སྤྲུལ་པའི་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་ཟབ་ཅིང་རྒྱ་ཆེ་བའི་སྐོར།
སྤྲུལ་པའི་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་ཟབ་ཅིང་རྒྱ་ཆེ་བའི་སྐོར་ལ། ཕྱི་རབས་དོན་དུ་དཔལ་ཨོ་རྒྱན་ཆེན་པོས་ཁྲིམས་སུ་ཕྱེ་སྟེ་གསལ་བར་ཕྱུང་བ་ཕྱིའི་རྒྱལ་པོ་ལུས་སུ་གདམས་པ་བསམ་ཡས་མཆིམས་ཕུར་འགྲོ་བའི་ལམ་ཁ་བྲག་སྣ་སེང་གེའི་གདོང་དུ་སྦས་པ་སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་སྤྱན་དྲངས་པའི་ཆོས་སྡེ་ལ། གླེགས་བམ། སྐུ། ཡེ་གེ་དྲུག་པ་ལ་བརྟེན་ནས་ཆོས་ཀྱི་བདག་པོར་མངའ་གསོལ་རྗེས་སུ་གནང་སྟེ། ཡོངས་སུ་གཏད་པ། རྟ་ནག་གི་ཐོད་
པར་བརྟེན་ནས་གནོད་སྦྱིན་རྟ་མགྲིན་ནག་པོ་སྲུང་མར་བསྐོས་ཏེ་འཕྲིན་ལས་རྣམ་བཞི་སྒྲུབ་པའི་བཀའ་གཏད་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། ལོ་རྒྱུས་དཀར་ཆག །དེ་ལས་བཤད་པའི་ཆོས་སྐོར་ལ། མདོ་སྐོར། སྒྲུབ་སྐོར། ཞལ་གདམས་སྐོར་ཏེ་གསུམ་དུ་གསུངས་པའི་དང་པོ་གཉིས་བཏང་སྙོམས་སུ་བཞག་སྟེ་ཕྱི་མ་ཞལ་གདམས་ལ། རྒྱ་ཆེ་བ་གཞན་དོན་དུ་གདམས་པ། ཟབ་པ་རང་དོན་དུ་གདམས་པ། ཐོར་བུའི་སྐོར་དང་གསུམ། དང་པོ་ལ། ཞུ་ལན། ངོ་སྤྲོད། བཀའ་ནན། གསུང་གི་ཞལ་གདམས། ལམ་ཁྱེར་ཞལ་གདམས། ཞལ་གདམས་ཐོར་བུ། ལམ་རིམ། མཚང་གི་ཞལ་གདམས། ཕྱི་ནང་ཆོས་ཀྱི་ཞལ་གདམས། བསླབ་བྱའི་ཞལ་གདམས། འཆི་ཁའི་ཞལ་གདམས། ཐུན་མོང་དང་ཁྱད་པར་ཞལ་གདམས། སྲང་དུ་བཞུགས་པའི་ཞལ་གདམས། གཞན་དོན་བྱ་བའི་ཞལ་གདམས་ཏེ་བཅུ་བཞི། དང་པོ་ལ། སྤྲུལ་པའི་རྒྱལ་པོས་ཐུགས་རྗེ་ཆེན་པོ་ལ་ཞུས་པའི་ཐུགས་རྗེ་ཆེན་པོ་དངོས་ཀྱི་ཐུགས་རྒྱུད། རྒྱལ་པོ་ལ་ཡུམ་ལྷ་གཟའ་གུང་བཙོན་མས་ཞུས་པའི་ལན་གྱི་རྗེས་སུ་ཡི་རང་བ། ཞལ་གདམས་འདིའི་སྐོར་རྒྱལ་པོ་བཀའ་འབུམ་ཆེན་མོ་ཤིན་ཏུ་ཟབ་པ་ནང་སྐོར་དགུའི་ཁྲོད་དུ་ཡོད་ཀྱང་ད་ལམ་གཏེར་ཁ་འདི་ཁའི་དཀར་ཆག་སོར་གནས་ལྟར་ཡིན། ཡབ་གནམ་རི་སྲོང་བཙན་གྱིས་ཞུས་ལེན་སྒོ་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་འགྱུར་བ། ཁབ་ཀྱི་ཆེན་མ་བལ་བཟའ་ཁྲི་བཙུན་གྱིས་ཞུས་ལེན་བསྐྱེད་རྫོགས་གསུམ་དང་བསྟུན་པ། ཁབ་ཀྱི་ཆུན་མ་རྒྱ་བཟའ་ཀོང་ཇོའི་ཞུས་ལན་ཀྲྀ་ཡོག་སྡེ་གསུམ་དང་བསྟུན་པ། ཕྱི་བློན་ནང་བློན་རྣམས་ཀྱིས་ཞུས་ལན་དགའ་དགུ་ཡི་རང་བ་རྣམས། གཉིས་པ་ངོ་སྤྲོད་ལ། ཡབ་ལ་གདམས་པ་ཉམས་ལེན་ཐུན་མོང་མ་ཡིན་པ། ཡུམ་ལ་གདམས་པ་ཉམས་ལེན་
སྲང་དུ་བཞུགས་པ། བལ་བཟའ་ལ་གདམས་པ་དོན་གྱི་ངོ་སྤྲོད། རྒྱ་མོ་བཟའ་ལ་གདམས་པ་དོན་གྱི་ངོ་སྤྲོད། སྲས་གོང་རི་གུང་བཙན་ལ་སྐུ་གསུང་ཐུགས་ཀྱི་ཞལ་གདམས། སྲས་མོ་ལྷ་ལྕམ་ཁྲོམ་པ་རྒྱན་ལ་མཛད་སྤྱོད་ཞལ་གདམས། སམྦྷོ་ཊ་སོགས་ནང་བློན་རྣམས་ལ་ངོ་སྤྲོད་དུ་གདམས་པ། ཕྱི་བློན་རྣམས་ལ་གདམས་པའི་ངོ་སྤྲོད་རྣམས། གསུམ་བཀའ་ནན་ལ། ཡབ་ཡུམ་ལ་འཁོར་བའི་ཉེས་དམིགས་གདམས་པ། སྲས་ལ་རྒྱལ་སྲིད་ཆོས་དང་བསྟན་པར་གདམས་པ། སྲས་མོ་ལ་རང་དོན་འཆལ་བར་མི་གཏོང་བར་གདམས་པ། བལ་བཟའ་ལ་ཐུགས་དཀའ་རྒྱས་གདམས་པ། རྒྱ་བཟའ་སྙིང་གཏམ་གལ་པོ་ཆེར་གདམས་པ། ནང་བློན་རྣམས་ལ་ཐུགས་རྗེ་ཆེན་པོ་ཉམས་སུ་ལོང་ཞིག་པར་གདམས་པ། ཕྱི་བློན་རྣམས་ལ་སྙིགས་དུས་སུ་ཐུགས་རྗེ་ཆེན་པོ་སྒྲུབ་པར་གདམས་པ། བོད་འབངས་སྤྱི་ལ་ཡིག་དྲུག་ལས་ལྷག་པ་མེད་པར་གདམས་པ། བོད་ཀྱི་སྐྱེས་པ་རྣམས་ལ་ཡི་གེ་དྲུག་པས་འགྲོ་དྲུག་སྐྱེ་སྒོ་གཅོད་པར་གདམས་པ། ནང་འཁོར་བུད་མེད་རྣམས་ལ་ལོངས་སྤྱོད་ཀྱི་སྙིང་པོ་ཡི་གེ་དྲུག་པར་གདམས་པ། ཕྱི་འཁོར་བུད་མེད་རྣམས་ལ་བྱང་ཆུབ་ཀྱི་ལམ་སྣ་ཡི་གེ་དྲུག་པས་འཛིན་པར་གདམས་པ། བུད་མེད་སྤྱི་ལ་ཡིག་དྲུག་ལས་ལྷག་པས་སྒྲིབ་སྦྱོང་མེད་པར་གདམས་པ་རྣམས། བཞི་པ་གསུང་གི་ཞལ་གདམས་ལ། ཐུགས་རྗེ་ཆེན་པོའི་གསང་འགྲེལ་ཞེས་པ་སྤྲོས་ན་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་སྤྲོ་ཞིང་བསྡུ་ན་ཡི་གེ་དྲུག་ཏུ་འདུས་པ་ཐུགས་རྗེ་ཆེན་པོ་རང་བྱུང་གི་ཡི་གེ །ལྔ་པ་ལམ་འཁྱེར་ཞལ་གདམས། ཉིན་མོ་སྣང་བ། ཚོགས་དྲུག །རྐྱེན་སྣང་། མཚན་མོའི་རྨི་ལམ། གཉིད་བསད་པ་ལ་བརྟེན་ནས་ཉིན་ནུབ་ལམ་འཁྱེར། ཕྱིན་དྲུག །མདོ་སྡེ་གཟུངས་ལྟར་ཁ་ཏོན་
བྱ་བ། ཆོས་སྤྱོད་ལམ་འཁྱེར། རང་གི་དགེ་བ། བདུན་ཚིགས། རོ་སྲེག །རོ་རྫོང་རོ་གཟན། རོ་ཁུར་ཏེ་རང་དོན་ཁྱད་འཕགས་ཀྱི་ལམ་ཁྱེར། ཕྱི་ནང་གསང་བ་དོན་རྟགས་མཚོན་པའི་སྣང་བ་རྣམས་ལ་བརྟེན་པའི་སྣང་བ་རིན་ཅེན་ཚོགས་ཀྱི་ལམ་ཁྱེར། ལྟ་སྒོམ་སྤྱོད་གསུམ་གྱི་གཏོར་མ་ལ་བརྟེན་ནས་གཏོར་མའི་ལམ་ཁྱེར་རྣམས། དྲུག་པ་ཞལ་གདམས་ཐོར་བུ་ལ། ཞལ་གདམས་གཅིག་ཚན་དྲུག །གཉིས་ཚན་དྲུག་པ། གསུམ་ཚན་དྲུག་པ། བཞི་ཚན་དྲུག་པ། ལྔ་ཚན་དྲུག་པ། དྲུག་ཚན་དྲུག་པ། བདུན་ཚན་དྲུག་པ། བརྒྱད་ཚན་དྲུག་པ། དགུ་ཚན་དྲུག་པ། བཅུ་ཚན་དྲུག་པ་སྟེ་ཞལ་གདམས་དྲུག་ཅུ་པ། མགོ་གསུམ། རྙེད་པ་གསུམ། རྨང་རྡོ་གསུམ། རྩ་བ་གསུམ། སྙིང་པོ་གསུམ། བྱིན་བརླབས་གསུམ་ལ་སྣ་གསུམ། ལས་འགྱུར་གསུམ། ཉལ་ཆོག་གསུམ། འཐོབ་བྱ་གསུམ་སྟེ་བློ་སྦྱོང་བདུན་པར་གྲགས། འགོལ་བ་གསུམ། བདུད་ཀྱི་བཅོས་པ་གསུམ། དོན་ལ་འདྲེས་པ་གསུམ། བཀའ་ལས་འགལ་བ་གསུམ། གོལ་ས་མེད་པ་གསུམ། ལུང་མཐུན་གསུམ། རྨངས་བརྙེགས་པ་གསུམ། མཐོ་བརྙེགས་པ་གསུམ། རྩེ་མོར་ཕྱིན་པ་གསུམ། ངོ་སྤྲོད་གསུམ་སྟེ་སྤངས་བླང་གི་ཆོས། བློ་དམན་ལ་གདབ་པ་གསུམ། ཀུན་ལ་དགོས་པ་གསུམ། དམ་པའི་ཆོས་གསུམ། དགོས་པའི་ཆོས་གསུམ། ལོ་ཟླ་གསུམ། འཕགས་པ་གསུམ། རང་བྱུང་གསུམ། མ་བཅོས་པ་གསུམ། ཉི་མ་ཤར་བ་གསུམ། གསལ་ལ་དག་པ་གསུམ་སྟེ་ཞལ་གྱིས་གདམས་པ། འཁྱེར་སོ་གསུམ། གསལ་བ་གསུམ། གདེངས་གསུམ། དཔའ་བ་གསུམ། བརྟུལ་བཞུགས་གསུམ། ཤར་བ་གསུམ། སྨིན་པ་གསུམ། གྲོལ་བ་གསུམ། གུད་པ་གསུམ། རྫོགས་པ་གསུམ་སྟེ་ཐུགས་རྗེ་ཆེན་པོའི་ཆོས་བཅུ་རྣམས་དྲིལ་བས་སུམ་
ཚན་བཞི་བཅུ་པར་གྲགས་པ་ཕྱོགས་ཀུན་གྱི་གནད་བསྡུས། གནད་ཀྱི་གདམས་པ་བཞི། ལྟ་བ་བཞི། ལ་གཅད་བཞི། ཤེས་པ་བཞི། ལམ་ཁྱེར་བཞི། རང་གྲོལ་བཞི། སྒོམ་པ་བཞི། སྤྱད་པ་བཞི། ཉམས་བཞི། རྟགས་བཞི། འཁྲུལ་པ་བཞི། ཐབས་བཞི། འདུག་པ་བཞི། གནད་བཞི། མ་ཡེངས་པ་བཞི། མཐའ་གྲོལ་བཞི། མཐར་ཐུག་བཞི། སྐུ་བཞི། མཚན་མ་དཔེའི་ངོ་སྤྲོད་བཞི་སྟེ་ཞལ་གདམས་བཞི་ཚན་བཅུ་དགུ་པ། གསར་གྲོགས་སུ་མ་སོང་བ་བཅུ། མི་ལྟོ་བ་བཅུ། བླུན་པ་བཅུ། ནོར་པ་བཅུ། བྱ་བ་བཅུ། ཡིད་ཆེས་བཅུ། འདུས་པ་བཅུ། འདས་པ་བཅུ། ཡོད་པ་བཅུ། འདུག་པ་བཅུ། ཤར་བ་བཅུ། ནུས་པ་བཅུ། ལུང་བཅུ། མྱང་འདས་བཅུ། མཛད་པ་བཅུ། མི་མཛད་པ་བཅུ། རྟོགས་པ་བཅུ། མཉམ་པ་བཅུ། མེད་པ་བཅུ། ཡིན་པ་བཅུ། མེད་པ་བཅུ། འགྲོ་བ་བཅུ། སྐྱོན་བཅུ་སྟེ་བཅུ་ཚན་ཉི་ཤུ་རྩ་གསུམ་པ་ལྟ་སྒོམ་ཕུགས་གཏིབ་ཀྱི་ཞལ་གདམས་སུ་གྲགས་པ་རྣམས། བདུན་པ་ལས་རིམ་ལ། དང་པོར་རང་ལ་དགོངས་པ། བར་དུ་གཞན་ལ་དགོངས་པ། མཐའ་མ་ཉམས་ལེན་ལ་དགོངས་པ་གསུམ་གྱིས་དབང་པོ་འབྲིང་གི་ལམ་རིམ། རབ་ལ་རིག་རྩལ། གབ་པ་མངོན་བྱུང་། རང་གཞན་ཐལ་བྱུང་གི་ཆོས་གསུམ། འབྲིང་ལ་མ་བཅོལ་ཅོག་བཞག །མཚོ་ལ་རྗེས་མེད། དམིགས་པ་ཡུལ་མེད་ཀྱིས་ཆོས་གསུམ། མཐའ་མ་ལ་གཏོད་ཕུར། ཐུག་ཕྲད། ཉམས་ཀྱི་ཆོས་གསུམ་གྱི་སྒོ་ནས་དབང་པོ་རབ་ཀྱིས་ལམ་རིམ་རྣམས། བརྒྱད་པ་མཚང་གིས་ཞལ་གདམས་ལ། སྐྱེ་བོ་མ་རིག་པ་ཆོས་ལ་འཛུད་པ་ཞེས་པར་འཆི་བ་མི་རྟག་པ་བསམ་པ། འཕགས་ནོར་བདུན་བླང་བ། ཉོན་མོངས་རང་གར་མི་གཏོང་བ། བཤེས་གཉེན་བསྟེན་
