མཁའ་སྤྱོད་དགའ་བའི་ཚལ་གྱི་གནས་ཡིག་ངོ་མཚར་མཐོང་གྲོལ། བླ་མ་འཇའ་ཆོས།
མཁའ་སྤྱོད་དགའ་བའི་ཚལ་གྱི་གནས་ཡིག་ངོ་མཚར་མཐོང་གྲོལ་བཞུགས༔
༼གསེར་ཁའི་བྲག་གདོང་༽
ཨེ་མ་ཧོ༔
བསིལ་ལྡན་ལྗོངས་སུ་གནས་ཆེན་གནས་ཕྲན་མང༔
ཙ་རིའི་གནས་ལག་མཁའ་སྤྱོད་དགའ་བའི་ཚལ༔
ཨོ་རྒྱན་མཁའ་འགྲོའི་འདུ་གླིང་བཅོ་བརྒྱད་ཡོད༔
ཤར་ན་རྡོ་རྗེ་མཁའ་འགྲོ་འདུ་གླིང་རྟགས༔
བྲག་དཀར་རྡོ་རྗེའི་རི་མོ་ཡོད་པར་མངོན༔
ལྷོ་ན་རིན་ཆེན་མཁའ་འགྲོའི་འདུ་གླིང་རྟགས༔
གྲུ་བཞིའི་གདན་ལ་རཏྣས་མཚན་པ་ཡོད༔
ནུབ་ན་པདྨ་མཁའ་འགྲོའི་འདུ་གླིང་རྟགས༔
དམར་པོ་པདྨ་རིགས་ཀྱི་ལྗོན་ཤིང་ཡོད༔
བྱང་ན་ཀརྨ་མཁའ་འགྲོའི་འདུ་གླིང་རྟགས༔
རྒྱ་གྲམ་ལྗང་གུ་རྩི་ཅན་ཆ་མི་མཚུངས༔
གསུམ་ཙམ་དང་ནི་དབུས་ན་རྡོ་མཐིང་ལ༔
འཁོར་ལོའམ་ནི་བཾ་གྱིས་མཚན་པ་ཡོད༔
དེ་དག་ནང་ལ་མཁའ་འགྲོའི་སྒྲོམ་བུ་ནི༔
དཀར་སེར་དམར་ལྗང་མཐིང་ཀའི་མདངས་ཅན་ལ༔
མཁའ་འགྲོ་སྡེ་ལྔའི་སྒྲུབ་པ་ཟབ་རྒྱ་ཅན༔
སྟག་གི་ལོ་ནས་འབྲུག་གི་བར་དག་ཏུ༔
བར་མ་ཆད་པར་དབང་གི་སྣོད་རུང་བརྒྱ༔
བྱང་གི་ཕྱོགས་ན་རལ་འཁུར་བཅུ་གསུམ་ཡོད༔
ལས་ཅན་བུ་ལ་གཏད་རྒྱ་བཀྲོལ་རེ་རན༔
དུས་ཀྱི་རྒུད་གསོ་འཇིགས་པ་བརྒྱ་ཕྲག་ཞི༔
ནམ་ཡང་འཇའ་དང་ན་བུན་སྦྲང་ཆར་ཟིལ༔
གང་བརྟེན་འགྲོ་ལ་སྨིན་གྲོལ་ཆོས་ཆར་འབེབས༔
གནས་དེར་མཇལ་སྐོར་ཚོགས་དང་གཏོར་མ་སོགས༔
ལས་བཞི་རབ་འབྱམས་ལྷུན་གྱིས་འགྲུབ་པར་འགྱུར༔
རྡོ་རྗེའི་དམ་རྒྱ་གླང་ནས་སྟག་གི་ཟླར༔
བརྟེན་ན་དངོས་གྲུབ་རྒྱ་མཚོའི་མངའ་བདག་འགྱུར༔
མ་དག་སྐྱེ་བོས་མཐོང་ན་ཡིད་དབང་འགུགས༔
སྣང་སྲིད་ལྷ་འདྲེར་སྨིན་གྲོལ་ཆོས་ཆར་འབེབས༔
འབྲེལ་ཚད་དོན་ལྡན་ངོ་མཚར་གནས་ཁྱད་འཕགས༔
རང་བྱུང་དཔལ་གྱི་མཚོ་མོ་ཤེལ་གྱི་བྲག༔
ཡིག་དྲུག་དང་ནི་མཁའ་འགྲོ་སྡེ་ལྔའི་སྲོག༔
ཡི་གེ་རང་བྱུང་བརྡ་དང་སྐུ་བརྙན་ཡོད༔
དེ་རུ་ཡུན་བརྟན་བསྟན་པ་རྨད་དུ་བྱུང༔
ཁམས་ཡུལ་མདོ་སྨད་འགྲོ་དོན་ཨེ་མ་ཧོ༔ ས་མ་ཡཱ༔
ཞེས་པ་འདི་ནི་སྔགས་བན་པདྨ་བདེ་བའི་འབྱུང་གནས་ཀྱིས་སྤེལ་བའོ།། །།