Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ཞི་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་བསྐུར་བ།
   
   
   
   
   
   
   
   
   
   
   
   
   


 
previousཞི་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་བསྐུར་བ། next

ཞི་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་བསྐུར་བ།


DNG003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཤཱ་ན་ཏིང་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ནཱ་མ། བོད་སྐད་དུ། ཞི་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་བསྐུར་བའི་ལེའུ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་དབང་ཐམས་ཅད་ཀྱི་བདག་ཉིད་དབང་གི་སྐུ་དེས། ཕྱི་ནང་སྣོད་བཅུད་ཐམས་ཅད་དབང་གིས་རང་བཞིན་དུ་བྱིན་གྱིས་བརླབས་ནས། ཞི་བ་བྱང་ཆུབ་སེམས་ཀྱི་ངང་དུ་དབང་བསྐུར་བ་ཞེས་བྱ་བ་འདི་རྣམ་པར་བཤད་དོ། །གསལ་བར་བྱའོ། །མངོན་པར་བསྟན་ནོ། །རྒྱས་པར་བཀྲལ་ལོ། །རིག་པར་ཡོངས་སུ་


DNG003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ་། །དེ་ནས་བཅོམ་ལྡན་འདས་དེས། འཁོར་གྱི་སྲས་མཆོག་རྣམས་ལ་བོས་ཏེ། འདི་སྐད་གསུངས་སོ། །ཀྱེ་མ་ཀྱེ་མ་འཁོར་ཉོན་ཅིག །མ་རྟོགས་པ་རྣམས་རྟོགས་བྱེད་པའི། །དབང་གི་རྒྱལ་པོ་འདི་བསྟན་པས། །མ་སྨིན་པ་རྣམས་སྨིན་པར་འགྱུར། །དབང་གི་ངོ་བོ་འདི་བསྟན་པས། །ཆོས་ཀྱི་དབྱིངས་དང་མཉམ་པ་སྟེ། །བྱང་ཆུབ་ཉིད་དུ་ཉེ་བར་བསྟན། །རིག་པའི་ཡེ་ཤེས་མི་གསལ་བ། །དབང་འདི་བསྐུར་བས་གསལ་བར་འགྱུར། །དེ་རྣམས་གསལ་བར་འདོད་པ་ན། །དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་བདག་གི་དོན་ལ་འཇུག །བསྒྲུབ་པ་ལ་བརྩོན་རིགས་སྣང་བརྟག །རྫོགས་པ་ཆེན་པོའི་དོན་བསྟན་པའོ། །ཐེག་པ་ཕྱི་ནང་ཐམས་ཅད་ཀྱི། །དབང་རྣམས་འདི་ཡི་དགེ་བར་བཤད། །དེ་ལ་དབང་བསྐུར་བྱེད་ཙམ་ན། །ཕྱི་མཚམས་ལ་སོགས་རྫོགས་པར་བྱ། །སྟ་གོན་ཆོ་གའི་གཞུང་རྫོགས་བྱ། །ཁྲུས་དང་རྡོ་རྗེའི་ཆུ་ཡང་བླུད། །དམ་ཚིག་མནའ་ཆུ་དམ་མནའ་བསྐྱལ། །དཀྱིལ་འཁོར་བྲི་བ་གྲུ་བཞི་འམ། །འདོམ་གང་གྲུ་བཞི་གནས་དང་སྦྱར། །ཐིག་དང་ཚོན་རྣམས་བྱིན་གྱིས་བརླབ། །མུ་ཁྱུད་ཟླུམ་པོ་ཕོ་བྲང་མཛེས། །འཁོར་ལོ་རྩིབས་བཞི་རིགས་དང་སྦྱར། །མུ་ཁྱུད་དམར་པོ་རྡོ་རྗེའི་ར། །ཕྱི་རིམ་གྲུ་བཞི་གྲུ་ཆད་ལྗང་། །གྲུ་བཞི་དག་གི་ཕྱི་རིམ་དུ། །མུ་ཁྱུད་ལྗང་གུ་ཟླུམ་པོར་བཤད། །ཟླ་གམ་བཞི་ནི་ཁ་དོག་སེར། །ཕྱི་རིམ་གྲུ་བཞི་སྒོ་དང་བཅས། །གྲུ་ཆད་རིགས་དང་འདྲ་བར་བཤད། །ཕྱི་རིམ་བར་དུ་ཟ་ར་ཚགས། །སྒོ་ནི་རིགས་དང་འདྲ་བ་ལ། །མུ་ཁྱུད་ཟླུམ་པོ་སྒོ་ཁྱུད་བཅས། །དེ་ལྟར་དཀྱིལ་འཁོར་གསལ་བྲིས་ལ། །རྫས་དང་ཡོ་བྱད་ཚོགས་པར་དགྲམ། །དབང་བསྐུར་ཡོ་བྱད་སྣ་ཚོགས་གཞག །རྟགས་ཀྱི་ཕྱག་རྒྱ་སྣ་ཚོགས་སྣང་། །མཐའ་ཡས་སེམས་ཀྱི་དབང་དུའོ། །བྱ་ཕྱིར་དཀྱིལ་འཁོར་རྫས་ཚོགས་བྱ། །རྟེན་པ་


