Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།

8 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
བསངས་མཆོད།
  
  
  
  
  
  
 
 
  
  
  
 
  
 
  
  
  
  
  
 
  
  
  
  
  
  
 
  
  
  


8 occurrences of ཁྲོལ་བུ་
[Clear Hits]

 
previousབསངས་མཆོད།next

བསངས་མཆོད།


TNT14_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་མཆོད་བཞུགས་སོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། སྭ་བྷཱ་ཝས་སྟོང་པར་སྦྱངས། ཧཱུཾ་ལས་བྱུང་བའི་བསངས་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ན་མོ་རྩ་བརྒྱུད་བླ་མ་འཁོར་བཅས་དང༌། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རང་རྒྱལ་འཕགས་ཚོགས་བཅས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན། །མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ཤིག ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །གཞི་བདག་མཐུ་ཆེན་འདི་ཞེས་པ། །འཁོར་བཅས་རྣམས་ལ་མཆོད་པར་འབུལ། །གཞན་ཡང་གཞི་བདག་གནས་བདག་དང༌། །གྲོང་བདག་གཉུག་མར་གནས་པ་དང༌། །གློ་བུར་ལྷགས་པ་ཐམས་ཅད་ཀྱང༌། །བསངས་མཆོད་འདི་ཡིས་ཚིམ་པར་ཤོག །དངོས་བཤམས་འདི་ལ་བརྟེན་ནས་ཀྱང༌། །དཀོན་མཆོག་གསུམ་གྱི་བྱིན་བརླབས་དང༌། །ཆོས་ཉིད་བདེན་པའི་


TNT14_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་ཀྱིས། །དགོས་འདོད་ཐམས་ཅད་འབྱུང་བར་ཤོག །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །དྲི་ཞིམ་བདུད་རྩིའི་རོ་མཆོག་བརྒྱ། །སྣ་ཚོགས་རེག་བྱའི་བདེ་མཆོག་བརྒྱ། ཁང་བཟང་ཡུལ་འཁོར་སྐྱེད་མོས་ཚལ། །སྣ་ཚོགས་ཟས་དང་སྣ་ཚོགས་གོས། །གཡོག་འཁོར་རྣམ་པ་མང་པོ་དང༌། །བང་མཛོད་ནོར་དང་འབྲུ་ལ་སོགས། །རྐང་འགྲོ་ནོར་དང་གྲོགས་ལ་སོགས། །སྲིད་ཞིའི་མགྲོན་པོ་ཁྱེད་རྣམས་ལ། །གང་ལ་གང་འདོད་ལོངས་སྤྱོད་ནི། །ཇི་སྲིད་འཁོར་བ་མ་སྟོང་བར། །མཁོ་དགུ་ཐམས་ཅད་འབྱུང་བར་ཤོག །གནོད་པ་ཐམས་ཅད་ཞི་གྱུར་ཅིག །ཉམས་པ་ཐམས་ཅད་གསོས་གྱུར་ཅིག །མཐུ་སྟོབས་གཟི་བརྗིད་རྒྱས་གྱུར་ཅིག །བདེ་སྐྱིད་ཐམས་ཅད་འཕེལ་གྱུར་ཅིག །མི་གཙང་གྲིབ་སོགས་དག་གྱུར་ཅིག །འཁོན་དང་འཁྲུག་པ་ཞི་བར་ཤོག །མདོར་ན་དཔལ་འབྱོར་གོང་འཕེལ་བས། །མྱུར་དུ་སངས་རྒྱས་ཐོབ་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །མི་མཐུན་བར་ཆད་ཀུན་ཞི་ཞིང༌། །ཚེ་དང་བསོད་ནམས་ལོངས་སྤྱོད་དང༌། །དབང་ཐང་ཡར་ངོ་བཞིན་དུ་འཕེལ། །ལོག་པར་ལྟ་བའི་དགྲ་བགེགས་རྣམས། །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། ཁྱད་པར་དཔལ་ལྡན་བླ་མ་ཡི། །བཀའ་དང་དམ་ལས་མ་འདའ་བར། །རྒྱལ་བའི་བསྟན་པ་


TNT14_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་དང༌། །ཡུལ་ཕྱོགས་བདེ་སྐྱིད་འཕེལ་བ་དང༌། །ཆོས་གྲྭ་དགེ་འདུན་ལོངས་སྤྱོད་སོགས། །རྟག་ཏུ་འཕེལ་བའི་འཕྲིན་ལས་མཛོད། །མི་དང་མི་མིན་འབྱུང་པོའི་ཚོགས། །གནོད་པ་ཐམས་ཅད་སེལ་བ་དང༌། །ལོ་ཏོག་ལ་སོགས་ཕུན་སུམ་ཚོགས། །ནད་མེད་བདེ་བའི་གདོང་གྲོགས་མཛོད། །ཡིད་ལ་བསམ་པའི་དོན་ཀུན་འགྲུབ་པ་དང༌། །སྲིད་གསུམ་ཕན་དང་བདེ་བའི་དཔལ་འབར་ཞིང༌། །མི་མཐུན་རྐྱེན་ཀུན་དབྱིངས་སུ་ཞི་བ་དང༌། །ཆོས་དང་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུས་དག །མངྒ་ལཾ། །


previousབསངས་མཆོད།next