Nitartha Digital Library
Tibetan
 
previousབསྒོམ་པའི་ལམ་གྱི་བྱེད་པའི་རྣམ་པར་འགྲེལ་པ། next

བསྒོམ་པའི་ལམ་གྱི་བྱེད་པའི་རྣམ་པར་འགྲེལ་པ།


DTG081_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ལམ་བཤད་ནས། ད་ནི་བསྒོམ་པའི་ལམ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་འདིའི་བྱེད་པ་བརྗོད་པར་བྱ་བ་ཡིན་ལ་ཕྱིས་ནི་དེ་སྟོན་པར་འགྱུར་རོ། །འདིའི་བྱེད་པ་དེ་ཡང་རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། གང་ཞེ་ན། ཀུན་ནས་དུལ་དང་ཐམས་ཅད་ནས། །བདུད་དང་ཉོན་མོངས་ལས་རྒྱལ་དང༌། །གནོད་པས་བརྫི་བ་མེད་ཉིད་དང༌། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་བྱ་བ་བསྟན་ཏེ། རྣམ་པ་ཐམས་ཅད་དུ་དུལ་བའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པ་རྣམས་ཉོན་མོངས་པ་ཐམས་ཅད་སྤོང་བ་དང༌། རྣམ་པ་ཐམས་ཅད་དུ་དུལ་བ་དོན་དུ་གཉེར་བ་དང༌། ཡོངས་སུ་དུལ་བར་བགྱིད་པ་ཉེ་བར་གནས་པ་ནི་ངོ་མཚར་ཆེའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་འདུད་པའི་བྱེད་པ་ནི་གང་རྣམ་པ་ཐམས་ཅད་ཀྱང་རྟོགས་པས་ངར་འཛིན་པ་མེད་པར་ཐམས་ཅད་ལ་འདུད་པའི་དོན་གྱིས་ན་ཡོངས་སུ་འདུད་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཉོན་མོངས་པ་ལས་ངེས་པར་རྒྱལ་བའི་བྱེད་པ་ནི་གང་གཡུལ་གྱི་ནང་དུ་ཞུགས་པའི་སྐྱེས་བུའི་དཔེས་འདོད་ཆགས་ལ་སོགས་པའི་ཚོགས་མ་ལུས་པ་ལས་རྒྱལ་ཞིང་བརྫི་བ་མེད་པ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱི་བར་ལས་ངེས་པར་རྒྱལ་བའི་བསྒོམ་པའི་ལམ་ཡང་ནས་ཡང་དུ་བྱ་བ་ཉིད་དུ་ཤེས་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །ཡུལ་གྱི་གནོད་པས་ཟིལ་གྱིས་མི་ནོན་པའི་བྱེད་པ་ནི་གང་དེ་ལ་ལ་ཞིག་གིས་མེ་མདག་གིས་གཏོར་ཏམ། བྱད་བྱས་སམ། མཚོན་དང༌། ཆུ་དང༌། དུག་ལ་སོགས་པའི་གནོད་པས་དེ་ལ་གནོད་


DTG081_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །བྱང་ནི་བྱང་ཕྱོགས་ཀྱི་མི་མ་ཡིན་པའི་རིགས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པ་ནི་གང་ཆོས་ཐམས་ཅད་མི་དམིགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་གྱི་ཡུལ་མཆོད་པ་ཉིད་ཀྱི་བྱེད་པ་ནི་གང་ཡང་སྙིང་པོ་བྱང་ཆུབ་ཀྱི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་རྣལ་འབྱོར་གྱི་རྟེན་གྱི་ཡུལ་བར་ཆད་མེད་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་རིགས་ཐམས་ཅད་ཀྱིས་སྲུང་བ་དང༌། སྐྱོབ་པ་ལ་སོགས་པ་ཡིན་པར་བསྟན་པ་ཡིན་ནོ། །བྱེད་པ་བཤད་ནས་ཡང་བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་ནི་མོས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡི་རང་བའི་བྱེད་པ་ཞེས་བྱའོ། །ཟག་པ་མེད་པ་ཡང་མངོན་བར་བསྒྲུབ་པའི་མཚན་ཉིད་དང༌། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དོ། །


previousབསྒོམ་པའི་ལམ་གྱི་བྱེད་པའི་རྣམ་པར་འགྲེལ་པ། next