Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་སྨེ་བརྩེགས་ཀྱི་ལས་མཐའ་གྲིབ་སེལ་རྟ་ནག་མ་ཟབ་ཅིང་སྟབས་བདེ་བ་བལྟས་ཆོག་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་སྨེ་བརྩེགས་ཀྱི་ལས་མཐའ་གྲིབ་སེལ་རྟ་ནག་མ་ཟབ་ཅིང་སྟབས་བདེ་བ་བལྟས་ཆོག་འདོན་འགྲིགས།next

གནམ་ཆོས་སྨེ་བརྩེགས་ཀྱི་ལས་མཐའ་གྲིབ་སེལ་རྟ་ནག་མ་ཟབ་ཅིང་སྟབས་བདེ་བ་བལྟས་ཆོག་འདོན་འགྲིགས།


CMR043_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་སྨེ་བརྩེགས་ཀྱི་ལས་མཐའ་གྲིབ་སེལ་རྟ་ནག་མ་ཟབ་ཅིང་སྟབས་བདེ་བ་བལྟས་ཆོག་འདོན་འགྲིགས་བཞུགས་པའི་དབུའོ།


CMR043_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷུརྑུང་དྷི་ཁ་ཡེ། ཁྲོ་རྒྱལ་སྨེ་བ་བརྩེགས་ལ་ཕྱག་འཚལ་ནས། །གནམ་ཆོས་སྨེ་བརྩེགས་ལྗང་ཁུའི་ལས་སྐོར་བྲི། །ཆོས་བདག་མཁའ་འགྲོས་བཀའ་ཡི་གནང་བ་སྩོལ། །དགོངས་འདུས་གུ་དྲག་མ་ནིང་ལ་སོགས་པས༔ གཏེར་རྙིང་མཁའ་འགྲོའི་གྲིབ་སེལ་མང་གསུངས་ཀྱང་༔ བཅའ་ཚོགས་ཕྱག་ལེན་དཀའ་ཞིང་བཀའ་ཡང་གཉན༔ ཐ་མར་སྡིག་ཅན་དང་ནི་བྱིས་པ་སོགས༔ དེ་ལ་མཁའ་འགྲོའི་གྲིབ་སེལ་རུང་བ་མིན༔ འདི་ནི་ཕྲུག་ཡང་ཀུན་ལ་བྱ་བར་རུང་༔ སྣོད་གཅིག་ནང་དུ་ཟན་ནག་ལས་བྱས་པའི༔ མི་ནག་རྟ་ནག་བྱ་ནག་ཀླད་ན་ལྡིང་༔ ཁྱི་ནག་རྗེས་སུ་འབྲང་བའི་འཁོར་ལྔ་ནི༔ མི་ལུས་བྱ་མགོ་སྦྲུལ་མགོ་ཕག་གི་མགོ༔ སྦལ་པའི་མགོ་ཅན་བཞི་ནི་ཟུར་བཞིར་བཞག༔


CMR043_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཟུར་གསུམ་ནག་པོ་ཏིང་ལོ་དང་༔ ངར་མི་དཀར་པོ་གཅིག་ནི་རྟེན་མདུན་བཞག༔ ཁྲུས་ཆུ་གཏོར་འགུ་ནང་དུ་འོ་ཆབ་དང་༔ མདའ་དར་དཀར་པོ་ཁབ་གཅིག་གཙུགས་ལ་བཞག༔ དེ་ནས་ནད་པ་མདུན་དུ་བོས་བྱས་ལ༔ རང་ཉིད་སྐད་ཅིག་དྲན་རྫོགས་ཧཱུྃ་སྨུག་ལས༔ འོད་འཕྲོས་འཕགས་མཆོད་སེམས་ཅན་དོན་བྱས་ནས༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་དེ་ཉིད་ལ༔ ཁྲོ་བོ་སྨེ་བ་བརྩེགས་པ་སྐུ་མདོག་སྨུག༔ ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་སྔོ་བ༔ དབུས་སྨུག་ཕྱག་ན་དང་པོ་དེ་གཉིས་ཀྱིས༔ ཐུགས་ཀར་སྡིགས་མཛུབ་བསྣོལ་ཞིང་དེ་འོག་གཉིས༔ རྡོ་རྗེ་དྲིལ་བུ་འཛིན་ཏེ་དེ་འོག་གཉིས༔ རྡོ་རྗེ་


