རྡོར་སེམས་འཕོ་བའི་སྟོང་ཐུན། ལོ་ཆེན་ཆོས་དཔལ་རྒྱ་མཚོ།
༄༅། །རྡོར་སེམས་འཕོ་བའི་སྟོང་ཐུན་ནོ། །འོ། སྤྱིར་སྐྱེས་པའི་མཐའ་མ་འཆི། འདུས་པའི་མཐའ་མ་འབྲལ། འདུས་བྱས་མི་རྟག་པའི་རང་བཞིན་ཅན་ཡིན་ལ་ཁྱད་པར་དུའང་རིགས་ཀྱི་བུ་ཁྱོད་སྔོན་གྱི་ལས་ཟད། ཚེའི་འཕེན་པ་རྫོགས་པས་དེ་རིང་འཆི་བ་ཞེས་བྱ་བ་དེ་བྱུང་བ་ཡིན། འདིའི་ཚེ་གལ་ཆེ་བ་འཕོ་བའི་གདམས་པ་ཡིན་ཏེ། སཾ་བྷུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལས་ཀྱིས་འགྲུབ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་པས་འཕོ་བའི་གདམས་པས་ཟིན་ན་སྡིག་ཅན་ཡང་འཆི་ཁར་གྲོལ་ནུས་པའི་ཆོས་ཟབ་མོ་ཡིན། དེ་ཡང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཀྱེ་མ། བདག་ལ་འཆི་ཁ་བར་དོ་འཆར་དུས་སུ། །ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། །གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇོག །རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕང་། །གདོས་བཅས་ཤ་ཁྲག་ལུས་དང་བྲལ་ལ་ཁད། །མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ཁྱེད་རང་གཉེན་བཤེས་རྣམས་དང་འགྲོགས་པའི་ལས་ཟད། སྨོན་ལམ་གྱི་འཕེན་པ་རྫོགས་ཏེ་འཆི་ཁར་སླེབ་པ་ཡིན་པས་ཕྱིར་ལུས་པའི་གཉེན་ཉེ་བ་རྣམས་ལ་ཆགས་ན་ནི་སྐད་ཅིག་ཀྱང་འགྲོགས་པའི་མཐུ་མེད་པས་དེ་དག་ལ་ཆགས་ཞེན་སྤོངས། གཞན་ཡང་རིགས་དྲུག་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་བདེ་བ་སྐད་ཅིག་ཙམ་ཡང་མེད་པས་འཁོར་བ་ལ་ཆགས་ཞེན་སྤངས་ཏེ། ད་རེས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་པའི་སྐམ་སར་ཐར་བ་ཞིག་བྱ་སྙམ་པས། གང་དུ་འཕོ་བའི་གནས་དག་པའི་ཞིང་ཁམས་ལ་ཡིད་གཏད་དེ། བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་སིང་བ་གྱིས་ལ་དམིགས་པ་འདི་ལྟར་གསལ་ཐོབ། ཁྱོད་རང་གི་སྤྱི་བོར་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། ངོ་བོ་བླ་མ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ། ཁྱེད་རང་གི་ལུས་སྟོང་ར་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ངན་འགྲོའི་སྒོ་དགུར་ཧཱུྃ་ཡིག་མཐིང་ནག་འབར་བ་རེས་བཀག་པ། ལུས་ཀྱི་དབུས་སུ་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་ཡར་སྣ་ཚངས་བུག་ལ་ཟུག་པའི་ནང་དུ་ཧཾ་དཀར་པོ་ཐུར་བལྟ། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རླུང་སེམས་མི་ཤིགས་པའི་ངོ་བོ་ཐིག་ལེ་དཀར་པོ་གསལ་འཚེར་གཡོ་བ་ཞིག་གསལ་ཐོབ། དེ་ནས་བདག་གིས་བླ་མ་ལ་གསོལ་བ་བཏབ་ཅིང་ཧིཀ་བརྗོད་པའི་ཚེ་ཁྱོད་རང་སྤྱི་བོའི་བླ་མ་རྡོ་རྗེའི་སེམས་དཔའ་ལ་མོས་གུས་གདུང་ཤུགས་དྲག་པོས་རེ་ལྟོས་ལིང་གིས་བསྐྱུར་བས་ལྟེ་བའི་ཐིག་ལེ་དེ་ཉིད་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་ཚངས་བུག་ནས་ཧཾ་དང་རོ་གཅིག་ཏུ་འདྲེས་པ་རྒྱངས་ཀྱིས་ཐོན་ཏེ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ་པས་བླ་མའི་ཐུགས་དང་རང་གི་སེམས་ཉིད་དབྱེར་མེད་སྤྲོས་པའི་མཐའ་དང་བྲལ་བ་དེའི་ངང་ལ་མཉམ་པར་ཞོག་ཅིག །བཙན་ཐབས་འཕོ་བའི་ལས་སྦྱོར་དག །འདེབས་ཚུལ་འདི་འདྲ་གཞན་སྟོབས་ལ། །རག་ཚེ་མཐའ་མའི་དུས་དེ་རུ། །གསལ་འདེབས་མ་བྱས་ཀྱང་ནི་ཆོག །འོན་ཀྱང་ཤུལ་མི་དད་པའི་ཆེད། །འདི་ཙམ་གླེང་བ་སུ་ཡིས་འགོག ། དེ་ཕྱིར་ཡབ་པ་ཆོས་རྗེའི་ངོར། །དྷརྨས་གང་ཤར་རླུང་ལྟར་སྤེལ། །