Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱན་གཉིས་ཀྱི་དབང་ཆོག་ཡེ་ཤེས་སྤྱི་བླུགས།


 
previousརྒྱན་གཉིས་ཀྱི་དབང་ཆོག་ཡེ་ཤེས་སྤྱི་བླུགས།no next

རྒྱན་གཉིས་ཀྱི་དབང་ཆོག་ཡེ་ཤེས་སྤྱི་བླུགས།

རྒྱན་གཉིས་ཀྱི་དབང་ཆོག་ཡེ་ཤེས་སྤྱི་བླུགས་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ སྐལ་བ་མཆོག་ལྡན་རྣལ་འབྱོར་ལ༔ ཡེ་ཤེས་སྤྱི་བླུགས་དབང་བསྐུར་གྱིས༔ དེ་བཞིན་གཤེགས་པའི་རྒྱལ་སྲིད་གཏད༔ དེ་ཡང་སྤྲོས་མེད་ཚིག་གིས་བཀྲོལ༔ ས་མ་ཡཱ༔ ཤིན་ཏུ་དབེན་པའི་གནས་མཆོག་ཏུ༔ ཕྱི་ལྟར་ཞི་ཁྲོ་རབ་འབྱམས་དབང་༔ ནང་ལྟར་མཁའ་འགྲོ་སྡེ་ལྔའི་དབང་༔ ཡོངས་སུ་རྫོགས་པ་ཐོབ་བྱས་ནས༔ རུ་ཤན་དབྱེ་ཞིང་སེམས་བསྐྱེད་དང་༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་ཆོས་བཤད་མཎྜལ་ཕུལ༔ ཚོགས་བསགས་གསོལ་བ་གདབ་པ་ནི༔ ཀྱཻ༔ སྲིད་ཞི་ཀུན་གྱི་འདྲེན་སྟོན་དཔལ༔ ཀུན་བཟང་གདོད་མའི་མགོན་པོ་མཆོག༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ བརྩེ་བའི་ཐུགས་རྗེས་བདག་ལ་དགོངས༔ ཁྱེད་ཀྱི་ཡེ་ཤེས་རྡོ་རྗེ་ནི༔ སྣང་སྟོང་དབྱེར་མེད་རང་བྱུང་བ༔ འཁོར་འདས་ཀུན་གྱི་ཁྱབ་བདག་དཔལ༔ དཀྱིལ་འཁོར་ཆེན་པོར་འཇུག་པ་ཡིས༔ ཐབས་ཀྱི་གསང་སྒོ་དམ་པ་དེ༔ བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ཞེས་བསྐུལ་ལོ༔ དེ་ནས་བླ་མས་འདི་སྐད་དོ༔ གསོན་དང་སྐལ་ལྡན་རིག་པ་འཛིན༔ ང་ཡི་ཡེ་ཤེས་རྡོ་རྗེ་ནི༔ གཞན་དུ་ཚོལ་བ་མི་འཚལ་ཏེ༔ དཀྱིལ་འཁོར་རང་གི་སེམས་ལ་གནས༔ མ་ཟད་འཁོར་འདས་སྣང་སྲིད་ཆོས༔ དབྱེར་མེད་བདེ་བ་ཆེན་པོར་གྲུབ༔ གྲུབ་ཅིང་སུས་ཀྱང་མ་ངེས་ལ༔ འོན་ཀྱང་ཉམས་དང་དམན་པ་མེད༔ བསྟན་ཀྱང་མཐོང་བར་མི་འགྱུར་ཏེ༔ མཐོང་བ་དག་ལ་བཟོད་ཐོབ་དཀའ༔ སངས་རྒྱས་ཀུན་གྱི་བདེ་གསང་འཕྲུལ༔ གཞན་ནས་རྙེད་པ་མ་ཡིན་ཏེ༔ ཀུན་ཀྱང་དུས་གསུམ་གཤེགས་པའི་བཤུལ༔ ཁྱད་པར་ཆེན་པོ་འདི་ན་ཡོད༔ འོན་ཀྱང་དམ་ཚིག་བསྲུང་ན་ཡོད༔ ཡང་ན་འཚེང་དང་ཡང་ན་ཕུང་༔ འཚེང་ཕུང་ངེས་པའི་སྨིན་གྲོལ་གྱི༔ སྒོ་ལ་འཇུག་པ་ཤིན་ཏུ་དཀའ༔ དེ་ན་ད་ལྟ་ཕྱིར་དེངས་ཤིག༔ ཞེས་གསུངས་ལན་དུ་འདི་ལྟར་ཞུ༔ ཀྱེ༔ མགོན་པོ་གསང་བ་ཀུན་བདག་ཉིད༔ བདག་ནི་སྐལ་ལྡན་སློབ་བུ་སྟེ༔ བསྐྱེད་དང་རྫོགས་པའི་རྣལ་འབྱོར་དང་༔ བླ་ན་མེད་པའི་དམ་ཚིག་གང་༔ ཡང་དག་ཉིད་དུ་སྲུང་བར་བྱེད༔ བཀའ་དྲིན་ཆེན་པོས་བདག་ལ་སྩོལ༔ ཡལ་བར་མ་འདོར་ཐུགས་རྗེས་ཟུངས༔ ཞེས་ཞུ༔ དེ་ནས་ཟླ་བ་གཅིག་གམ་ལོ་དུས་སུ༔ ཚོད་བགམ་ཞིབ་དུ་བརྟགས་ལ་ནི༔ སླར་ཡང་ལན་མང་གསོལ་བ་བཏབས༔

དེ་ནས་གནང་བ་སྦྱིན་པ་ནི༔ ཧོ༔ ཁྱོད་ནི་སྐལ་ལྡན་བུ་མཆོག་སྟེ༔ བསྐལ་མང་བསོད་ནམས་མ་བསགས་ན༔ ལམ་མཆོག་འདི་དང་འཕྲད་མི་སྲིད༔ འཕྲད་ཀྱང་མོས་པ་ཐོབ་མི་འགྱུར༔ སྲས་ནི་ཐུགས་ལས་སྐྱེས་པ་ལ༔ སྐལ་ལྡན་སེམས་ཀྱི་བུ་གཅིག་གསུངས༔ དམ་བསྒྲགས་བསྒྲུབ་ལ་མི་འབྱེར་བ༔ འདི་ཡང་བསྟན་པའི་བཙས་ཡིན་པས༔ དེ་ཕྱིར་ངེས་པར་དབང་བསྐུར་སྦྱིན༔

དེ་ནས་ཡེ་ཤེས་དབབ་པ་ནི༔ ཟུར་བར་བྱེད་ན་སློབ་མ་ལྷར་བསྐྱེད་ནི༔ ཨོཾ་སྭ་བྷ་ཝ ༴ སློབ་མ་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་རྣམ་པར་སྣང་མཛད་སྐུ༔ ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན༔ དཀར་གསལ་འཁོར་ལོའི་རྡོར་དྲིལ་འཛིན༔ པདྨ་འདབ་བརྒྱད་གདན་སྟེང་དུ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་དབྱིངས་ཀྱི་ཞིང་ཁམས་སུ༔ ཐིག་ལེ་སྟོང་པའི་གཞལ་ཡས་ན༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ ལྷུན་གྲུབ་འོད་ཀྱི་བུམ་སྐུར་བཞུགས༔ ཆ་ཕྲ་བལྟ་དཀའི་རང་རྩལ་འཁོར༔ བཞི་ཁྲི་དགུ་འབུམ་དང་བཅས་པ༔ དུང་ཁང་བྷནྡྷའི་གཞལ་ཡས་སུ༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཚོགས༔ ཁྲག་ཁྲིག་འབུམ་སྡེ་འཁོར་དང་བཅས༔ འཁོར་ལོའི་རྩ་ཡི་གཞལ་ཡས་དབུས༔ རང་བཞིན་འོད་ཀྱི་ཐིག་ལེའི་སྐུ༔ མཁའ་འགྲོའི་དཀྱིལ་འཁོར་ཉི་ཁྲི་ཕྲག༔ ཡང་སྤྲུལ་སྒྲོན་མ་ཟེར་གྱི་སྐུ༔ རྩ་རླུང་ཐིག་ལེ་བདེ་ཆེན་པོ༔ དཔའ་བོ་མཁའ་འགྲོ་གྲངས་མེད་ཕྲག༔ སྒྲུབ་སྡེའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཐུགས་སྲོག་རང་བྱུང་སྒྲོན་མ་འབར༔ རྣམ་དག་ལྷན་སྐྱེས་ཡེ་ཤེས་གསལ་༔ བླ་མའི་ཐུགས་ཀའི་འོད་ཟེར་ནི༔ རྟོགས་པ་མངོན་གྱུར་དུས་གསུམ་གྱི༔ བདེ་གཤེགས་དཀྱིལ་འཁོར་ངོ་བོ་ཉིད༔ གསེར་འགྱུར་རྩི་ཡི་རྣམ་ཅན་གྱིས༔ སྤྲོས་བྲལ་དབྱིངས་ན་དགོངས་ཀློང་གཅིག༔ མི་དམིགས་སྒྱུ་འཕྲུལ་མཉམ་གྲོལ་བརྡལ༔

དེ་ནས་བྱིན་ཕབ་པ་ནི༔ ཞི་ཁྲོའི་རང་གཞུང་ཁྱད་པར་དུ༔ ཧཱུྃ༔ རང་སྣང་དོན་གྱིས་འོག་མིན་ནས༔ རྡོ་རྗེའི་བླ་མའི་ངོ་བོ་ཉིད༔ རང་རིག་ཀུན་ཏུ་བཟང་པོ་ནི༔ ཆོས་སྐུ་རྒྱ་མཚོའི་བྱིན་ཆེན་ཕོབས༔ གཞི་སྣང་ཆོས་འཁོར་འོག་མིན་ནས༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ཚོགས༔ མཚོན་བྱའི་རྒྱུད་ཀྱི་སྐུར་བཞེངས་ལ༔ ལོངས་སྐུ་རྒྱ་མཚོའི་བྱིན་ཆེན་ཕོབས༔ དྭངས་མ་འབྱུང་ཆེན་ཕོ་བྲང་ནས༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ཡང་༔ དབྱིངས་དང་ཐིག་ལེའི་སྐུར་བཞེངས་ལ༔ སྤྲུལ་སྐུར་རྒྱ་མཚོའི་བྱིན་ཆེན་ཕོབས༔ ཐུགས་རྗེ་རང་བྱུང་གཞལ་ཡས་ན༔ སྤྲུལ་སྐུ་སངས་རྒྱས་བྱེ་བ་སྟོང་༔ ཡེ་ཤེས་སྒྲོན་མའི་སྐུར་བཞེངས་ལ༔ ཡང་སྤྲུལ་རྒྱ་མཚོའི་བྱིན་ཆེན་ཕོབས༔ རང་གདངས་རྣམ་དག་གཞལ་ཡས་ནས༔ རྩིས་འདས་མེ་ཏོག་བཀོད་པའི་རྒྱུད༔ ཟེར་མདངས་ཕྲིན་ལས་སྐུར་བཞེངས་ལ༔ སུམ་སྤྲུལ་རྒྱ་མཚོའི་བྱིན་ཕོབ་ཅིག༔ སྐལ་ལྡན་འདི་ལ་བྱིན་ཕོབ་ཅིག༔ མ་དག་འཁྲུལ་པའི་རྣམ་སྨིན་ལ༔ རྣམ་དག་ངོ་བོའི་བྱིན་ཕོབ་ཅིག༔ རང་གནས་སྐུ་རིག་ཡེ་ཤེས་འོད༔ བཅུད་དུ་སྨིན་པར་བྱིན་ཕོབ་ཅིག༔ དཀྱིལ་འཁོར་ཆེན་པོ་ལྷུན་གྲུབ་པ༔ ཚད་ལ་ཕེབས་པའི་བྱིན་ཕོབ་ཅིག༔ གཉིས་སྣང་རྟོག་པའི་ཟུག་རྔུ་ཀུན༔ གཉིས་མེད་ངང་གྲོལ་བྱིན་ཕོབ་ཅིག༔ ཡེ་ཡོད་གཞོན་ནུ་བུམ་པའི་སྐུ༔ མངོན་གྱུར་ཆེན་པོར་བྱིན་ཕོབ་ཅིག༔ རང་བྱུང་ཡེ་ཤེས་འཆར་སྒོ་ཕྱེས༔ ངང་བརྟན་ངེས་པའི་བྱིན་ཕོབ་ཅིག༔ སྐད་ཅིག་ཉིད་དུ་བྱིན་ཕོབ་ཅིག༔ ད་ལྟ་ཉིད་དུ་བྱིན་ཕོབ་ཅིག༔ མྱུར་བ་ཉིད་དུ་བྱིན་ཕོབ་ཅིག༔ སྐུ་གསུམ་དཀོན་མཆོག་རང་གནས་པའི༔ བདེན་དོན་ལྷུན་གྲུབ་བྱིན་ཕོབ་ཅིག༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་གུ་རུ་དཱེ་ཝ་ཊཱཀྐི་ནི་སརྦ་སདྡྷི་ཕ་ལ་ཕེམ་ཕེམ་ཛ་ཛ༔ ཨ་ཝེ་ཤ་ཡ་ཕེམ་ཕེམ༔ དེ་ནས༔ ཨ་ཨ་ཕཊ༔ སེམས་གང་ཡིན༔ ཞེས་ཡིད་ལ་མེད་དུས་བརྗོད་དོ༔

དེ་ནི་བྱིན་དབབ་པའང་ཡིན་ཏེ་ཤིན་ཏུ་སྤྲོས་མེད་ཀྱི་ཚིག་བསྒྲགས་ནི༔ འོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་ཀྱི་ད་ལྟའི་ཤེས་པ་ཐད་ཀར་མ་བཅོས་པར་ཞོག་ཅིག༔ དེ་ཡང་འདས་པའི་རྣམ་པར་རྟོག་པའི་རྗེས་སུ་མ་དེད༔ མ་འོངས་པའི་མདུན་མ་བསུ༔ ད་ལྟའི་ཤེས་པས་ཡུལ་ལ་གཟུང་འཛིན་མ་བྱེད་པར་རང་བབས་སུ་བཅས་བཅོས་དང་སྤངས་ལེན་མ་བྱེད་དང་༔ དེའི་དུས་སུ་མ་འགགས་པར་རང་གསལ་དུ་ལྷང་ངེ་བ༔ གསལ་ཡང་ངོ་བོ་འདི་ལྟར་གྲུབ་ཅེས་མཐོང་དུ་མེད་པའི་སྟོང་པ་ཉིད་ལ༔ གསལ་བ་དང་སྟོང་བ་གཉིས་ཐ་དད་སོ་སོ་མ་ཡིན་པའི་ཟུང་འཇུག་དབྱེར་མེད་པ་རང་དུས་ནས་རང་ངོ་མ་མཐོང་བའི་སྐབས་སྐད་ཅིག་ཙམ་ཡང་མེད་པ༔ གཟུང་འཛིན་གྱི་གཉིས་སྣང་དང་གཉིས་འཛིན་ཕྲ་བའང་མེད་པ༔ འགྱུ་བའི་རླུང་གི་གཞན་དབང་དུ་མ་གྱུར་བ༔ ཧྲིག་གེ་བ་ལ་གཟུང་འཛིན་མེད་པ༔ ཝལ་ལེ་བ་ལ་ངོས་བཟུང་དང་བྲལ་བ༔ རྣམ་པར་རྟོག་པའི་ཟུག་རྔུ་དང་བྲལ་བ་འདི༔ ངོ་བོ་སྟོང་བ་ཆོས་སྐུའི་ཡེ་ཤེས༔ རང་བཞིན་གསལ་བས་ལོངས་སྐུའི་ཡེ་ཤེས༔ ཐུགས་རྗེ་འཛིན་མེད་དུ་རང་གྲོལ་བས་སྤྲུལ་སྐུའི་ཡེ་ཤེས༔ རང་བཞིན་མ་གྲུབ་པས་ཆོས་དབྱིངས་ཡེ་ཤེས༔ རང་གསལ་བེམ་སྟོང་དུ་མ་སོང་བས་མེ་ལོང་ཡེ་ཤེས༔ སྣང་སྟོང་དབྱེར་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས༔ མ་འདྲེས་སོ་སོར་བཀྲ་བས་སོར་རྟོག་ཡེ་ཤེས༔ དག་གྲོལ་གཉིས་ལྡན་གྱི་ཕྲིན་ལས་རྫོགས་པས་བྱ་གྲུབ་ཡེ་ཤེས་ཏེ་རིགས་བརྒྱའི་ཐུགས་ཀྱི་ཡེ་ཤེས་དང་༔ ཡང་རང་སྟོང་ཆོས་ཉིད་ལས་མ་གཡོས་པས་ཇི་ལྟ་མཁྱེན་པ༔ ཟང་ཐལ་སོ་སོ་རང་རིག་ཅིང་མཁྱེན་པ་མ་འདྲེས་ཐོགས་པ་མེད་པས་ཇི་སྙེད་མཁྱེན་པ་སྟེ༔ མཁའ་འགྲོ་དང་སངས་རྒྱས་སྟོང་གི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུགས་རྣམ་པར་དག་པ༔ ཕྱིར་སྣང་བ་དང་༔ ནང་དུ་གནས་ཚུལ༔ འབྲས་བུ་མངོན་དུ་གྱུར་བ་ཀུན་གྱི་རྩ་བ༔ ལམ་ཉམས་སུ་ལེན་པའི་དངོས་གཞི༔ ཐེག་པ་རིམ་དགུའི་བསྟན་བྱའི་མཐར་ཐུག་གི་དོན་འབྲས༔ སངས་རྒྱས་དང་༔ བྱང་ཆུབ་ཀྱི་སེམས༔ རང་བྱུང་གི་རིག་པ༔ འོད་གསལ་བའི་ཡེ་ཤེས༔ གཞི་རྒྱུད༔ བདེ་གཤེགས་སྙིང་པོ༔ ལྷན་སྐྱེས་ཀྱི་བདེ་ཆེན༔ རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན༔ དབུ་མ་ཆེན་པོ༔ ཕྱག་རྒྱ་ཆེན་པོ༔ རྫོགས་པ་ཆེན་པོ༔ ཆོས་ཉིད་དོན་གྱི་ལྷ་ལ་སོགས༔ ཀུན་ཏུ་བཟང་པོ་དང་༔ རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ནི་འདི་ཉིད་ཡིན་པས་ངོ་ཤེས་པར་གྱིས༔ ངང་ལས་མི་འདའ་བར་བརྟན་པར་མཛོད་ཅིག༔ རང་ཐོག་ཏུ་ངོ་ཤེས་པར་གྱིས་ཤིག༔ ཤེས་ཐོག་ཏུ་ཐག་ཆོད་པར་གྱིས་ཤིག༔ ཡེ་ནས་འཆིང་བྱེད་ཉོན་ཤེས་ཀྱི་དྲི་མས་མ་གོས་པའི་གྲོལ་ཐོག་ཏུ་གདངས་འཆོས་པར་གྱིས་ཤིག༔ ཐོག་མ་དང་ཐ་མ་མེད་པར་སྐད་ཅིག་ཀྱང་འབྲལ་མ་མྱོང་ཡང་༔ ངོ་མ་ཤེས་པ་ལས་འཕྲལ་བྱུང་ངམ་རྒྱུ་རྐྱེན་ལས་མ་སྐྱེས་པས༔ འབྲས་བུ་འདུས་མ་བྱས་ཆེན་པོ་ལྷུན་གྱིས་གྲུབ་པའི་གཤིས་སུ་བཙན་ས་ཟུངས་ཤིག༔ རྟོགས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ ཨོཾ་ཨཱ༔ཧཱུྃ་ཕཊ༔ཅེས་བརྗོད་དོ༔

གཉིས་པ་རབ་ཏུ་སྤྲོས་མེད་ཀྱི་དབང་ལ༔ དཀྱིལ་འཁོར་དུ་འཇུག་པ་དང་༔ དབང་དངོས་གཞིའི་རིམ་པ་གཉིས་ལས༔ དང་པོ་ནི༔ འོ་རིགས་ཀྱི་བུ༔ འཇིག་རྟེན་གྱིས་གར་ཁྱབ་ཆུས་ཁྱབ༔ ཆུས་གར་ཁྱབ་སེམས་ཀྱིས་ཁྱབ༔ སེམས་ཀྱིས་གར་ཁྱབ་རིག་པས་ཁྱབ་སྟེ༔ འཇིག་རྟེན་གྱི་དབྱིངས་ནི་ཆུ་ཡིན་ནོ༔ ཆུའི་དབྱིངས་ནི་སེམས་ཡིན་ནོ༔ སེམས་འཆར་བའི་དབྱིངས་ནི་རིག་པ་རང་བྱུང་གི་ཆོས་སྐུ་ཡིན་ནོ༔ དེ་ལ་ཡེ་ཤེས་ལྔ་རྫོགས་པས༔ དེ་ལྟར་ན་ཕྱོགས་དང་ཕྱོགས་མཚམས་བླ་འོག་ཏུ་འཛིན་པའི་འཁོར་འདས་ཀྱི་བཀོད་པ་རབ་འབྱམས་གྲངས་མེད་པ་དག་ཀྱང་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་རང་རྩལ་འགགས་པ་མེད་པའི་ཀློང་ཆེན་པོ་དེ་ཉིད་དུ་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པས་ན་ཕྱོགས་མེད་ཕྱོགས་བྲལ་ཆེན་པོ་ཤར་ཕྱོགས་ཐམས་ཅད་རྒྱས་པར་ཁེབས་པའི་རྡོ་རྗེ་རིགས་ཀྱི་ཞིང་སྣང་ཚད་མེད་པ་བཀོད་པའི་ཁྱད་པར་བློས་གཏིང་མི་དཔོག་པ་རྩིས་ལས་འདས་པ་ན༔ སྐུ་ཞི་བ་དང་༔ ཁྲོ་བོ་དང་༔ གསུང་མཁའ་འགྲོའི་གྲོང་ཁྱེར༔ ཐུགས་ཡེ་ཤེས་ཀྱི་སྒྲོན་མ་རང་གསལ་གྱི་རྣམ་པར་ཡོངས་སུ་བརྡལ་བའི་དཀྱིལ་འཁོར་ཚད་མེད་དང་༔ དེ་དག་གི་རང་བཞིན་དང་འགྲོ་འདུལ་གྱི་སྤྲུལ་པའི་རོལ་བའང་དཔག་ཏུ་མེད་པའི་དག་སྣང་ཡེ་ཤེས་ཀྱི་འཁོར་ལོས་བསྒྱུར་བའི་དབང་ཕྱུག་ཆེན་པོ་ཉིད་དུ་ཆ་བའི་ཕྱིར་དུ་སོ་སོར་མ་འདྲེས་པའི་ཞིང་ཁམས་ཆེན་པོ་དེ་དག་ཏུ་རྫུ་འཕྲུལ་གྱི་རླུང་ཤུགས་ཆེན་པོས་བསྐྱོད་དེ་ཕྱིན་ལ༔ དེར་སྣང་གཙོ་འཁོར་སྐུ་གསུམ་གྱི་དེ་བཞིན་གཤེགས་པ་ལ་རྒྱུ་འབྲས་བུར་སྨིན་པའི་དབང་མཆོག་ཟབ་མོ་བསྐུར་ཐོབ་མེད་པ་ཡོད་ཀྱིས༔ དེ་ཞུས་ལ་བཅོམ་ལྡན་འདས་དེ་དག་རྣམས་དང་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་དྲང་སྲོང་ཆེན་པོའི་ལྟ་སྟངས་ཀྱིས་ལྟོས་ལ༔ སྟག་མོའི་འཕྱོང་སྟངས་ཀྱིས་སོང་ཞིག༔ ཨ་ཨ་ཕཊ༔ འོ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག༔ འཇིག་རྟེན་གྱིས་གར་ཁྱབ་སས་ཁྱབ༔ སས་གར་ཁྱབ་སེམས་ཀྱིས་ཁྱབ༔ སེམས་ཀྱིས་གར་ཁྱབ་རིག་པས་ཁྱབ་སྟེ༔ འཇིག་རྟེན་གྱི་དབྱིངས་ནི་ས་ཡིན་ནོ༔ སའི་དབྱིངས་ནི་སེམས་ཡིན་ནོ༔ སེམས་འཆར་བའི་དབྱིངས་ནི་རིག་པ་རང་བྱུང་གི་ཆོས་སྐུ་ཡིན་ནོ༔ དེ་ལྟར་ན་ཕྱོགས་དང་ཕྱོགས་མཚམས་བླ་འོག་ཏུ་འཛིན་པའི་འཁོར་འདས་ཀྱི་བཀོད་པ་རབ་འབྱམས་གྲངས་མེད་པ་དག་ཀྱང་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རང་རྩལ་འགགས་པ་མེད་པའི་ཀློང་ཆེན་པོ་དེ་ཉིད་དུ་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པས་ན་ཕྱོགས་མེད་ཕྱོགས་བྲལ་ཆེན་པོ་ལྷོ་ཕྱོགས་ཐམས་ཅད་རྒྱས་པར་ཁེབས་པའི་རིན་ཆེན་རིགསག་ཀྱི་ཞིང་སྣང་ཚད་མེད་བཀོད་པའི་ཁྱད་པར་བློས་གཏིང་མི་དཔོག་པ་རྩིས་ལས་འདས་པ་ན༔ སྐུ་ཞི་བ་དང་༔ ཁྲོ་བོ་དང་༔ གསུང་མཁའ་འགྲོའི་གྲོང་ཁྱེར༔ ཐུགས་ཡེ་ཤེས་ཀྱི་སྒྲོན་མ་རང་གསལ་གྱི་རྣམ་པར་ཡོངས་སུ་བརྡལ་བའི་དཀྱིལ་འཁོར་ཚད་མེད་དང་༔ དེ་དག་གི་རང་བཞིན་དང་འགྲོ་འདུལ་གྱི་སྤྲུལ་བའི་རོལ་བའང་དཔག་ཏུ་མེད་པའི་དག་སྣང་ཡེ་ཤེས་ཀྱི་འཁོར་ལོས་བསྒྱུར་བའི་དབང་ཕྱུག་ཆེན་པོ་ཉིད་དུ་ཆ་བའི་ཕྱིར་དུ་སོ་སོར་མ་འདྲེས་པའི་ཞིང་ཁམས་ཆེན་པོ་དེ་དག་ཏུ་རྫུ་འཕྲུལ་གྱི་རླུང་ཤུགས་ཆེན་པོས་བསྐྱོད་དེ་ཕྱིན་ལ༔ དེར་སྣང་གཙོ་འཁོར་སྐུ་གསུམ་གྱི་དེ་བཞིན་གཤེགས་པ་ལ་རང་ཉིད་ཡོན་ཏན་ལྷུན་རྫོགས་ཆེན་པོའི་ལུང་དུ་བསྟན་པ་ཡོད་ཀྱིས༔ དེ་ཞུས་ལ་བཅོམ་ལྡན་འདས་དེ་དག་རྣམས་དང་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་ཆགས་བྲལ་ཆེན་པོའི་ལྟ་སྟངས་ཀྱིས་ལྟོས་ལ༔ གླང་པོ་ཆེའི་འགྲོས་སྟངས་ཀྱིས་སོང་ཞིག༔ ཨ་ཨ་ཕཊ༔ འོ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག༔ འཇིག་རྟེན་གྱིས་གར་ཁྱབ་མེ་ཡིས་ཁྱབ༔ མེ་ཡིས་གར་ཁྱབ་སེམས་ཀྱིས་ཁྱབ༔ སེམས་ཀྱིས་གར་ཁྱབ་རིག་པས་ཁྱབ་སྟེ༔ འཇིག་རྟེན་གྱི་དབྱིངས་ནི་མེ་ཡིན་ནོ༔ མེའི་དབྱིངས་ནི་སེམས་ཡིན་ནོ༔ སེམས་འཆར་བའི་དབྱིངས་ནི་རིག་པ་རང་བྱུང་གི་ཆོས་སྐུ་ཡིན་ནོ༔ དེ་ལྟར་ན་ཕྱོགས་དང་ཕྱོགས་མཚམས་བླ་འོག་ཏུ་འཛིན་པའི་འཁོར་འདས་ཀྱི་བཀོད་པ་རབ་འབྱམས་གྲངས་མེད་པ་དག་ཀྱང་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་རང་རྩལ་འགགས་པ་མེད་པའི་ཀློང་ཆེན་པོ་དེ་ཉིད་དུ་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པས་ན་ཕྱོགས་མེད་ཕྱོགས་བྲལ་ཆེན་པོ་ནུབ་ཕྱོགས་ཐམས་ཅད་རྒྱས་པར་ཁེབས་པའི་པདྨ་རིགས་ཀྱི་ཞིང་སྣང་ཚད་མེད་པ་བཀོད་པའི་ཁྱད་པར་བློས་གཏིང་མི་དཔོག་པ་རྩིས་ལས་འདས་པ་ན༔ སྐུ་ཞི་བ་དང་༔ ཁྲོ་བོ་དང་༔ གསུང་མཁའ་འགྲོའི་གྲོང་ཁྱེར་ཐུགས་ཡེ་ཤེས་ཀྱི་སྒྲོན་མ་རང་གསལ་གྱི་རྣམ་པར་ཡོངས་སུ་བརྡལ་བའི་དཀྱིལ་འཁོར་ཚད་མེད་དང་༔ དེ་དག་གི་རང་བཞིན་དང་འགྲོ་འདུལ་གྱི་སྤྲུལ་བའི་རོལ་བའང་དཔག་ཏུ་མེད་པའི་དག་སྣང་ཡེ་ཤེས་ཀྱི་འཁོར་ལོས་བསྒྱུར་བའི་དབང་ཕྱུག་ཆེན་པོ་ཉིད་དུ་ཆ་བའི་ཕྱིར་དུ་སོ་སོར་མ་འདྲེས་པའི་ཞིང་ཁམས་ཆེན་པོ་དེ་དག་ཏུ་རྫུ་འཕྲུལ་གྱི་རླུང་ཤུགས་ཆེན་པོས་བསྐྱོད་དེ་ཕྱིན་ལ༔ དེར་སྣང་གཙོ་འཁོར་སྐུ་གསུམ་གྱི་དེ་བཞིན་གཤེགས་པ་ལ་དབང་བཅུ་རྣམ་རྫོགས་ཆེན་པོའི་གདམས་པ་ཡོད་ཀྱི༔ དེ་ཞུས་ལ་བཅོམ་ལྡན་འདས་དེ་དག་རྣམས་དང་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་རྡོ་རྗེའི་མདའ་སྲོང་གིས་བལྟ་སྟེ༔ རྨ་བྱའི་འཇོ་སྒེགས་ཀྱིས་རོལ་ཞིག༔ ཨ་ཨ་ཕཊ༔ འོ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག༔ འཇིག་རྟེན་གྱིས་གར་ཁྱབ་རླུང་གིས་ཁྱབ༔ རླུང་གིས་གར་ཁྱབ་སེམས་ཀྱིས་ཁྱབ༔ སེམས་ཀྱིས་གར་ཁྱབ་རིག་པས་ཁྱབ་སྟེ༔ འཇིག་རྟེན་གྱི་དབྱིངས་ནི་རླུང་ཡིན་ནོ༔ རླུང་གི་དབྱིངས་ནི་སེམས་ཡིན་ནོ༔ སེམས་འཆར་བའི་དབྱིངས་ནི་རིག་པ་རང་བྱུང་གི་ཆོས་སྐུ་ཡིན་ནོ༔ དེ་ལྟར་ན་ཕྱོགས་དང་ཕྱོགས་མཚམས་བླ་འོག་ཏུ་འཛིན་པའི་འཁོར་འདས་ཀྱི་བཀོད་པ་རབ་འབྱམས་གྲངས་མེད་པ་དག་ཀྱང་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་རང་རྩལ་འགགས་པ་མེད་པའི་ཀློང་ཆེན་པོ་དེ་ཉིད་དུ་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པས་ན་ཕྱོགས་མེད་ཕྱོགས་བྲལ་ཆེན་པོ་བྱང་ཕྱོགས་ཐམས་ཅད་རྒྱས་པར་ཁེབས་པའི་ཀརྨ་རིགས་ཀྱི་ཞིང་སྣང་ཚད་མེད་པ་བཀོད་པའི་ཁྱད་པར་བློས་གཏིང་མི་དཔོག་པ་རྩིས་ལས་འདས་པ་ན༔ སྐུ་ཞི་བ་དང་༔ ཁྲོ་བོ་དང་༔ གསུང་མཁའ་འགྲོའི་གྲོང་ཁྱེར༔ ཐུགས་ཡེ་ཤེས་ཀྱི་སྒྲོན་མ་རང་གསལ་གྱི་རྣམ་པར་ཡོངས་སུ་བརྡལ་བའི་དཀྱིལ་འཁོར་ཚད་མེད་དང་༔ དེ་དག་གི་རང་བཞིན་དང་འགྲོ་འདུལ་གྱི་སྤྲུལ་པའི་རོལ་པའང་དཔག་ཏུ་མེད་པའི་དག་སྣང་ཡེ་ཤེས་ཀྱི་འཁོར་ལོས་བསྒྱུར་བའི་དབང་ཕྱུག་ཆེན་པོ་ཉིད་དུ་ཆ་བའི་ཕྱིར་དུ་སོ་སོར་མ་འདྲེས་པའི་ཞིང་ཁམས་ཆེན་པོ་དེ་དག་ཏུ་རྫུ་འཕྲུལ་གྱི་རླུང་ཤུགས་ཆེན་པོས་བསྐྱོད་དེ་ཕྱིན་ལ༔ དེར་སྣང་གཙོ་འཁོར་སྐུ་གསུམ་གྱི་དེ་བཞིན་གཤེགས་པ་ལ་ཕྲིན་ལས་ལྷུན་གྲུབ་ཆེན་པོའི་མན་ངག་ཡོད་ཀྱི༔ དེ་ཞུས་ལ་བཅོམ་ལྡན་འདས་དེ་དག་རྣམས་དང་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་ཆོས་ཀྱི་སྐུའི་ལྟ་སྟངས་ཀྱིས་ལྟོས་ལ༔ ཤང་ཤང་འཕུར་སྟབས་ཀྱིས་སྤྱོད་ཅིག༔ ཨ་ཨ་ཕཊ༔ འོ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག༔ འཇིག་རྟེན་གྱིས་གར་ཁྱབ་ནམ་མཁས་ཁྱབ༔ ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ༔ སེམས་ཀྱིས་གར་ཁྱབ་རིག་པས་ཁྱབ་སྟེ༔ འཇིག་རྟེན་གྱི་དབྱིངས་ནི་ནམ་མཁའ་ཡིན་ནོ༔ ནམ་མཁའི་དབྱིངས་ནི་སེམས་ཡིན་ནོ༔ སེམས་འཆར་བའི་དབྱིངས་ནི་རིག་པ་རང་བྱུང་གི་ཆོས་སྐུ་ཡིན་ནོ༔ དེ་ལྟར་ན་ཕྱོགས་དང་ཕྱོགས་མཚམས་བླ་འོག་ཏུ་འཛིན་པའི་འཁོར་འདས་ཀྱི་བཀོད་པ་རབ་འབྱམས་གྲངས་མེད་པ་དག་ཀྱང་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རང་རྩལ་འགགས་པ་མེད་པའི་ཀློང་ཆེན་པོ་དེ་ཉིད་དུ་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པས་ན་ཕྱོགས་མེད་ཕྱོགས་བྲལ་ཆེན་པོ་དབུས་ཕྱོགས་ཐམས་ཅད་རྒྱས་པར་ཁེབས་པའི་བྷུདྡྷ་རིགས་ཀྱི་ཞིང་སྣང་ཚད་མེད་པ་བཀོད་པའི་ཁྱད་པར་བློས་གཏིང་མི་དཔོག་པ་རྩིས་ལས་འདས་པ་ན༔ སྐུ་ཞི་བ་དང་༔ ཁྲོ་བོ་དང་༔ གསུང་མཁའ་འགྲོའི་གྲོང་ཁྱེར༔ ཐུགས་ཡེ་ཤེས་ཀྱི་སྒྲོན་མ་རང་གསལ་གྱི་རྣམ་པར་ཡོངས་སུ་བརྡལ་བའི་དཀྱིལ་འཁོར་ཚད་མེད་དང་༔ དེ་དག་གི་རང་བཞིན་དང་འགྲོ་འདུལ་གྱི་སྤྲུལ་པའི་རོལ་བའང་དཔག་ཏུ་མེད་པའི་དག་སྣང་ཡེ་ཤེས་ཀྱི་འཁོར་ལོས་བསྒྱུར་བའི་དབང་ཕྱུག་ཆེན་པོ་ཉིད་དུ་ཆ་བའི་ཕྱིར་དུ་སོ་སོར་མ་འདྲེས་པའི་ཞིང་ཁམས་ཆེན་པོ་དེ་དག་ཏུ་རྫུ་འཕྲུལ་གྱི་རླུང་ཤུགས་ཆེན་པོས་བསྐྱོད་དེ་ཕྱིན་ལ༔ དེར་སྣང་གཙོ་འཁོར་སྐུ་གསུམ་གྱི་དེ་བཞིན་གཤེགས་པ་ལ་མིང་མེད་སྤྲོས་བྲལ་ཆེན་པོའི་བྱིན་བརྒྱུད་ཡོད་ཀྱི༔ དེ་ཞུས་ལ་བཅོམ་ལྡན་འདས་དེ་དག་རྣམས་དང་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ༔ སེང་གེའི་འཕྱོང་སྟབས་ཀྱིས་སོང་ཞིག༔ ཨ་ཨ་ཕཊ༔ འོ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག༔ དེ་དག་ཐམས་ཅད་ཁྱོད་ལས་བྱུང་ཞིང་ཁྱོད་ལས་འཕྲུལ༔ ཁྱོད་དང་དབྱེར་མེད་ན་འགྲོ་ས་དང་འགྲོ་མཁན་འདུག་གམ༔ སེམས་དང་ཡེ་ཤེས་ཀྱི་རང་སྣང་ཙམ་ལ་ཕྱོགས་དང་འབྱུང་བཞིར་སྣང་བའི་ཐ་སྙད་འདུག་གམ༔ སེམས་ཉིད་ལ་ཕྱོགས་འདུག་གམ༔ ཕྱོགས་དེ་ང་ལ་སྟོན་ཅིག༔ ཡེ་ཤེས་ལྔའི་དབྱིངས་རང་བྱུང་ལ་བརྒྱན་པ་ཙམ་གྱིས་དག་པའི་སྒོ་ལས་གསལ་བའི་རང་བཞིན་འདུག་གམ༔ གཤིས་མཉམ་པ་ཉིད་ཀྱིས་དེ་ལྟར་སྲིད་ཞི་ཀུན་ལ་ཁྱབ་ཅིང་བརྡལ་བའི་དོན་ལ་མཉམ་པར་བཞག་པ་ཉིད་ཀྱིས་དཀྱིལ་འཁོར་ཀུན་གྱི་འཁོར་ལོས་བསྒྱུར་བར་མཚོན་པའི་བརྡ་དེ་གོའམ༔ དོན་དེ་རྟོགས་སམ༔ ཨ་ཨ་ཕཊ༔ ༼ སྐབས་འདི་དག་སྒྱུ་འཕྲུལ་དང་སྦྲེལ་ན་དེའི་དབྱིངས་ཐིག་སོགས་ཀྱི་དབང་བར་འདིར་སྤྲད་མཆན། ༽

དབང་བསྐུར་བ་དངོས་ནི༔ དེ་ནས་སློབ་མ་རྣམས་བཞུགས་སྟངས་གསུམ༔ གཟིགས་སྟངས་གསུམ༔ སྒོ་ཡུལ་རླུང་གི་གནད་དང་གཅུན་པའི་སྒོ་ནས་དབྱིངས་ཐིག་མངོན་དུ་བལྟར་བཅུག་ལ༔ ཚིག་གིས་མཚོན་ནས་དོན་དམ་པའི་དབང་གི་ངོ་སྤྲོད་ནི༔ འོ༔ འདི་ལྟར་ཤར་བའི་སྣང་ཆ་ཐམས་ཅད་གཞན་དུ་གྲུབ་པ་མེད་པའི་རང་སྣང་རྣམ་པར་དག་པའི་གཟི་བརྗིད་ཆེན་པོས་ཕྱི་ས་ཆུ་མེ་རླུང་ནམ་མཁའི་འབྱུང་བ་ཐམས་ཅད་ཆོས་ཉིད་དབྱིངས་ཀྱི་འབྱུང་བ་ཆེན་པོའི་གོ་རུ་གྲོལ་བས་ཟད་པར་རང་བཞིན་གྱིས་གྲུབ་ཅིང་༔ ལྔ་ལྡན་མཉམ་པ་ཆེན་པོའི་ཡེ་ཤེས་ལྔའི་འོད་ཀྱིས་ཁ་དོག་གི་ཟད་པར་ཡང་དག་པར་རྩལ་རྫོགས་ཀྱང༔ རྟོགས་པའི་རང་གཟུགས་གོམས་པ་དང་༔ རླུང་སེམས་ཀྱིས་བསླད་པའི་སྐྱེ་མཆེད་ཉམས་ཀྱི་འགྱུར་བའི་རྟགས་སྣང་ལས་འདས་ཏེ༔ རྣམ་པར་དག་པའི་རྒྱུ་འོད་ཟུང་འཇུག་གི་ལྷ་སྐུ་མཐར་ཐུག་པ་ཡིན་པས་གནས་འགྱུར་གྱི་དབང་པོ་ཙམ་གྱིས་མ་ཡིན་པར༔ ཡེ་ནས་སངས་རྒྱས་སྐུ་གསུམ་ཆོས་ཉིད༔ ཤེས་རབ་ཀྱི་སྤྱན་གསུམ་རང་གསལ་བའི་སངས་རྒྱས་ཀྱི་སའི་སྤྱན་ཆགས་པ་མེད་པར་འཆང་བའི་མངོན་རྟགས་ཁྱད་པར་ཅན་དུ༔ ཁྱོད་ལ་གཞི་ལ་གྲུབ་པའི་རང་བཞིན་གྱི་དཀྱིལ་འཁོར་ནང་གི་དེ་ཁོ་ན་ཉིད༔ གཉིས་སྣང་གཉིས་འཛིན་དང་བྲལ་བར་ཇི་ལྟ་ཇི་སྙེད་གཟིགས་པ་ཡིན་པས་ཡིད་ཆེས་པར་གྱིས་ཤིག༔ དེ་ཡང་སོ་སོར་ཚིག་གིས་མཚོན་ན༔ སངས་རྒྱས་ཀྱི་ཐུགས་ནང་གསལ་ངོ་བོ་སྟོང་བ་སྤྲོས་བྲལ་གྱི་རང་གདངས་སམ་རང་འོད་ཐིག་ལེ་སྟོང་བའི་སྒྲོན་མར་ཤར་བའི་ལྷ་སྐུའི་རྣམ་ཆ་འདིའོ༔ རང་བཞིན་གསལ་བའི་ཆོས་སྐུའི་ལོངས་སྐུའི་ཡེ་ཤེས་ཀྱི་རང་གདངས་དབྱིངས་རྣམ་པར་དག་པའི་སྒྲོན་མའོ༔ ཐུགས་རྗེ་རིག་སྟོང་ཆོས་སྐུའི་སྤྲུལ་སྐུ་ཀུན་ཁྱབ་ཤེས་རབ་རང་བྱུང་གི་རང་གདངས་ལུ་གུ་རྒྱུད་ཀྱི་སྒྲོན་མའོ༔ དབུས་ཕྱོགས་ཐུགས་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་པའི་ཞི་ཁྲོ་མཁའ་འགྲོ་སངས་རྒྱས་སྤྲུལ་སྐུ་དང་བཅས་པ་ཐམས་ཅད་ཀྱི་ཞིང་ཁམས་སྟུག་པོ་བཀོད་པའི་ཕྱི་ནང་གསང་གསུམ་དུ་ཤར་བའི་གདངས་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཟེར་མདངས་མཐིང་ཀ་ཉིད་དུ་མངོན་པར་བྱུང་བའོ༔ ཤར་ཕྱོགས་སྐུ་རྡོ་རྗེའི་རིགས་སུ་གཏོགས་པའི་ཞི་ཁྲོ་མཁའ་འགྲོ་སངས་རྒྱས་སྤྲུལ་སྐུ་དང་བཅས་པ་ཐམས་ཅད་ཀྱི་ཞིང་ཁམས་མངོན་པར་དགའ་བ་ཕྱི་ནང་གསང་གསུམ་དུ་ཤར་བའི་གདངས་ནི་དབྱིངས་རྣམ་པར་དག་པའི་སྒྲོན་པའི་ཟེར་མདངས་དཀར་པོ་ཉིད་དུ་མངོན་པར་བྱུང་བའོ༔ ལྷོ་ཕྱོགས་ཡོན་ཏན་རིན་ཆེན་གྱི་རིགས་སུ་གཏོགས་པའི་ཞི་ཁྲོ་མཁའ་འགྲོ་སངས་རྒྱས་སྤྲུལ་སྐུ་དང་བཅས་པ་ཐམས་ཅད་ཀྱི་ཞིང་ཁམས་དཔལ་དང་ལྡན་པ་ཕྱི་ནང་གསང་གསུམ་དུ་ཤར་བའི་གདངས་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཟེར་མདངས་སེར་པོ་ཉིད་དུ་མངོན་པར་བྱུང་བའོ༔ ནུབ་ཕྱོགས་གསུང་པདྨའི་རིགས་སུ་གཏོགས་པའི་ཞི་ཁྲོ་མཁའ་འགྲོ་སངས་རྒྱས་སྤྲུལ་སྐུ་དང་བཅས་པ་ཐམས་ཅད་ཀྱི་ཞིང་ཁམས་བདེ་བ་ཅན་ཕྱི་ནང་གསང་གསུམ་དུ་ཤར་བའི་གདངས་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཟེར་མདངས་དམར་པོ་ཉིད་དུ་མངོན་པར་བྱུང་བའོ༔ བྱང་ཕྱོགས་ཕྲིན་ལས་ལས་ཀྱི་རིགས་སུ་གཏོགས་པའི་ཞི་ཁྲོ་མཁའ་འགྲོ་སངས་རྒྱས་སྤྲུལ་སྐུ་དང་བཅས་པ་ཐམས་ཅད་ཀྱི་ཞིང་ཁམས་ལས་རབ་རྫོགས་པ་ཕྱི་ནང་གསང་གསུམ་དུ་ཤར་བའི་གདངས་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཟེར་མདངས་ལྗང་གུ་ཉིད་དུ་མངོན་པར་བྱུང་བའོ༔ ཐིག་ལེ་སྟོང་པའི་སྒྲོན་མའི་ཁ་དོག་མ་འདྲེས་པའི་འོད་ལྔ་ནི༔ སངས་རྒྱས་ཆོས་ལོངས་སྤྲུལ་སྐུ་མཁའ་འགྲོའི་དཀྱིལ་འཁོར་མཐའ་དག་གི་སྐུའི་འོད་ཀྱི་རང་མདངས་དང་༔ གཞལ་ཡས་ཁང་གི་རང་གདངས་སུ་ཤར་བ་སྟེ༔ དེ་ཡང་དབྱིངས་ཀྱི་ཐིག་ལེ་གཞལ་ཡས་ཁང་དང་༔ འབྲས་བུ་རང་སྨིན་པའི་ཐིག་ལེའི་འོད་ཟེར་གྱི་སྣང་ཆར་རང་བྱུང་དུ་སྣང་བ་ཡིན༔ དེས་ན་རིགས་དང་མཐུན་པའི་ཁ་དོག་གིས༔ རིགས་སོ་སོའི་ལྷ་སྐུ་གྲངས་མེད་པའི་གཞལ་ཡས་ཀྱི་ངོ་བོ་ཉིད་དུ་རྫོགས་པར་ཤེས་པར་མཛོད་ཅིག༔ ཡེ་ཤེས་གསུམ་དབྱེར་མེད་པའི་རྡོ་རྗེ་ལུ་གུ་རྒྱུད་ནི༔ དབྱིངས་སུ་མངོན་པའི་ལོངས་སྐུ་དང་༔ ཐིག་ལེར་སྣང་བའི་ལོངས་སྐུ་དབྱེར་མེད་འབྲེལ་ཞིང་ཆོས་ཉིད་དབྱིངས་ཀྱི་མཁ༵འ་ལ་འ༵གྲོ་འོང་བྲལ་བཞིན་འགྲོ་འོང་ལྟར་སྣང་བ་དང་༔ སྤྲོས་པ་ངང་གིས་ཞི༵་བ་དང་༔ དེ་ཉིད་ལ་རྣལ་འབྱོར་དུ་བྱས་པ༔ མཚན་རྟོག་ལ་ངང་གིས་ཁྲོས༵་པ་ལྟར་འཇོམས་པའི༔ དཀྱིལ་འཁོར་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་གདངས་ཏེ༔ མཐིང་ཀར་སྣང་བ་ནི་ཀུན་བཟང་རྣམ་སྣང་ཆེ་མཆོག་བུདྡྷ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གཙོ་འཁོར་གྱི་སྐུ་དངོས་ཀྱི་རང་གདངས་༔ དཀར་པོར་སྣང་བ་ནི་རྡོར་སེམས༔ བཛྲ་ཧེ་རུ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གཙོ་འཁོར་གྱི་སྐུ་དངོས་ཀྱི་རང་གདངས༔ སེར་བོར་སྣང་བ་ནི༔ རིན་འབྱུང་༔ རཏྣ་ཧེ་རུ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་གཙོ་འཁོར་གྱི་སྐུ་དངོས་ཀྱི་རང་གདངས༔ དམར་པོར་སྣང་བ་ནི༔ སྣང་མཐའ༔ པདྨ་ཧེ་རུ་ཀ༔ པདྨ་མཁའ་འགྲོ་ཡབ་ཡུམ་གཙོ་འཁོར་གྱི་སྐུ་དངོས་ཀྱི་རང་གདངས༔ ལྗང་གུར་སྣང་བ་ནི༔ དོན་གྲུབ༔ ཀརྨ་ཧེ་རུ་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གཙོ་འཁོར་གྲངས་མེད་པའི་སྐུ་དངོས་ཀྱི་ཟེར་གདངས་སུ་ཤེས་པར་གྱིས་ཤིག༔ དེ་དག་ཐམས་ཅད་ཀྱང་དྲི་མ་མེད་པས་དཀར་པོ༔ ཡོན་ཏན་རྫོགས་པར་སེར་པོ༔ སྐྱོན་གྱིས་མ་གོས་པས་དམར་པོ༔ ཕྲིན་ལས་ཆེན་པོར་མངའ་དབང་འབྱོར་བས་ལྗང་གུ༔ ཐམས་ཅད་མ་ལུས་པར་དཀྱིལ་འཁོར་འཁོར་ལོར་ལྷུན་གྱིས་གྲུབ་པར་ཤེས་པར་གྱིས་ཤིག༔ དེ་ལྟར་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་རིགས་ལྔ༔ ཡུམ་ལྔ༔ ཁྲག་འཐུང་ལྔ༔ ཡེ་ཤེས་ལྔ༔ ཁ་དོག་ལྔ༔ ཞིང་ཁམས་ལྔ༔ ཆོས་ལོངས་སྤྲུལ་གསུམ༔ ངོ་བོ་སྐུ༔ རང་བཞིན་གསུངས༔ ཐུགས་རྗེ་ཐུགས་ཏེ་མཁའ་འགྲོ་ལྔ༔ སྐུ་གསུང་ཐུགས་ཀྱི་རང་བཞིན་རྣམས་མཐོང་བ་ཡིན་པས་ཡིད་ཆེས་པར་གྱིས་ཤིག༔ གཞན་ཡང་ཡེ་ཤེས་ཀྱི་རླུང་ལྔར་གནས་པ་ཡིན་ཏེ༔ འཁོར་འདས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་༔ སྣང་ཉམས་གོང་དུ་འཕེལ་བའི་དྲོད་དང་མ་བྲལ་བས་མེ་མཉམ་གྱི་རླུང་༔ མ་དག་སྙིགས་མའི་སྣང་བ་དག་དབྱིངས་དྭངས་མར་གོ་འབྱེད་པས་དྭངས་སྙིགས་ཕྱེད་པའི་རླུང་༔ མྱ་ངན་ལས་འདས་པའི་ཆོས་ཁམས་ཡོངས་སུ་རྫོགས་པ་དང་༔ གཞི་ལམ་འབྲས་བུའི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་༔ འདི་དང་མ་བྲལ་བར་ཉམས་སུ་བླངས་ན་འཁོར་བ་འཁྲུལ་བའི་སྲོག་ཆོས་ཉིད་ཀྱི་ངོ་བོ་ཉིད་དུ་གཅོད་པས་སྙིང་རྗེ་མེད་པའི་རླུང་ངོ་༔ ཡང་འདི་ལྟར་སྒྲོན་མའི་སྣང་བ་རྣམ་པར་དག་པ་འདི་དག་གིས་འཁོར་བ་དང་མྱང་འདས་ཀྱི་ཤན་འབྱེད་པས་འབྱེད་པའི་ཤེས་རབ༔ འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་དག་པ་ཡེ་ཤེས་ངོ་བོར་བསྐྱོད་པའི་ཤེས་རབ༔ ཆོས་ཅན་ཆོས་ཉིད་ཀྱི་ངང་དུ་སྡུད་པར་བྱེད་པས་སྡུད་པའི་ཤེས་རབ༔ སེམས་ཅན་ནས་སངས་རྒྱས་ཀྱི་བར་ཐམས་ཅད་ལ་གཞི་འབྲས་ཀྱི་རྒྱུད་དུ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་བོ༔ བག་ཆགས་ཀྱི་སྒྲིབ་གསུམ་ལས་འཕགས་པའི་བླ་མ༔ མ་བཅོས་རང་གྲོལ་གྱི་སངས་རྒྱས༔ མ་སྒྲུབ་ཡེ་ཡོད་ཟག་པ་མེད་པའི་རྟོགས་པའི་ཆོས༔ ལུང་སྡེ་སྣོད་གསུམ་གྱི་འབྱུང་གནས༔ ཡོན་ཏན་ལྷུན་རྫོགས་ཀྱི་དགེ་འདུན༔ མཐར་ཐུག་སྒྱུ་འོད་ཟུང་འཇུག་དོན་དམ་པའི་ཡི་དམ་གྱི་ལྷ་དངོས་ཡིན་ཏེ༔ ཡེ་ཤེས་གྲུབ་པ་ལས༔ དག་ཐོབ་བྲལ་བའི་སེམས་སངས་རྒྱས༔ མི་འགྱུར་དྲི་མེད་ཆོས་དང་ནི༔ ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད༔ ཡིན་ཕྱིར་རང་གི་སེམས་ཉིད་སྐྱབས༔ ཞེས་དང་༔ དུས་འཁོར་ལས༔ ལྷ་ཡི་དམིགས་པ་མངོན་སུམ་དག་ནི་མཁའ་ལ་སྐར་མ་བཞིན་ཏེ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ༔ ཞེས་སོ༔ དེས་ཕྱིར་འདི་ཉིད་ནི་བསྒྲུབ་བྱ་ཀུན་གྱི་དངོས་གཞི་ཡིན་པས་ན༔ འདི་ལ་མཉམ་པར་བཞག་ན་གནས་ལུགས་དོན་གྱི་སྐྱབས་འགྲོ༔ དོན་དམ་པའི་བྱང་ཆུབ་སེམས་བསྐྱེད༔ ཕར་ཕྱིན་བཅུ་དང་༔ རྒྱུད་དང་སྒྲུབ་ཐབས་ཡོངས་ཀྱི་འདུས་སོ་ཡིན་པས༔ ཆོས་ཀྱི་ཕུང་པོ་འདི་དང་འཕྲོད་དེ༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་རྒྱ་མཚོ་མངོན་སུམ་དུ་མཐོང་བ་འདི་ཉིད་ནི༔ བསྐལ་མང་ཚོགས་ཆེན་བསགས་པའི་འབྲས་བུར་གོར་མ་ཆག་པས༔ ད་ནི་ད་རེས་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཞིག་མ་ཟིན་ན་ཕྱིས་ནས་འདི་འདྲའི་སྐལ་བཟང་ལྡན་པའི་སྲིད་མཐའ་འང་ཁེག་ཅིང་༔ དམ་ཚིག་ཉམས་པའི་ཉེས་ཆད་ཀྱིས་བསྐལ་མང་གདུང་བའི་ཉམས་ཉེས་ཀྱི་གཡང་ལ་མ་འཇུག་པར༔ ཚུལ་བཞིན་ཉམས་སུ་བླངས་ན་མི་ལོ་གསུམ་བདུན་བཅུ་གཉིས་ཕན་ལ་མི་འགྱང་བར་རྡོ་རྗེ་ཀུན་ཏུ་བཟང་པོའི་རྒྱལ་སར་འཁོད་དེ་ཆོས་ཀྱི་དབྱིངས་དང་མཉམ་པའི་ཞིང་དང་མཛད་པའི་མངའ་དབང་རྫོགས་པའི་སྟོན་པ་ཆེན་པོར་འགྱུར་བའི་ཁེ་ཉེན་ཤེས་པར་གྱིས་ལ༔ དེ་རིང་ཉིད་ནས་དག་པའི་ས་ལ་གནས་པའི་འཕགས་ཆེན་དང་མཉམ་པའི་སྟོན་ཆེན་ཐོབ་པ་ལ་དགའ་སྤྲོ་བླ་ལྷག་ཏུ་བསྐྱེད་ལ་རྩེ་གཅིག་སྒྲུབ་པའི་ཁས་ལེན་དང་དམ་བཅའ་བརྟན་པོས་འབྲས་བུ་མཆོག་ལ་རེག་པར་བྱོས་ཤིག༔ ཅེས་སྤྲོ་བ་བསྐྱེད་པ་དང་དམ་བཞག་མཛད་དོ༔ དེ་ནས་གཏང་རག་མཎྜལ་དང་༔ དམ་ཚིག་ཁས་བླངས་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ༔ ཚུལ་འདི་རྡོ་རྗེའི་རིག་པ་འཛིན་པ་འགྱུར་མེད་རྣམ་པར་རྒྱལ་བ་དང་། ཤེས་རབ་བློ་འཕེལ་སོགས་ཀྱི་ཐུགས་ལ་སྨོན་པ་ཡོངས་སུ་སྐོང་སླད་དུ། མཁའ་འགྲོའི་གསང་མཛོད་ཀྱི་བདག་པོར་ཁས་འཆེ་བ་དུས་མཐའི་སྔགས་མིང་ནམ་མཁའ་འཇིགས་མེད་པས་བརྡ་དོན་རང་འགྲོལ་གྱི་ཆིག་བརྒྱུད་དུ་སྤེལ་བའོ། །


previousརྒྱན་གཉིས་ཀྱི་དབང་ཆོག་ཡེ་ཤེས་སྤྱི་བླུགས།no next