DNG003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་བརྟེན་པ་ཅན། །ལས་རྣམས་རྫོགས་ཕྱིར་གཞག་པར་བྱ། །གསང་བའི་རྟགས་ཉིད་བསྟན་པ་ཡི། །རྫས་ཀྱི་རྣམ་པ་འདི་ལྟ་སྟེ། །དབུས་སུ་མནྫིལ་སྟེང་དག་ཏུ། །ཟངས་ཀྱི་ནང་དུ་གཏོར་མའོ། །གཏོར་མའི་ཁ་ནི་དར་དཀར་མཛེས། །འཁོར་ལོའི་རྩིབས་དང་ལྟེ་བ་ལ། །རྨ་བྱའི་མདོངས་ནི་རེ་རེ་གཟུག །རྩིབས་མཆན་གཏོར་མའི་ཁ་རུ་ཡང་། །མེ་ལོང་སྐྱོན་མེད་རེ་རེ་བཞག །གྲུ་ཆད་ལྗང་གུའི་སྟེང་དག་ཏུ། །སྙིང་པོ་དང་བཅས་རལ་གྲི་བཞག །ཟླ་གམ་སེར་པོའི་སྟེང་དག་ཏུ། །ནས་ཀྱི་གདན་ནི་འདབ་མ་བརྒྱད། །སྟེང་དུ་དུམ་པ་རེ་རེ་བཞག །དར་དཀར་མཛེས་པའི་མགུལ་ཆིངས་དང་། །ནང་དུ་ཆུ་གཙང་འོ་མ་སྟེ། །ཙན་དན་ཆུ་དང་སྤོས་ཆུ་དང་། །བྱང་ཕྱོགས་དག་ཏུ་གུར་གུམ་ཆུ། །ཁ་རྒྱན་དག་དང་བཅས་པའོ། །སྒོ་བཞིར་མདའ་ནི་མཛེས་པ་ལ། །མེ་ལོང་དར་སྣ་བཅས་པའོ། །ཁ་ཚར་མ་ཉམས་རས་དག་གིས། །དཀྱིལ་འཁོར་དག་གི་ཕྱི་ཡོལ་བྱ། །སྟེང་ན་སྣ་ཚོགས་དར་གྱི་གདུགས། །དེ་ལྟར་དཀྱིལ་འཁོར་རྒྱན་བཀྲམ་ཞིང་། །བུ་རྣམས་སྤོས་ཀྱི་ཆུ་ཡིས་བཀྲུ། །རྡོ་རྗེའི་གྲལ་ཕྱག་བྱས་ནས་ནི། །རྡོ་རྗེའི་གྲལ་ལ་འཁོད་པར་བྱ། །དེ་ནས་སློབ་དཔོན་དཔལ་ལྡན་དེས། །སྟ་གོན་ཆོ་ག་རྫོགས་པར་བྱ། །དཀྱིལ་འཁོར་གནས་པར་བྱ་བ་དང་། །བུམ་པ་སྟ་གོན་གནས་པར་བྱ། །སློབ་མ་སྟ་གོན་གནས་བྱ་དང་། །སྟ་གོན་ཆོ་གའི་ཏིང་འཛིན་བསར། །དེ་ནས་རིགས་ཀྱི་སློབ་མ་རྣམས། །གྲལ་དུ་སྣང་བས་གོ་བར་བྱ། །གྲལ་དུ་བཀོད་པའི་སྐལ་ལྡན་ལ། །དབང་རྫོགས་བྱས་ལ་མན་ངག་བྱིན། །ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི། །དབང་བསྐུར་རྫོགས་པར་བྱེད་པ་ན། །དང་པོ་ཞི་བའི་དབང་རྫོགས་བྱ། །རྟེན་འདྲེལ་རྫས་ཀྱི་དོན་མཚོན་ནས། །སྐུ་གསུམ་འབྲས་བུ་ཐོབ་པའོ། །དེ་རྣམས་མཚོན་བྱེད་གསང་དབང་ནི། །ཕྲིན་ལས་རྫོགས་པར་འདོད་པས་ན། །སློབ་དཔོན་དབང་དང་ལྡན་པ་དེས། །དབང་བསྐུར་རྒྱན་རྣམས་གོན་


DNG003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི། །ཕྲིན་ལས་འདི་རྣམས་རྫོགས་པར་བྱ། །སྟོབས་ལྡན་པདྨ་དབང་གི་སྐུ། །གསང་བའི་དཀྱིལ་འཁོར་ཡེ་ཤེས་ལྔ་ལྡན་འདི། །བུ་ཡི་དབང་རྣམས་རྫོགས་པར་བགྱི་འཚལ་ན། །བདག་ལ་དབང་སྩོལ་བུ་ལ་གནང་བར་མཛོད། །དཀྱིལ་འཁོར་ཞལ་བལྟ་མན་ངག་ཐོབ་བྱའི་ཕྱིར། །འདིར་མཆིས་ཞལ་སྟོན་དཔའ་བོས་གནང་བར་མཛོད། །འདོད་ཆགས་སྤངས་ནས་དག་པའི་ལམ་དུ་འཇུག །ཞེ་སྡང་སྤངས་ནས་དལ་གྱི་སྐུ་དང་སྦྱོར། །གཏི་མུག་སྤངས་ནས་ཤེས་རབ་ཡུལ་ལ་འཇུག །འཁོར་བ་སྤངས་ནས་ཡེ་ཤེས་བལྟ་བའི་ཕྱིར། །འདིར་རིག་དཀྱིལ་འཁོར་བུ་ལ་སྣང་བའི་ཕྱིར། །རྡོ་རྗེ་ཆེ་གེ་མོ་འཁོར་དང་བཅས་པ་རིག་པའི་ཡུལ་བལྟ་བས། །སློབ་མ་དཀྱིལ་འཁོར་འདིར་ཆུག་ལས་རྣམས་སྒྲུབ་པར་གྱིས། །ཧོ་རྡོ་རྗེ་སློབ་དཔོན་གཉེན་གྱི་དབུ་བཟུང་ནས། །ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དམ་ཚིག་ནོད་ཀྱིས་བདག་ལ་གནང་བར་མཛོད། །དཀྱིལ་འཁོར་འདིར་ཆུག་བདག་ལ་དབང་བསྐུར་གསོལ། །རྡོ་རྗེ་སློབ་དཔོན་གསང་བ་བདག་ལ་སྐུར། །ཧཱུཾ་རྡོ་རྗེ་དམ་ཚིག་ཁྲོ་ཆུ་ཁོལ་མ་འདི། །ཁྱོད་ལ་གཏད་ཀྱིས་ཐུབ་པར་གྱིས། །ཉམས་ན་དམྱལ་བའི་རྒྱུ་ཡིན་ཏེ། །ཐུབ་ན་ཡོན་ཏན་བརྒྱ་རྩ་འཐོབ། །དེ་བས་ཁྱེད་ཀྱིས་གུས་པས་ལོངས། །ས་མ་ཡ་སྟྭམ། བག་ཤ་ནི་ཧོ། རྡོ་རྗེའི་དམ་ཚིག་བདག་གིས་བླང་བར་བྱ། །བསྐལ་པ་ཞིག་ཀྱང་མི་གཏང་གཟུང་བར་བགྱིད། །དངོས་གྲུབ་ཆུ་བོས་བདག་གི་དྲི་མ་འཁྲུ། །མྱུར་དུ་དམ་ཚིག་ཆུ་བོ་བདག་ལ་སྩོལ། །རྡོ་རྗེ་དྲི་ཆུ་བདག་གིས་གཟུང་བར་བགྱི། །ཨོཾ་བཛྲ་ཏིཥྛ་ལྷན། ཆོས་ཉིད་རང་རྟགས་སྲོག་གི་འཁོར་ལོ་ཡི། །རྡོ་རྗེ་དྲིལ་བུ་ཁྱོད་ཀྱིས་ཡང་དག་ཟུང་། །ཆོས་ཉིད་གསུང་སྒྲས་ཐམས་ཅད་ཟིལ་མནན་ཕྱིར། །དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་ཡང་དག་གསོར། །ཆོས་ཉིད་སྟོང་པ་ཡེ་ཤེས་དག་པ་ཡི། །རྣམ་དག་དོན་ལྔ་ཡེ་ཤེས་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྟོང་རིག་


DNG003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་དོན་ལྡན་ཤོག །ཨོཾ་བཛྲ་ཙིཏྟ་ཡ་ཏིཥྛ་བཛྲ་ཡཱ་མི་སྟྭཾ། ཧཱུཾ་སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། །ཆོས་སྐུ་དག་པའི་རང་བཞིན་ལས། །ཡེ་ཤེས་དག་པའི་ཕོ་བྲང་འདིར། །བཀྲ་ཤིས་དག་པའི་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་གསོལ། །ཨོཾ་རཏྣ་ཨེ་ཝ་ཏི་ཛ་ཧཱུཾ། ཧཱུཾ་རྟོག་པའི་དྲི་མ་སེལ་བའི་བུམ་པ་འདི། །དག་པའི་ཡེ་ཤེས་གཉིས་དང་སྦྱོར། །ཡེ་ཤེས་སྟོན་པའི་བུམ་པ་རབ་མཛེས་པས། །སྐལ་ལྡན་འདི་ལ་དབང་བསྐུར་གསོལ། །ཨོཾ་པདྨ་དུ་ཏི་ཤྲི་ཧཾ་བག་ཏམ། ཧཱུཾ་བྱང་ཆུབ་ལས་བྱུང་བདུད་རྩིའི་སྣོད། །ཉོན་མོངས་སེལ་བའི་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་འདི་ལ་དབང་བསྐུར་གསོལ། །ཨོཾ་ཀརྨ་ཛྙཱ་ན་ཏམ་བག་ཤ་ཧཱུཾ། ཡེ་ཤེས་གསལ་བའི་སྒོ་བཞིར་ལྡན། །ཤེས་རབ་བསྐྱེད་པའི་མདའ་བཞི་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྣང་བ་བཞི་དང་འཕྲད་པར་ཤོག །ཨོཾ་ཛཿཧཱུཾ་བཾ་ཧོཿ། ཁ་གད་ཏ་ཛ་ཡ། ཤེས་རབ་དོན་སྟོན་རལ་གྲི་བཞིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག །ཨོཾ་བཛྲ་པྲད་ཛྙཱ་མ་ཧཱ་ཏམ་པ་ག་ཤ་ཧཱུཾ། ཆོས་ཉིད་རྣམ་དག་སྟོང་པའི་རྒྱུ། །ཡི་གེ་ཧཱུཾ་ལས་འོད་ཟེར་འཕྲོས། །ཐམས་ཅད་དེ་ཡི་དོན་ལ་གནས། །ཆོས་དབྱིངས་ཡེ་ཤེས་མཚོན་པའི་དཔེ། །མེ་ལོང་འདི་ལ་བརྟེན་པ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཉོན་མོངས་དག་པ་ཡེ་ཤེས་རྒྱུ། །གསལ་འགྲིབ་མེད་པའི་དོན་བསྟན་པ། །རྫས་ཀྱི་མེ་ལོང་དམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །མེ་ལོང་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཡབ་ཡུམ་གཉིས་མེད་དཀྱིལ་འཁོར་ལྡན། །ཡེ་ཤེས་སྟོང་གསལ་མཉམ་པའི་མེ་ལོང་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །མཉམ་