CMR043_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་འཛིན་པ་གསལ་བར་གྱུར༔ ཐུགས་ཀར་ཉི་སྟེང་ཧཱུྃ་སྨུག་མཐའ་བསྐོར་དུ༔ སྔགས་ཀྱིས་གཡས་སུ་འཁོར་ལས་འོད་དཀར་པོ༔ འཕྲོས་པས་གྲིབ་དང་མི་གཙང་བ་རྣམས་ཀུན༔ བ་མོར་ཉི་ཟེར་ཕོག་པ་བཞིན་དུ་བསམ༔ སྔགས་ཀྱི་འོད་ཟེར་འོ་ཆབ་ལ་ཐིམ་པས༔ གྲིབ་སེལ་ཡེ་ཤེས་བདུད་རྩི་ཆེན་པོར་གྱུར༔ ཨོཾ་ཨརྩི་མརྩི་བྷར་ཁུང་མ་ཧ་སྲ་ན་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ ཞེས་པ་བདུན་ནམ་ཅི་འགྲུབ་བརྗོད། དེས་ནི་གྲིབ་གླུད་སྟེང་དུ་ནད་པ་དེས་ཁྲུས་བྱ། ཁ་ལག་བཀྲུ་ཁ་བཤལ་ལ་གླུད་ནང་དུ་བླུག དེ་ཆེ་གོང་གི་སྨེ་བརྩེགས་སྔགས་ཤམ་དུ། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལོ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ། ཨ་ཨ་སྭཱ་ཧཱཿ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཏྲི་ཡིག་ཡོངས་སུ་གྱུར་པ་ལས༔ གྲིབ་བདག་མི་ནག་རྟ་ནག་གོས་ནག་གྱོན༔ སྒོ་ང་ནག་པོ་ཁུར་ཤིང་དར་ནག་ཕྱར༔ འཕྲུ་ནག་བཙུགས་ཤིང་བྱ་ནག་ཀླད་ན་ལྡིང་༔ ཁྱི་ནག་རྗེས་སུ་འབྲང་བའི་འཁོར་དུ་ནི༔ མདུན་གཡས་མི་ལུས་འདོད་ཆགས་བྱ་ཡི་མགོ༔ མདུན་གཡོན་མི་ལུས་ཞེ་སྡང་སྦྲུལ་གྱི་མགོ༔ རྒྱབ་གཡས་མི་ལུས་གཏི་མུག་ཕག་གི་མགོ༔ རྒྱབ་


CMR043_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་མི་ལུས་མ་རིག་སྦལ་པའི་མགོ༔ ཀུན་ཀྱང་ཐལ་སྦྱར་བཀའ་ཉན་གསུང་སྡོད་གྱུར༔ ༈ ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །མུན་པ་ནག་པོའི་སྟེང་རུམ་ནས། །གྲིབ་མཁར་ནག་པོའི་ནང་རོལ་ནས། །ཕ་ནི་མུན་པ་ནག་པོ་དང་། །གླུད་བདག་རྒྱལ་མོ་བཤོས་པའི་སྲས། །བུ་ནི་གྲིབ་བདག་རྒྱལ་པོ་སྟེ། །མུན་པ་ནག་པོ་གོས་སུ་གྱོན། །གྲིབ་རྟ་ནག་པོ་འོག་ཏུ་ཞོན། །གྲིབ་དར་ནག་པོ་ལག་ཏུ་ཐོགས། །གྲིབ་འཕྲུ་ནག་པོ་མགོ་ལ་བཙུགས། །གྲིབ་བྱ་ནག་པོ་ཀླད་ན་ལྡིང་། །གྲིབ་ཁྱི་ནག་པོ་རྗེས་སུ་འབྲང་། །ཡས་དང་གླུད་ལ་སྤྱན་འདྲེན་ན། །འཁོར་ནི་བྱ་སྦྲུལ་ཕག་གི་མགོ །སྦལ་པའི་མགོ་ཅན་བཞི་དང་བཅས། །གྲིབ་གླུད་ལེན་ཕྱིར་མྱུར་དུ་ཤོག །ཁྱེད་རྣམས་གྲིབ་ཀྱི་བདག་པོ་སྟེ། །སེམས་ཅན་ཡོངས་ལ་གྲིབ་ཡམས་གཏོང་། ། གཟའ་ཀླུ་རྣམས་ཀྱི་སྡོང་ཡ་བྱེད། །དམེ་ནལ་སྨུག་གི་སྣ་ཡང་འདྲེན། །སྔོན་ཚེ་རིགས་གསུམ་མགོན་པོ་དང་། །ཁྲོ་རྒྱལ་སྨེ་བ་བརྩེགས་པ་ཡི། །བཀའ་དང་དམ་ལ་བཏགས་པའི་ཚེ། །ཁྱོད་ཀྱིས་ཁས་བླངས་དམ་བཅས་པ། །འདི་ལྟར་གྲིབ་གླུད་བྱིན་པ་ན། །གྲིབ་རྣམས་སེལ་


CMR043_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བར་དམ་བཅས་པའི། །ཁས་བླངས་དམ་ཚིག་དྲན་པར་གྱིས། །རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ལྟཕྱག་འཚལ་ལོ། །གླུད་དང་ཡས་སྟགས་འདོད་ཡོན་ལྔ། །གཏོར་མ་ཆངས་བུ་འབྲུ་ནག་སོགས། །རང་རང་མཐུན་རྫས་གླུད་གཏོར་འདི། །གྲིབ་བདག་ཀུན་གྱིས་ཐོབ་གྱུར་ནས། །ཐམས་ཅད་ངོམ་ཞིང་ཚིམ་གྱུར་ཏེ། །ལན་ཆགས་བུ་ལོན་བྱང་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར། ཧཱུྃ༔ གྲིབ་བདག་རྒྱལ་པོ་ཆེན་པོ་ཁྱོད། །སྐུ་མདོག་ནག་པོ་མུན་པ་འདྲ། །ཆིབས་སུ་དྲེལ་རྟ་ནག་པོ་ཆིབས། །གྲིབ་གོས་ནག་པོ་ལུས་ལ་གྱོན། །གྲིབ་དར་ནག་པོ་ལག་ན་ཐོགས། །གྲིབ་འཕྲུ་ནག་པོ་དབུ་ལ་བཙུགས། །གྲིབ་བྱ་ནག་པོ་ཀླད་ན་ལྡིང་། །གྲིབ་ཁྱི་ནག་པོ་རོལ་དུ་ཁྲིད། །མཐུན་རྫས་རང་གཟུགས་གཏོར་མ་དང་། །མཐུན་རྫས་ཡས་གླུད་འདི་བཞེས་ལ། །གྲིབ་བདག་ཆེན་པོས་གྲིབ་སོལ་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཟས་གྲིབ་གོས་གྲིབ་ནོར་གྱི་གྲིབ། །གྲིབ་གདོན་ངན་པ་སངས་གྱུར་


CMR043_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །རྒྱལ་པོ་བསེན་མོ་འབྱུང་པོའི་གྲིབ། །ལྷ་འདྲེའི་གྲིབ་ནད་སངས་གྱུར་ཅིག །དྲི་ཟ་གྲུལ་བུམ་ཀླུ་ཡི་གྲིབ། །གནོད་སྦྱིན་གྲིབ་རྣམས་སངས་གྱུར་ཅིག །ཐེའུ་རང་འགོང་པོ་མི་ལ་དང་། །སྲིད་པའི་འདྲེ་དགུ་ཐམས་ཅད་ཀྱི། །གྲིབ་གདོན་ངན་པ་སངས་གྱུར་ཅིག །ཉོན་མོངས་དུག་ལྔ་དུག་གསུམ་གྱི། །ལས་ཀྱི་གྲིབ་རྣམས་སངས་གྱུར་ཅིག །མི་གཙང་འཁོན་གྲིབ་བཙོག་ནལ་གྲིབ། །གྲིབ་བདག་ཆེན་པོས་གྲིབ་སོལ་ཅིག །མ་རིག་བཞི་ལས་གྲུབ་པ་ཡི། །སེམས་ལས་ལྷ་འདྲེ་གཉིས་འཛིན་བྱུང་། །རྣམ་རྟོག་ཁ་ཡན་ནད་དུ་གྱུར། །ཐོག་མར་མ་རིག་གདོས་བཅས་གྲིབ། །རྒྱུ་ནི་ཉོན་མོངས་རང་རྒྱུད་གྲིབ། །སྡུག་བསྔལ་ན་ཚ་རྐྱེན་གྱི་གྲིབ། །དེ་གསུམ་ལས་ཀྱི་དུག་ཡིན་ཏེ། །མདའ་དར་གཡབ་ཅིང་། གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤྲོ། །དམ་ཚིག་ཆག་ཉམས་བཀའ་ཡི་གྲིབ། །བཀའ་བཅག་དམ་བཀྲལ་ལྷ་སྲུང་གྲིབ། །གསང་སྔགས་མཆེད་བཙོག་མནོལ་གྱི་གྲིབ། །དེ་གསུམ་ཉམས་ཀྱི་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །


CMR043_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །འཁྲུལ་པ་གདུག་སེམས་ཞེ་སྡང་གྲིབ། །དམོད་པ་རུ་ཏྲ་ཕྲག་དོག་གྲིབ། །རགས་པ་ང་རྒྱལ་གནོད་སེམས་གྲིབ། །དེ་གསུམ་རྒྱུ་ལས་བྱུང་བ་སྟེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །སྟེང་ན་གཟའ་དང་འབྱུང་པོའི་གྲིབ། །འོག་ན་ཀླུ་དང་ས་བདག་གྲིབ། །བར་ན་ལྷ་སྲིན་སྡེ་བརྒྱད་གྲིབ། །དེ་གསུམ་གནོད་པའི་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤྲོ། །ཕོ་ལྷ་རིགས་ཀྱི་མནོལ་བའི་གྲིབ། །དགྲ་ལྷ་མལ་དུ་གཏོར་བའི་གྲིབ། །མ་ལྷ་མེ་འབར་བོར་གྱུར་གྲིབ། །ཞང་ལྷ་ཐབ་ཀྱི་བོར་བའི་གྲིབ། །ཡུལ་ལྷ་བསང་མཆོད་ཞན་པའི་གྲིབ། །དེ་ལྔ་རང་ལུས་ལྷ་ཡི་གྲིབ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །བན་བོན་མུ་སྟེགས་བྱད་ཀྱི་གྲིབ། །མི་ལ་བསེ་རག་གདོན་གྱི་གྲིབ། །དམེ་སོགས་བཙོག་བྱུར་བུད་མེད་གྲིབ། །ཆོ་འཕྲུལ་བརྡ་ཐན་


CMR043_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་གྲིབ། །དེ་བཞི་རྐྱེན་གྱི་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །ཕ་ཁུ་དམེ་དང་རྨུག་གི་གྲིབ། །མ་ཕྱི་མདུན་དང་ནལ་གྱི་གྲིབ། །མཛའ་བོ་ཤག་རལ་མནའ་ཡི་གྲིབ། །ཉེ་བ་ཁྱིམ་མཚེས་ཟས་ཀྱི་གྲིབ། །རོགས་ངན་སྡིག་ཅན་གྲོགས་ཀྱི་གྲིབ། །དེ་ལྔ་འགྲོགས་པའི་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །དར་ཟབ་དབྱི་སྤྱང་གོས་ཀྱི་གྲིབ། །གསེར་གཡུ་ཟངས་ལྕགས་རྫས་ཀྱི་གྲིབ། །བྱིན་ཆས་ཕུང་པོ་རོ་ཡི་གྲིབ། །དེ་གསུམ་འཁྲུལ་པའི་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །རི་སློང་སྤྱང་ཐོད་ཤ་དམར་གྲིབ། །བག་སྣ་སྐྱེས་སྣ་མགྲོན་གྱི་གྲིབ། །ཕྲ་མ་ཚིག་རྩུབ་འཁོན་གྱི་གྲིབ། །རྣམ་རྟོག་ཆེ་བ་སེམས་ཀྱི་གྲིབ། །དེ་བཞི་རྣམ་རྟོག་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་