པ། ལས་འབྲས་བསམ་པ། ངན་སོང་སྡུག་བསྔལ་དང་ཞར་བྱུང་ཆོས་བྱེད་ལུང་བསྟན་པ་དང་བཅས་པ། ཆོས་པ་ཆོས་དང་མི་ལྡན་པ་ཆོས་ལ་འཛུད་པར་འཆད་ཉན་བྱེད་པ། གཞུང་གཞན་སྤྱོད་པ། བློ་ཆོས་དང་སྦྱར་ནས་སྟོན་པ། ཆོས་སུ་འགྲོ་མི་འགྲོ་ཆོས་མ་ནོར་བར་བྱས། ཐུགས་རྗེ་ཆེན་པོའི་ཆོས་ཉམས་སུ་ལེན་ཐབས་དང་བཅས་པ། སྔགས་པ་སྔགས་དང་མི་ལྡན་པ་ཆོས་ལ་འཛུད་པ་ལ། གསང་སྔགས་ཕྱི་ནང་གཉིས་ཀར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གཏོགས་པར་ཡིད་ཆེས་པ། འབྲས་བུ། ཁེ་ཉེན་ཆེ་ཚུལ། སྔགས་པ་ཐེག་པ་འོག་མར་སྨོད་པ། འོག་མས་གོང་མར་སྨོད་སྐུར་འདེབས། སྔགས་དང་དུ་མི་ལེན་པ། སྔགས་ལ་སྐུར་བཏབ། གཞུང་གཞན་མ་སྤྱད་པ། འཆལ་པར་བསྟན་པ། ནོར་ཕྱེད་འཆོང་བ། ཀྲྀ་ཡ། ཡོ་ག །མ་ཧཱ་དང་ཨ་ནུ། རྫོགས་ཆེན། ཕྱག་རྒྱ་ཆེན་པོ་རྣམས་ཀྱི་དམ་ཚིག །ཉམས་སྐྱོན། དམ་ཚིག་གཙོ་ཆེ་ཚུལ། གསང་སྔགས་རིགས་སྔགས་གཟུང་སྔགས་རྣམས་ཡི་གེ་དྲུག་པར་འདུ་ཚུལ་དང་བཅས་པ། ཆོས་པ་ཆོས་དང་མི་ལྡན་པ་ཆོས་ལ་བསྐུར་བ་རྣམས། དགུ་པ་ཕྱི་ནང་ཀྱི་ཆོས་ཀྱི་ཞལ་གདམས་ལ། སྦྱིན་པ་ལ་གནས། རྫས། དུས། ཡོན་ཏན། སྐྱོན། བསྔོ་བ་དྲུག །ཚུལ་ཁྲིམས་ལ་དགེ་བ་ཆོས་སྡུད། ཉེས་སྤྱོད་སྡོམ་པ། སེམས་ཅན་དོན་བྱེད། བཟོད་པར་བྱེད་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ཉིད་དོན་ལ་མི་སྐྲག་པ། བརྩོན་འགྲུས་ལ་གོ་ཆ། དོན་སྦྱོར། མི་ལྡོག་པ། བསམ་གཏན་མི་གཡོ་བ། མ་ནོར་བར་བསྒྲུབ་པ། སེམས་ཅན་དོན་བྱེད། ཤེས་རབ་ལ་རང་སྤྱི། རྒྱུ་འབྲས། མི་དམིགས་པ། ཐབས་ལ་མ་ནོར་བ། བདག་གཞན་གྱིས་དོན་བསྒྲུབ་པ། སྨོན་ལམ་ལ་མ་ཞུམ་པ། མི་དམིགས། སེམས་ཅན་དོན་ལ་བརྩོན་པ། སྟོབས་ལ་བདུད་