DNG003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་རཏྣ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཐམས་ཅད་འབྱུང་བ་ཡེ་ཤེས་དག་པའི་རྫས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །སོར་རྟོགས་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་པདྨ་ཨ་ཏི་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཐམས་ཅད་གཉིས་མེད་གཅིག་ཏུ་འདུས་པའི་ཡེ་ཤེས་ཏེ། །ཆོས་རྣམས་བྱ་བར་རྫོགས་པར་མཛད་པ་ཡི། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་ཀརྨ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཁ་དོག་ཐམས་ཅད་སྟོན་མཛད་པའི། །ལྷུན་གྲུབ་དཀྱིལ་འཁོར་ཐམས་ཅད་ཀྱིས། །མུ་ཁྱུད་ར་བ་སྟོན་མཛད་པའི། །འོད་ཆེན་རྣམ་ལྔའི་མེ་ཏོག་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །རིན་ཆེན་སྦུབས་སུ་སངས་རྒྱས་ཤོག །ཨོཾ་པྲ་བེ་ཤ་ཡ་དུ་ཤ་ཧཱུཾ། སྣ་ཚོགས་པ་ཡི་རྫས་ཆེན་འདིས། །འདི་དང་ཕྱི་མ་གཉིས་ཀ་རུ། །ལོངས་སྤྱོད་ཆེན་པོ་འཕེལ་བར་འགྱུར། །བྱིན་བརླབས་དྲག་པོའི་གཏོར་མ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །བར་ཆད་ཐམས་ཅད་བསལ་བ་དང་། །སངས་རྒྱས་བྱིན་རླབས་སྣང་བར་ཤོག །ཨོཾ་བ་ལིངྟ་དུ་ཤ་ནི་ཧཱུཾ། རྣམ་དག་དྲི་མེད་ཆོས་ཀྱི་སྤྱན། །དོ་ནུབ་ཁྱོད་ལ་གསལ་འགྱུར་ཤོག །སྤྱི་དང་རང་གི་དོན་ཤེས་པ། །གང་ཡང་མ་འགགས་ཤེས་རབ་སྤྱན། །དོ་ནུབ་ཁྱོད་ལ་གསལ་བར་གྱིས། །ཕྱི་དང་ནང་མེད་ཀུན་གསལ་བ། །རང་བཞིན་མ་གཡོས་རིག་པའི་སྤྱན། །དོ་ནུབ་ཁྱོད་ལ་གསལ་གྱུར་ནས། །རིགས་པའི་དཀྱིལ་འཁོར་གསལ་བར་ལྟོས། །དངོས་དང་དངོས་མེད་སྣང་བ་དང་། །བདག་གཞན་ཐམས་ཅད་དོན་གསལ་བའོ། །ཐམས་ཅད་མཁྱེན་ཉིད་གཞི་ཡི་སྤྱན། །དོ་ནུབ་ཁྱོད་ལ་གསལ་གྱུར་ནས། །རང་རིག་རྫོགས་པའི་དཀྱིལ་འཁོར་ལྟོས། །ཐོགས་པ་མེད་པའི་སྤྱན་ལྔ་ཡིས། །དཀྱིལ་འཁོར་ཕྱོགས་མཚམས་ཀུན་ལ་ལྟོས། །ཤར་གྱི་སྒོ་ནི་རིགས་པ་གསལ། །རིག་པའི་ཡེ་ཤེས་མཚོན་པའི་ཕྱིར། །ཡེ་ཤེས་དག་པའི་