CMR043_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱོད་ལ་སྤོ། །ལྷ་དང་ལེ་གུ་རྒྱལ་འགོང་གྲིབ། །སྔ་ཆོམ་ལྷག་ཆད་ཐན་གྱི་གྲིབ། །བདུན་ཟུར་བཞི་གཤེད་ལོ་ཡི་གྲིབ། །ཟླ་ཟུར་བྱ་བྱེད་ཞག་གི་གྲིབ། །དེ་བཞི་དུས་ཀྱི་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤྲོ། །གནམ་ལོ་སྤར་ཁ་དགྲ་གཤེད་གྲུབ། །ཐེའུ་རང་ཀླུ་དང་ཕྱོགས་ངན་གྲིབ། །སྲོག་ལུས་ཀླུང་རྟ་འབྱུང་བའི་གྲིབ། །དཀར་ནག་དགུ་མིག་སྨེ་བའི་གྲིབ། །གཅོད་འདྲལ་མི་མཐུན་གཟའ་གྲོགས་གྲིབ། །དེ་ལྔ་གནམ་ལོའི་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །རྨི་ལམ་བག་ཆགས་ཐེར་གཟུགས་གྲིབ། །ལས་ངན་འཕྲོ་མཐུད་འཁོར་བའི་གྲིབ། །བག་ཆགས་འཁོར་ངན་ངན་འགྲོའི་གྲིབ། །དེ་གསུམ་བག་ཆགས་སྔོན་ལས་གྲིབ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །གསང་སྔགས་ཆོ་ག་ཉམས་ཆག་གྲིབ། །ལྷ་ལ་ཉེས་པ་བྱས་པའི་གྲིབ། །བཀའ་ལ་བར་ཆད་བྱེད་པའི་གྲིབ། །


CMR043_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ལ་ལོག་པར་རྟོག་པའི་གྲིབ། །ཕན་གནོད་རེ་དོགས་བཏང་སྙོམས་གྲིབ། །གཡོ་སྒྱུ་ཐེ་ཚོམ་ཟོས་པའི་གྲིབ། །ལེ་ལོ་ལྷག་ཆད་ནོར་འཁྲུལ་གྲིབ། །དེ་རྣམས་ཤེས་བྱའི་གྲིབ་ཡིན་ཏེ། །གྲིབ་དེ་དར་དཀར་གཡབ་ཀྱིས་ཕྱགས། །ནད་དེ་མདའ་ཡི་རྒྱུད་ནས་དྲོངས། །གདོན་དེ་ངར་མི་ཁྱོད་ལ་སྤོ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི།ལུས་ངག་ཡིད་གསུམ་ཕྱི་ནང་གི །གྲིབ་དང་ནད་གདོན་ཀུན་སངས་ནས། །ཤེལ་སྒོང་བཞིན་དུ་དག་གྱུར་ཅིག །དངོས་པོ་གཉིས་འཛིན་དག་གྱུར་ཅིག །དག་པའི་ས་ལ་གནས་པར་ཤོག །ཨོཾ་ཨརྩི་མརྩི་བྷར་ཁུང་མ་ཧ་སྲ་ན་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ གྲིབ་དང་མི་གཙང་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། དེ་ནས་ལག་ཏུ་ཁབ་ཐོགས་ལ། ཀྱེ། དེ་བ་རིང་རྒྱུ་སྦྱོར་ཡོན་བདག་གི །སྐུ་གླུད་ངར་མི་རྒྱན་ཅན་འདི། །ཤ་ནི་བསེ་ལ་ཁྲག་ནི་མཚལ། །རུས་པ་དུང་ལ་ལྤགས་པ་སྐྱིན། །ཟེར་མོ་སྐུ་ལ་ལུང་ཐང་མིག །ཁོང་བཅུད་རིན་ཆེན་སྣ་ལྔ་བཅུག །དར་ཟབ་སྣ་ལྔའི་རྒྱན་གྱིས་བརྒྱན། །འབྲུ་སྣ་དགུ་ཡི་རྒྱུ་ལས་བྱས། །མི་བས་གླུད་བཟང་སྤུ་ཡིས་དྲོ། །ཡོན་བདག་འདི་ཡི་གླུད་དུ་གཏོང་། །བདག་


CMR043_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུ་སྦྱོར་ཡོན་བདག་གི །ཡ་ཀི་སྐྲ་ཡི་ཕྱི་ཟུར་ནས། །རྐང་པའི་སེན་སྣེ་ཡན་ཆད་ཀྱི། །ནད་དང་གཟེར་དང་གདོན་བགེགས་རྣམས། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །བསྲུང་བྱའི་ནད་འདི་ཁྱོད་ལ་སྤོ། །ན་ཤིང་འཐོམ་པ་མགོ་ཡི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །འོན་ཤིང་འཐིབ་པ་རྣ་བའི་ནད། །ཚ་ཞིང་བྱེར་བ་ས་ཡི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །གཟེར་ཞིང་ཁོལ་བ་ཀླད་པའི་ནད། །ལོང་ཞིང་འགྲིབ་པ་མིག་གི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །འཚུབས་ཤིང་འཚང་བ་སྣ་ཡི་ནད། །དག་པར་བྱེད་པ་ལྕེ་ཡི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །འགགས་པར་བྱེད་པ་མགུལ་པའི་ནད། །རིམས་ནད་ཁྲག་ནད་མ་མོའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་


