲུང་མ་ཐམས་ཅད་འཇམ་དཔལ་ཚེ་ བདག་དམར་པོའི་རྣམ་པར་སྐུ་ཆེ་བ་རི་རབ་ཆུང་བ་ཡུངས་འབྲུ་ཙམ་དཔག་ཏུ་མེད་པ ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཅེས་རོལ་མོ་དང་བཅས་གུ་གུལ་སོགས་བདུག་ལ། འཕགས་མཆོག་ཐུགས་རྗེའི་སོགས་བྱིན་འབེབ་ཅི་རིགས་དབྱངས་སྙན་པོས་བསྒྲགས་དམིགས་པ་གཟིར། རྩ་སྔགས་དང་། ཛྙཱ་ན་ཨཱ་བེ་ཤ་ཡ་ཕེཾ་
ཕོ་ཨཱཿཞེས་པས་བྱིན་དབབ་ལ། རྡོ་རྗེ་སྤྱི་བོར་བཞག་ནས། བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་བརྗོད། སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་ལས་དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ཕོ་ཉ་མགྱོགས་མའི་ཚོགས་བཅས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་ཁ་བ་དང་བུ་ཡུག་འཚུབས་པ་ལྟར་འཕྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཉམས་འཁྱར་ཡར་བ་རྣམས་དང་། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་བྱིན་རླབས་དྭངས་བཅུད་མ་ལུས་པ་འཇའ་འོད་ཐིག་ལེའི་རྣམ་པར་བཀུག་སྟེ་ཚེ་རྫས་དང་སྙིང་གའི་ནྲྀ་ལ་སིབ་སིབ་ཐིམ་པར་བསྒོམ་མཛོད། མདའ་དར་གཡབ་ལ། ཧཱུྃ་ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་སོགས་ནས། ཛཿཧཱུྃ་བྃ་ཧོཿའི་བར་གྱི་ཚེ་འགུགས་བྱ། དེ་ནས་དབང་བསྐུར་བ་དངོས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡེ་ཤེས་ཆེན་པོའི་ངོ་བོ་ལ་རྣམ་པ་དམ་ཚིག་གི་རྟེན་ཚེ་ཟན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་སོགས་རྫས་རྣམས་སྤྱི་བོ་ལ་སོགས་པའི་གནས་སུ་བཞག་པ་ཙམ་གྱིས་ལུས་ངག་ཡིད་གསུམ་ཀུན་གཞི་དང་བཅས་པ་གནས་གྱུར་ཏེ་སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་འཆི་མེད་རྟག་པ་དམ་པའི་དངོས་གྲུབ་ཐོབ་པར་
མོས་པ་མཛོད། ཅེས་ཐོག་མར་ཚེ་ཡི་གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱིཿ འཇིགས་མེད་དཔལ་གཏེར་ཡེ་ཤེས་ལྔ་ལྡན་པའི༔ བཀྲ་ཤིས་འགྱུར་མེད་ཚེ་གཡང་དཔལ་འཕེལ་བ༔ རིན་ཆེན་དཔལ་འབར་འཆི་མེད་དངོས་གྲུབ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཚེ་གཡང་རིགས་རྒྱུད་དཔལ་འཕེལ་དབང་ཐོབ་ཤོག༔ བསྙེན་སྒྲུབ་སྔགས་ཀྱི་མཐར། ཨཱཿཡུ་ཛྙཱ་ན་བ་ལིངྟ་ཨ་བྷི་ཥཱིཉྩ་ཏུ་མཱྃཿ ཚེ་ཡི་རྟེན་རྡོ་རྗེ་ལག་པ་གཡས་སུ་གཏད་ལ། ཧཱུྃ་ཧྲཱིཿ ཅིས་ཀྱང་མི་ཤིགས་འགྱུར་མེད་ཚེ་ཡི་རྟེན༔ སྲ་མཁྲེགས་འགྱུར་མེད་རྟགས་ཀྱི་རྡོ་རྗེ་འདི༔ དུས་གསུམ་རྒྱལ་ཀུན་དབང་ཕྱུག་ཕྱག་ན་གནས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ བསྙེན་སྒྲུབ་སྔགས་མཐར། ཨོཾ་བཛྲ་ཨཱཿཡུ་ཥེ་ཨ་བྷི་ཥཱིཉྩ་ཏུ་མཱཾཿ སྲོག་གི་རྟེན་ཚེ་མདའ་ལག་གཡས་སུ་གཏད་ལ། ཧཱུྃ་ཧྲཱིཿ ལོག་འདྲེན་འཆི་བདག་བདུད་དཔུང་འཇོམས་མཛད་པ༔ སྲོག་བརྟན་འགྱུར་མེད་དཔལ་གྱི་ཚེ་མདའ་འདི༔ དུས་གསུམ་རྒྱལ་བས་རབ་བསྔགས་ཕོ་ཉ་སྟེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་བདུད་བར་ཆད་བཟློག་པའི་དབང་ཐོབ་ཤོག༔ བསྙེན་སྒྲུབ་སྔགས་མཐར། བཛྲ་ཨ་ནུ་ཏ་ར་ཨ་བྷི་ཥཱིཉྩ་ཏུ་མཱཾཿ དགའ་བ་འཁྱིལ་བ་ལག་ཏུ་གཏད་ཅིང་སྙིང་གར་བཞག་ལ། ཧཱུྃ་ཧྲཱིཿ བླ་ཚེ་སྲོག་
དབུགས་འགྱུར་མེད་རྟག་བརྟན་ཕྱིར༔ དུས་གསུམ་སངས་རྒྱས་ཀུན་དང་མཉམ་སྦྱོར་བའི་༔ མི་ཤིགས་རྟག་བརྟན་གཡུང་དྲུང་དགའ་བ་འཁྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་ཤིགས་བླ་སྲོག་རབ་བརྟན་དབང་ཐོབ་ཤོག༔ བསྙེན་སྒྲུབ་སྔགས་མཐར། ཨོཾ་ཨཱཿཡུ་ཛྙཱ་ན་བཛྲ་སྭསྟི་བྷྲཱུྃ་ཨ་བྷི་ཥིཉྩ་ཏུ་མཱཾཿ བུམ་པ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱིཿ སྲོག་ལུས་དབང་ཐང་རབ་རྒྱས་ཀླུང་རྟའི་རྟེན༔ འཆི་མེད་བདུད་རྩི་བུམ་བཟང་བཅུད་ཆེན་འཁྱིལ༔ ནུབ་མེད་ཚེ་གཡང་དཔལ་སྐྱེད་དགའ་བདེའི་རྒྱུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བཀྲ་ཤིས་དཔལ་འབར་བདེ་དགའི་དབང་ཐོབ་ཤོག༔ བསྙེན་སྒྲུབ་སྔགས་མཐར། ཨོཾ་ཨཱཿཡུཿཛྙཱ་ན་ཀཱ་ལ་ཤ་ཨ་བྷི་ཥཱིཉྩ་ཏུ་མཱཾ༔ བུམ་ཆུ་འཐུང་དུ་གཞུག །དངོས་གྲུབ་འབྱུང་གཏེར་བྷནྡྷ་ལག་གཡོན་དུ་གཏད་ལ། ཧཱུྃ་ཧྲཱིཿ དངོས་གྲུབ་འབྱུང་གཏེར་ཡེ་ཤེས་ཀཱ་པ་ལ༔ མི་ཟད་བདུད་རྩིའི་བཅུད་མཆོག་རྒྱ་མཚོར་འཁྱིལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ དགོས་འདོད་ཀུན་འབྱུང་དངོས་གྲུབ་ཆར་འབེབས་ཤོག༔ ཨོཾ་སུ་ཏྲ་ཨཱ་ཡུ་ཛྙཱ་ན་ཨ་མྲི་ཏ་ཨཱ་བྷི་ཥཱིཉྩ་ཏུ་མཱཾཿ དེ་ནས་མཐའ་རྟེན་དུ་དངོས་གྲུབ་ལེན་པའི་ཐོག་མར་སྤོས་བསྲེགས་མདའ་དར་གཡབ་རོལ་མོ་དང་བཅས་ཏེ་དཔོན་སློབ་ལྷན་ཅིག་པས། ཧཱུྃ་ཧྲཱིཿ རང་བཞིན་གནས་ནས་ཚེ་བདག་
སོགས་ཚར་གཅིག་བརྗོད་ལ། ཕྱོགས་བཅུའི་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་བསྟིམས་ཏེ། དཔོན་སློབ་ཀུན་གྱིས་དངོས་གྲུབ་ཀྱི་རྫས་དང་ཟས་སྣ་ཚོགས་ཐོགས། འཛབ་དབྱངས་བཟླས་པ་ཙམ་གྱིས་ཚེའི་ལྷ་ཚོགས་ཐམས་ཅད་ཀྱིས་བདུད་རྩིའི་ཆར་རྒྱུན་ཕབ་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམས་ལ། དཔོན་སློབ་ཐམས་ཅད་ལྷན་ཅིག་ཏུ། ཧཱུྃ་ཧྲཱིཿ ཡེ་ནས་རང་བྱུང་སོགས་སྒྲུབ་ཐབས་གཞུང་ལྟར་བརྗོད་ཅིང་དངོས་གྲུབ་བླངས། དངོས་གྲུབ་ཀྱི་རྫས་བཟའ་བར་འོས་པ་རྣམས་ཟ་ཞིང་བཅང་བར་འོས་པ་རྣམས་བཅང་བར་བྱའོ། །དེ་ལྟར་འཆི་མེད་ཚེ་ཡི་དབང་མཆོག་གྲུབ་པ་ལ་དྲང་སྲོང་རིག་འཛིན་ཚེ་ཡི་ལྷ་ཚོགས་གནས་གསུམ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པ་ནམ་མཁའི་ཁམས་ཁྱབ་པར་ཏིལ་གྱི་གང་བུ་ཕྱེ་བ་བཞིན་དུ་བཞུགས་པའི་ཕྱག་ནས་མེ་ཏོག་མནྡྷ་ར་བའི་ཆར་ཆེན་པོ་འབེབ་ཅིང་ཞལ་ནས་བཀྲ་ཤིས་ཀྱི་གླུ་དབྱངས་བསྒྲགས་པས་ཕྱོགས་དང་དུས་ཐམས་ཅད་དུ་དགེ་ལེགས་ཀྱི་དཔལ་ཡོན་མི་ཟད་པའི་མཆོག་སྩོལ་བར་གྱུར་པའི་མོས་པ་མཛོད། བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བརྗོད། དེ་དག་གིས་འཇམ་དཔལ་ཚེ་བདག་དམར་པོའི་སྒོ་ནས་ཚེ་ཡི་དངོས་གྲུབ་སྦྱིན་པའི་དབང་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས། དབང་གི་སྲོག་དམ་ཚིག་དང་སྡོམ་པ་ལ་ནན་ཏན་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་
ལྟར་སོགས་ལན་གསུམ། སླར་ཡང་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དམིགས་ནས་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས་བརྗོད། དེ་ལྟར་འཆི་མེད་ཚེ་ཡི་དབང་མཆོག་ཟབ་མོ་ལེགས་པར་ཐོབ་པའི་དགེ་བའི་རྩ་བ་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་རློམས་པ་མེད་པར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པའི་ཐུགས་འདུན་གནང་བར་ཞུ། འཇམ་དཔལ་དཔའ་བོས་སོགས་བསྔོ་སྨོན་ཅི་རིགས་བྱའོ། །རྗེས་ཀྱི་བྱ་བ་མདུན་བསྐྱེད་ལ་མཆོད་བསྟོད་བྱ་ཞིང་ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་པ་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱ། དམ་ཚིག་པ་རྣམས་རང་གི་སྙིང་གའི་ནྲྀ་ལ་ཐིམ་པས་བྱིན་གྱིས་བརླབས་ཏེ། སྐྱེ་འཆིའི་འཇིགས་བྲལ་མི་འགྱུར་བ་གཡུང་དྲུང་ལྟ་བུའི་ཚེ་ཡི་རིག་འཛིན་བརྙེས་པར་བསམས་ལ། རང་བཞིན་ལྷན་སྐྱེས་འགྱུར་མེད་བློ་འདས་ཀྱི་ངང་ལ་མཉམ་པར་བཞག །བདག་བསྐྱེད་ཀྱི་ཆོ་གའི་མཇུག་བསྐུལ་བ་ཆད་བརྟན་ནས་ཤིས་བརྗོད་བསྔོ་སྨོན་བར་བྱའོ། །རྟག་ཏུ་མི་འགྱུར་གཉུག་མ་རྡོ་རྗེའི་ཚེ། །མྱུར་དུ་འགྲུབ་པའི་ཐབས་མཆོག་བདུད་རྩིའི་བཅུད། །མཁའ་ཁྱབ་འགྲོ་བ་ཀུན་གྱིས་
ལོངས་སྤྱོད་ནས། །བདེ་ཆེན་གཞོམ་གཞིག་བྲལ་བའི་དཔལ་ཐོབ་ཤོག །གཏེར་ཁ་ཟུང་གི་བྱིན་རླབས་ཆུ་བོ་གཅིག་འདྲེས་ཀྱི་དབང་ཆོག་འདི་ནི་བདུད་འདུལ་རྡོ་རྗེའི་གཏེར་གཞུང་ལ་སྐབས་སུ་བབས་པའི་མཚམས་སྦྱོར་གྱིས་བརྒྱན་ཏེ། དཔལ་ལྡན་བླ་མའི་ཞིང་སྐྱོང་རིན་པོ་ཆེ་མཆན། མདུན་ནས་ཇི་ལྟར་ནོད་པའི་ཕྱག་ལེན་རྣམ་དག་བཞིན། ལུགས་འདིའི་བྱིན་རླབས་ཀྱི་ཚན་ཀ་ངེས་པར་འདུས་པ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་རབ་ཚེས་ཤིང་མོ་ལུག་གི་ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་རྟེན་འབྲེལ་མཆོག་ཏུ་དགེ་བ་དང་བཅས་ཏེ་ཉིན་གཅིག་པོ་དེ་ལ་གྲུབ་པར་བགྱིས་པ་འདིས་འགྲོ་བ་ཀུན་གྱིས་འཇམ་དཔལ་ཚེ་ཡི་བདག་པོའི་གོ་འཕང་རྟག་པ་དམ་པ་ཐོབ་པར་གྱུར་ཅིག །མངྒ་ལཾ།། །།