DNG003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འཆར། །དེ་ཕྱིར་ཤར་གྱི་སྒོ་ཞེས་བྱ། །དེ་ཡང་ཁྱོད་ལ་བསྟན་པར་བྱ། །མ་དྲེད་མ་སྔངས་མྱུར་དུ་ལྟོས། །ཆགས་མེད་སྤྱན་གྱིས་བལྟས་བྱས་ན། །འགྱུར་མེད་ཡེ་ཤེས་དག་པ་མཐོང་། །ལྷོ་སྒོ་ཡེ་ཤེས་བསྐྱེད་པའི་སྒོ། །སྣང་བ་ལྷུག་པར་འཆར་བའི་རྟགས། །ཡེ་ཤེས་ཉི་ཤུ་རྩ་གཅིག་རྫོགས། །དེ་ཕྱིར་ལྷོ་ཡི་སྒོ་ཞེས་བྱ། །སྣང་བ་བསྟན་གྱིས་ལེགས་པར་ལྟོས། །དུས་འདིར་ཁྱོད་ཀྱིས་མ་བལྟས་ན། །ཕྱིས་ནས་རྙེད་པར་ག་ལ་འགྱུར། །ཡེ་ཤེས་མིག་གིས་མ་ཆགས་ལྟོས། །ནུབ་སྒོ་བག་ཆགས་ནུབ་པའི་སྒོ། །དུག་ལྔ་ཡེ་ཤེས་ལྔ་ལྡན་འོད། །འོད་ལྔ་མ་འདྲེས་རྫོགས་པའི་ས། །ཤེས་རབ་མིག་གིས་བལྟས་བྱས་ནས། །ཁྱོད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་མཐོང་། །བྱང་སྒོ་ས་ལམ་བྱང་བའི་སྒོ། །སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྒོ། །ལས་རབ་རྫོགས་པའི་སྒོ་ཆེན་འདི། །མཁྱེན་གསལ་མིག་གིས་མྱུར་དུ་ལྟོས། །རྡོ་རྗེ་རང་རྟགས་ཆེན་པོ་ནི། །སེམས་ཅན་ཀུན་གྱི་ལམ་རྒྱུད་ལ། །དཀྱིལ་འཁོར་དེ་བཞིན་གནས་པ་ཡིན། །རྡུལ་ཚོན་དཀྱིལ་འཁོར་འདི་བཞིན་དུ། །རང་གི་ལུས་ལ་ཡོད་པ་ཡིན། །དེ་བཞིན་ཕོ་བྲང་དཀྱིལ་འཁོར་ལྟོས། །རང་ལུས་གཞལ་ཡས་ཁང་གི་ཚུལ། །ལྷ་རྣམས་མ་བསྐྱེད་ལྷུན་གྱིས་རྫོགས། །དེ་ཕྱིར་དབང་གི་དཀྱིལ་འཁོར་ལྟོས། །མྱུར་དུ་བལྟས་ན་དངོས་གྲུབ་འཐོབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་སཏྭ་ཧཱུཾ། དེ་ལྟར་རིམ་པ་རྫོགས་པར་བྱ། །དབང་གི་མཛད་སྤྱོད་ཏིང་འཛིན་བརྟན། །ལས་རྣམས་རྫོགས་པར་བྱེད་པའོ། །བུ་རྣམས་དངོས་གྲུབ་འདོད་པ་ལ། །སྟ་གོན་ལྔ་བརྡོལ་ཏིང་འཛིན་ཏེ། །མིག་དང་རྣ་བ་སྣ་དང་ལྕེ། །ཡིད་ལ་སོགས་པ་ཐམས་ཅད་ལ། །མངའ་གསོལ་བྱིན་བརླབས་མཐུ་བརྟན་པས། །དབང་པོ་ལྔ་ཡི་དབང་ཐོབ་ནས། །དངོས་གྲུབ་སྣ་ཚོགས་འཐོབ་པར་ངེས། །དེ་ལྟར་ཕྱི་ཡི་དབང་རྫོགས་ནས། །ལོངས་སྤྱོད་ཐམས་ཅད་འཕེལ་བར་འགྱུར། །ཆོས་ཉིད་སྐུ་ཡང་བག་གིས་མཐོང་། །ཕུང་པོ་ལྔ་ལས་དབང་བསྐུར་བས། །ཡེ་
ཤེས་ལྔ་ཉིད་རང་རྫོགས་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཞི་བ་བྱང་ཆུབ་སེམས་སུ་དབང་བསྐུར་བའི་ལེའུ་སྟེ་བཅུ་དྲུག་པའོ། །རྫོགས་སོའོ།། །།


previousཞི་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་བསྐུར་བ། next