CMR043_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །ཞ་ཞིང་གྲུམ་པ་རྐང་པའི་ནད། །ན་ཞིང་སྒྲུང་པ་གཉན་གྱི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །སྨྲ་ཞིང་མྱོས་པ་འབྱུང་པོའི་ནད། །འཕྱོ་ཞིང་གཡེང་བ་གཡོ་སྒྱུའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །གཟུགས་ཀྱི་ཕུང་པོ་སྐུ་ཡི་ནད། །ལུས་ཀྱི་ཕུང་པོ་སྐུ་ཡི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །བཀྲག་གསལ་མདངས་མེད་སྤྱན་གྱི་ནད། །མྱོས་ཤིང་འབྱུང་བ་འབྱུང་པོའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །ཁོང་ཁྲག་དམར་པོ་རྩ་ཡི་ནད། །གཡེང་ཞིང་རེངས་པ་གཞུང་པའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །རྒྱས་ཤིང་སྦོས་པ་ཕོ་བའི་ནད། །ལུ་ཞིང་བརྒྱལ་བ་གློ་བའི་ནད། །སྐུ་གླུད་ངར་


CMR043_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །ཤ་སེར་མིག་སེར་མཁྲིས་པའི་ནད། །ཞ་ཞིང་འཁུམ་པ་མཁལ་མའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །བཤལ་ཞིང་འཁྲོགས་པ་རྒྱུ་མའི་ནད། །ལྐུགས་ཤིང་རེངས་པ་སྲོག་རྩའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །གཟེར་ཞིང་ཁོལ་བ་སྲོག་རྩའི་ནད། །ནད་རིགས་སུམ་བརྒྱ་དྲུག་ཅུའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །སྤྱི་བོ་ཀླད་པའི་རྒྱ་སྲུབ་ནས། །སྤྱན་མིག་གཡས་དང་གཡོན་པ་ནས། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །རྣ་བ་གཡས་དང་གཡོན་པ་ནས། །སྣ་བུག་གཡས་དང་གཡོན་པ་ནས། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས༔ །དུང་སོ་བ་ལེ་སུམ་ཅུའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུང་ཚེར་མར་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །གྲིབ་བདག་རྒྱལ་པོས་


CMR043_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ལོངས་ཤིག །ཡས་བདག་ཆེན་པོས་ཡས་བཞེས་ཤིག །རྐྱེན་བདག་ཆེན་པོས་རྐྱེན་སོལ་ཅིག །མི་འདི་ཐོངས་ལ་ཡས་འདི་ཁྱེར། །ཉི་མ་དེ་རིང་ཕྱིན་ཆད་ནས། །ཡོན་བདག་འདི་ལ་གནོད་མ་བྱེད། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །རིམས་ནད་ཡམས་ནད་གྲིབ་བདག་རྣམས། །གླུད་ཀྱི་གཏོར་མ་འདི་ལོངས་ལ། །དེ་བཞིན་གཤེགས་པའི་བཀའ་ལ་ཉོན། །གལ་ཏེ་བཀའ་ལ་མི་ཉན་ན། །ཤིན་ཏུ་སྟོབས་ཆེན་གཟི་བརྗིད་ཅན། །སྨེ་བ་བརྩེགས་པ་ཁྲོས་ནོས་ནི། །ཕྱག་མཚན་རྡོ་རྗེ་འབར་བ་ཡིས། །ལུས་ནི་དུམ་བུ་སྟོང་དུ་བཏང་། །མགོ་ནི་ཚལ་པ་བརྒྱ་རུ་འགས། །སེམས་ནི་རྡོ་རྗེའི་དམྱལ་བར་འགྲོ། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །དེ་བས་གྲིབ་བདག་རྒྱལ་པོས་གྲིབ་སོལ་ཅིག །ནད་འདི་ཁྱོད་ཀྱིས་ཁྱེར་ལ་སོང་། །ཨོཾ་ཨརྩི་མརྩི་བྷུར་ཁུང་མ་ཧཱ་པྲ་ན་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་གྲིབ་༈ གླུད་ཁ་ཕར་བསྒྱུར་ལ། རྫོངས་འདེབས་བྱའོ། །ཧཱུྃ། གྲིབ་བདག་རྒྱལ་པོ་རྟ་ནག་ཅན། །བྱ་སྦྲུལ་ཕག་གི་མགོ་ཅན་དང་། །སྦལ་པའི་མགོ་ཅན་ལ་སོགས་པའི། །གྲིབ་ཀྱི་བདག་པོ་


