རྨི་ལམ་གྱི་ཉམས་ངོ་སྤྲད་པ།
གཉིས་པ་རྨི་ལམ་གྱི་ཉམས་ངོ་སྤྲད་པ་ནི། ནཱ་རོ་པཎ་ཆེན་གྱིས། གཉིད་དང་རྨི་ལམ་གྱི་བར་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །མིང་ཡང་འོད་གསལ་གྱི་གདམས་ངག་ཟེར། ཞེས་གསུངས་པའི་དོན། ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིར་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིང་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། རྨི་ལམ་དུ་ཡུལ་དྲག་གི་འོད་གསལ་སྣ་ཚོགས་ཤར་བའི་འོད་གསལ་དུ་ངོ་ཤེས་ཤིང་རྨི་ལམ་འོད་གསལ་དུ་ཟིན་པ་འབྱུང་ལ། དེ་ཡང་སྐབས་གང་དུ་ཟིན་ན་གཉིད་གཏུག་པོ་རྨི་ལམ་ཡང་མེད་པའི་ངང་ནས་གཉིད་སྲབ་པོར་སོང་སྟེ་རྨི་ལམ་རྨི་ཁའི་དུས་དང་། གཉིད་སད་ཁའི་དུས་དང་། གཉིད་དང་གཉིད་ཡུར་གྱི་མཚམས་གཉིད་འགྲོ་ཁའི་དུས་སུ་གཏི་མུག་ཆོས་ཉིད་ཀྱི་སྐུའི་ངོ་བོ་ཅན་འོད་གསལ་གྱི་ཡུལ་དྲུག་གི་སྣང་པ་དང་སྒོ་གསུམ་གྱི་ཉམས་མྱོང་སྣ་ཚོགས་འཆར་ཞིང་། དེ་ལྟར་ཤར་བ་ལ་ངོ་ཅུང་ཟད་འཕྲོད་པའི་རྣལ་འབྱོར་པས་འོད་གསལ་གྱི་རྣམ་འགྱུར་དུ་ཤེས་པ་ནི་འོད་གསལ་ཟིན་པ་ཡིན་ལ། དེ་ཉིད་ཀྱི་ངང་ལ་དགག་སྒྲུབ་མེད་པར་སྐྱོང་པ་ཡིན་ཏེ། བརྟག་གཉིས་ལས། གཉིད་ནི་སྤང་པར་མི་བྱ་སྟེ། དབང་པོ་རྣམས་ནི་མི་དག་གོ །ཞེས་པ་དང་། རྗེ་ཏཻ་ལོ་པས། སྣང་པ་དགག་སྒྲུབ་མི་བྱ་རང་སོར་ཞོག །སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། ཞེས་གསུངས་པའི་དོན་ནོ། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་བདེ་སྡུག་དང་དགའ་མི་དགའ་དང་། འཐད་མི་འཐད་ཐུག་མ་ཧྲེམ་སྣ་ཚོགས་སུ་འཆར་བ་སྟེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་རྨི་ལམ་གྱི་སྣང་པ་མཐད་པ་དགའ་བ་སྐྱིད་པ་བཀྲ་ཤིས་པ་གྱ་ནོམ་པ་ཕུན་སུམ་ཚོགས་པ། དགའ་ཆེན་རོལ་མོ་ཆེན་པོ་འཆང་བ། སྐུར་སྟི་རིམ་འགྲོ་ཕུན་སུམ་ཚོགས་པ། མཆོག་ཏུ་དགའ་བའི་གྲགས་བདག་དཔལ་ནམ་མཁའ་གང་བར་འཆར་ཏེ། མངོན་རྟོགས་བརྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། རྨི་ལམ་ལྟ་བུར་ལྟ་ལ་སོགས། ཞེས་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་ལ་ཝ་པའི་གཉིད་རྨི་ལམ་བཞིན་ནོ། །དེ་ལྟར་ ཀུན་གཞི་ཡེ་ཤེས་ཀྱི་རྣམ ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང་། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང་། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང་། འོད་གསལ་ཆོས་སྐུའི་རོལ་པ་ཤེར་ཕྱིན་ཟབ་མོ་སྣང་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཡུལ་དྲུག་གི་རྨི་ལམ་དང་བཅས་པ་རྣམས་དོན་དམ་པའི་སེམས་སུ་ངོ་སྤྲད་པར་བྱའོ།། །།