ལྷ་མོའི་སྤྱི་བསྐང་བསྡུས་པ།
ལྷ་མོའི་སྤྱི་བསྐང་བསྡུས་པ་བཞུགས་སོ། བྷྱོཿ བྱང་ཤར་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་དུད་སོལ་མ། །ཡམས་ནད་ཞི་མཛད་བཀྲ་ཤིས་ཤཱ་ཝ་རི། །བདུད་རྩི་སྨན་གྱི་རྒྱལ་མོའི་ཐུགས་དམ་བསྐང་། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །མགོན་པོའི་ལྕམ་གཅིག་དཔལ་ལྡན་རང་བྱུང་མ། །སྲིད་པའི་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ས་བརྒྱད་སེམས་མ་ཆེན་མོའི་ཐུགས་དམ་བསྐང་། །གསང་སྔགས་སྲུང་མ་སྔགས་སྲུང་རལ་གཅིག་མ། །དཔག་བསམ་ཤིང་གི་བདག་མོ་འོད་ཟེར་ཅན། །ཨོ་རྒྱན་གནས་ཀྱི་གཙོ་མོ་ཕག་ཞལ་ཅན། །དཀྱིལ་འཁོར་ཀུན་གྱི་གཙོ་མོའི་ཐུགས་དམ་བསྐང་། །མི་མངོན་དབྱིངས་ནས་ངོ་བོ་གཅིག་ཡིན་ཏེ། །ངོ་བོ་གཅིག་ལ་སྤྲུལ་པ་སྟོང་ཕྲག་འགྱེད། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ་ཕྲག་རེ། །ཁམས་གསུམ་ཀུན་ཁྱབ་ལྷ་མོའི་ཐུགས་དམ་བསྐང་། །ངོ་བོ་གཅིག་ལ་རྣམ་པ་དཔོན་གཡོག་ཚུལ། །བདུད་ཀྱི་བུ་མོ་ནག་མོ་རེ་མ་ཏི། །སྤྲུལ་པ་རེ་ཏི་མཆེད་བཞི་འཁོར་ཚོགས་འབུམ། །མ་གཅིག་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ནམ་མཁའ་ལྡིང་། །
མི་འམ་ཅི་དང་དྲི་བུམ་བྲམ་ཟེ་མི། །ཀུན་གྱིས་བསྟོད་ཅིང་ཕྱག་བྱས་མངའ་གསོལ་བ། །སྲིད་གསུམ་འདྲེན་བྲལ་ལྷ་མོའི་ཐུགས་དམ་བསྐང་། །དབྱིངས་ཀྱི་ཁྲོ་རྒྱལ་རྣམ་པར་སྣང་མཛད་དེ། །འགྲོ་བའི་དོན་དུ་ས་བརྒྱད་སེམས་མར་སྤྲུལ། །འཇིགས་པའི་སྐུར་སྟོན་གདུག་པ་ཀུན་འདུལ་མ། །རབ་འཇིགས་ཁྲག་འཐུང་རྒྱལ་མོའི་ཐུགས་དམ་བསྐང་། །མིང་བརྒྱ་མཚན་སྟོང་རྣམ་འཕྲུལ་བསམ་མི་ཁྱབ། །རྫུ་འཕྲུལ་དཔག་མེད་མཐུ་རྩལ་ཐོགས་པ་མེད། །དམ་ཚིག་རྗེས་གཅོད་རྣལ་འབྱོར་དྲོད་ཚད་ཉུལ། །དམ་ཅན་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །དཀར་སེར་དམར་ལྗང་ཞི་དང་ཞི་མ་ཁྲོ། །སྣ་ཚོགས་སྐུ་དང་དེ་བཞིན་སྣ་ཚོགས་བདག །སྣ་ཚོགས་ཕྲིན་ལས་དངོས་གྲུབ་ཀུན་འབྱུང་བའི། །།ཡིད་བཞིན་ནོར་མཆོག་ལྷ་མོའི་ཐུལ།གས་དམ་བསྐང་། །ཕྱི་ཡི་གནས་ཡུལ་ནང་གི་རྩ་རླུང་ཁམས། །གསང་བ་རང་གི་སེམས་དང་དབྱེར་མེད་ཅིང་། །འཁོར་འདས་ཀུན་ལ་ཁྱབ་ཅིང་དབང་བསྒྱུར་བའི། །ཀུན་ཁྱབ་ཀུན་བཟང་ལྷ་མོའི་ཐུགས་དམ་བསྐང་། །འདོད་པའི་ཁམས་ནས་འདོད་ཆགས་ལས་གྱུར་པའི། །སྣང་སྲིད་ལྷ་མོ་མཁའ་འགྲོ་ཅི་མཆིས་པ། །ཐམས་
ཅད་ཁྱེད་ཀྱི་འཁོར་གཡོག་ཕོ་ཉ་སྟེ། །མོ་རྒྱུད་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཉམས་ཆག་འགལ་འཁྲུལ་རྟོག་སྒྲིབ་ཅི་མཆིས་པ། །ལྷ་མོ་དཔོན་གཡོག་འཁོར་དང་བཅས་ལ་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་ནས་ཀྱང་། །ཡམས་ནད་རིམས་ནད་ཞི་བའི་ཕྲིན་ལས་མཛོད། །ཅེས་གྲྭ་སློབ་རྣམས་ལ་རིམས་རྐྱེན་བྱུང་ནས། བླ་མ་ཕྲིན་ལས་ཀྱི་བརྒྱ་རྩ་དུས། དགེ་སློང་རཱ་གས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།