CMR043_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ་ཀུན། །ད་ནི་འགྲོ་རན་ཆས་རེ་རན། །གྲིབ་རྫས་ཆེ་དགུ་རྫོངས་སུ་འདེབས། །བྲ་སྲན་འབྲུ་ནག་རྫོངས་སུ་འདེབས། །ཡོས་བཀྲ་ཆིགས་ཕྱེ་རྫོངས་སུ་འདེབས། །ཚྭ་དང་གཡེར་མ་རྫོངས་སུ་འདེབས། །སྦང་རམ་ཤ་ཤུན་རྫོངས་སུ་འདེབས། །གྲིབ་གླུད་གོས་དུམ་རྫོངས་སུ་འདེབས། །ཟ་འཕྲོ་འཐུང་ལྷག་རྫོངས་སུ་འདེབས། །རྫོངས་འདེབས་འདི་ཡིས་ཚིམ་གྱིས་ལ། །ཕྱིན་ཆད་གནས་འདིར་མ་གནོད་ཅིག །གྲིབ་བདག་ཁྱོད་ལ་ལམ་བསྟན་པ། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བ་གླང་སྤྱོད་ཀྱི་ཚུར་མཐའ་ན། །འཛམ་བུ་གླིང་གི་ཕར་མཐའ་ན། །རྒྱ་མཚོ་ཆེན་པོའི་ཕར་འགྲམ་ན། །ཉི་མ་ཟླ་བའི་ཟེར་མེད་ཅིང་། །མུན་པ་ནག་པོའི་ཀློང་དཀྱིལ་ནས། །གྲིབ་ཡུལ་ནག་པོ་གནས་རེ་འདེབས། །གྲིབ་མཁར་ནག་པོ་རྫོང་རེ་བཙན། །གྲིབ་མི་སྨྲ་མཁས་ས་ལ་ལ། །གྲིབ་རྟ་འཚེར་དང་སི་ལི་ལི། །གྲིབ་བྱ་ལྡིང་དང་ལྷབས་སེ་ལྷུབ། །གྲིབ་ཁྲི་ཟུག་དང་ལྷངས་སེ་ལྷང་། །གྲིབ་རྫས་སྣ་ཚོགས་སྤུངས་སེ་སྤུང་། །དེ་འདྲའི་གྲིབ་ཡུལ་གནས་རེ་བཟང་། །གྲིབ་བདག་ལམ་བསྟན་དེ་རུ་བསྟན། །ཉི་མ་བྱང་ཕྱོགས་གནས་དག་ཏུ། །


CMR043_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ཁང་ནག་པོའི་གཏིང་རུམ་ནས། །གྲིབ་བདག་ཕོས་ནི་འབོད་དང་རྒྱངས་སེ་རྒྱང་། །གྲིབ་བདག་མོས་ནི་གཡབ་དང་ལིངས་སེ་ལིང་། །གྲིབ་བདག་ལམ་བསྟན་དེ་རུ་བསྟན། །གྲིབ་བདག་ཕོ་མོ་དེ་རུ་སོང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །དེ་ནས་ལོ་བདུད་སྟེང་ངམ་ཕྱོགས་གཙང་སར་འབུལ་བཅུག་ཅིང་། ཧཱུྃ༔ ང་ནི་ཁྲོ་བོ་སྨེ་བ་བརྩེགས། །སྐུ་ལས་མེ་དཔུང་ཁྲོ་ཆུང་ཚོགས། །སེར་རྒོད་བབ་པ་ལྟར་འཕྲོས་པས། །གྲིབ་དང་གྲིབ་བདག་གདོན་གྱི་ཚོགས། །རྒྱ་མཚོ་ཆེན་པོའི་ཕར་འགྲམ་བསྐྲད། །ཨོཾ་སུམྦྷ་ནི་སུམྦྷ་ནི་སོགས། བརྗོད་ཅིང་རོལ་མོ་བསྒྲགས། མེ་དཔུང་ཁྲོ་ཚོགས་ཚུར་འདུས་པས། །སྟེང་འོག་རྡོ་རྗེའི་གུར་ཁང་ལས། །ཡེ་ཤེས་མེ་དཔུང་འབར་བས་གཏམས། །བདག་དང་བསྲུང་བྱ་ཐམས་ཅད་ལ། །ཕྱིན་ཆད་གྲིབ་ཀྱིས་མི་ཚུགས་པར། །སྨེ་བ་བརྩེགས་པས་བསྲུང་དུ་གསོལ། །ཨོཾ་ཨརྩི་མརྩི་བྷར་ཁུང་མ་ཧཱ་པྲ་ན་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཛྲ་རཀྵ་རཀྵ་ཧཱུྃ། རང་ཉིད་སྨེ་བ་བརྩེགས་པ་དང་། །ནད་པ་མི་དམིགས་འཇའ་ལྟར་ཡལ། །གདོད་ནས་རྣམ་དག་ཆོས་ཀྱི་སྐུ། །མི་གཙང་གྲིབ་སོགས་


CMR043_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཡང་མེད། །ཀ་དག་ཀུན་བཟང་ཀློང་དུ་ཐིམ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགོངས་འདུས་གུ་དྲག་མ་ནིང་ལ་སོགས་པར། །གཞུང་ཆེན་རྣམས་ནས་གྲིབ་སེལ་རྒྱས་པར་གསུངས། །བསྡུས་པ་གྲིབ་སེལ་རྟ་ནག་མ་འདི་ནི། །དམ་པ་བདེ་གཤེགས་སོགས་ཀྱིས་མཛད་པ་དང་། །དག་དང་མ་དག་རྒྱས་བསྡུས་མང་དུ་མཐོང་། །སྔོན་ཚེ་བདག་ཉིད་བྱིས་སྤ་ཡིན་པའི་དུས། །ནད་པ་འགའ་ལ་གྲིབ་སེལ་འདི་བྱས་པས། །འཕྲལ་དུ་ཕན་ཐོགས་ཆེ་བ་མྱོང་བས་གྲུབ། །དབུལ་ཕོངས་རྒས་འཁོགས་བྱིས་པ་ལྷ་མེད་སོགས། །ཟས་གྲིབ་གོས་གྲིབ་སོགས་ཀྱི་རྐྱེན་བྱས་ནས། །གྲ་ལིང་རྐྱེར་དང་སོ་ནད་ཨོཾག་མ་སྒྲུང་། །སྐྱུག་དང་ཡི་ག་ཆད་པ་ལ་སོགས་པ། །གཉོམ་ཆུང་ནད་པ་འགའ་ལ་ཕན་པའི་ཕྱིར། །ཚིག་ཉུང་དོན་གསལ་རཱ་ག་ཨ་སྱས་བསྡེབས། །དགེ་སློང་བརྩོན་འགྲུས་ཞེས་བྱས་ཡི་གེར་བཀོད། །འདི་ནི་སྔར་དང་མི་འདྲ་རྣོ་བ་སྟེ། །བདག་བསྐྱེད་གནམ་ཆོས་སྨེ་བ་བརྩེགས་པ་ནི། །སྔགས་ཀྱང་གཞན་དང་ཅུང་ཞིག་མི་འདྲ་སྟེ། །བརྒྱུད་པ་ཉེ་ཞིང་གཞན་ལས་རྣོ་བ་ཡིན། །གཏོར་མཆོད་ལྷ་གཞུང་ཚོགས་ཀྱང་མི་དགོས་ཏེ། །ནད་པ་རྣམས་ལ་འཕྲལ་དུ་བྱེད་ཆོག་པས། །གཉོམ་ཆུང་དབུལ་ཕོངས་རྣམས་ལ་ཕན་ཐོགས་ཆེ། །དེ་ཕྱིར་གཞན་ཕན་སྙིང་རྗེའི་སེམས་ཀྱིས་བྲིས། །སྦ་འོས་གསལ་བཀོད་ཉེས་པ་མཆིས་སྲིད་ན། །གནམ་ཆོས་བཀའ་ཡི་སྲུང་མ་རྣམས་ལ་བཤགས། །དགེ་བས་


CMR043_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཉོམ་ཆུང་ནད་པ་མང་པོ་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་འགྱུར་བར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་སྨེ་བརྩེགས་ཀྱི་ལས་མཐའ་གྲིབ་སེལ་རྟ་ནག་མ་ཟབ་ཅིང་སྟབས་བདེ་བ་བལྟས་ཆོག་འདོན་འགྲིགས།next