འདུལ་བ། ཚོགས་གཉིས་རྫོགས་པ། རྒོལ་བ་ཚར་གཅོད་པ། ཡེ་ཤེས་ལ་ཆོས། གང་ཟག །རྣམ་པར་མི་རྟོག་པ་དང་བཅས་པ། བཤད་ཐབས་དྲུག་གིས་ཞལ་གདམས་ཞེས་པར་ཕྱི་དབྱི་མོང་གཡོ་འགུལ་ནང་རམ་པའི་རྩ་བ། གསང་བ་ཁྲོམ་ཆེན་པོ། ཡང་གསང་བྱ་རྒྱ་འུར་རྡོ་གཅིག་གིས་འདེད་པ། དེ་ཁོ་ན་ཉིད་རོལ་བརྒྱ་གཤལ་བ་གཅིག་གིས་མནན་པ། གནད་དྲིལ་ལྕུག་མ་གཅིག་གིས་བཅིངས་པ་ལྟ་བུ་རྣམས། བཅུ་པ་བསླབ་བྱའི་ཞལ་གདམས་ལ། སྐྱབས་འགྲོ་ལ་ཕྱི་སངས་རྒྱས་ཆོས་དང་དགེ་འདུན། ནང་བླ་མ་ཡི་དམ་མཁའ་འགྲོ། གསང་བ་ལྟ་སྒོམ་སྤྱོད་གསུམ་སོ་སོར། ངོ་བོ་མཚན་ཉིད། རང་བཞིན། ཁྱད་པར། བསླབ་བྱ། ཕན་ཡོན་ཏེ་དྲུག་གི་སྒོ་ནས་བསྟན་པ། སྡོམ་པ་ལ་ལུས་ངག་ཡིད་གསུམ་ཆུད་ཟོས་སུ་མི་གཏོང་བར་སོ་ཐར་གྱི་སྡོམ་པ། དད་རྫས། ཆོས། གདམས་ངག་གསུམ་ཆུད་ཟོས་སུ་མི་གཏོང་བ་བྱང་སྡོམ། སྒོམ། བརྩོན་འགྲུས། ཡིད་ཆེས་གསུམ་ཆུད་ཟོས་སུ་མི་གཏོང་བར་སྔགས་སྡོམ། བླ་མ་ལ་སྐྱེ་མེད། འགག་མེད། རིག་མེད། སྤྲོས་བྲལ། སྟོང་གསལ། རིག་པ་རང་ཤར་ཏེ་དོན་གྱི་བླ་མ་དྲུག །སྣང་བ་རང་ཤར། རྣམ་རྟོག་ལམ་ལོང་། དུག་ལྔ་རྣམ་དག །རྐྱེན་སྣང་ཐོག་འགེལ། རང་སྣང་རིག་མེད། འཁོར་བ་རྒྱས་འདེབས་ཏེ་རྟགས་ཀྱི་བླ་མ་དྲུག །རྩ་བ། དབང་བསྐུར། བྱིན་བརླབས། ལུང་འབོགས། བརྒྱུད་པ་འདྲེན་པ་སྟེ་མཚོན་གྱི་བླ་མ་དྲུག །བླ་མ་ལ་ལུས་ངག་ཡིད་གསུམ་གྱིས་བཀུར་བ་དང་དམ་ཚིག །བསྲུང་བའི་ཕན་ཡོན་དང་། མ་བསྲུང་པའི་ཉེས་དམིགས་བསྟན་པ། དོན་གྱི་ཐུགས་རྗེ་ཆེན་པོའི་དམ་ཚིག་དྲུག །རྟགས་ཀྱི་ཐུགས་རྗེ་ཆེན་པོའི་དམ་ཚིག་དྲུག །མཚོན་གྱི་ཐུགས་རྗེ་ཆེན་པོའི་དམ་ཚིག་དྲུག་རྣམས། བཅུ་གཅིག་པ་འཆི་ཁའི་ཞལ་གདམས་ལ། བར་དོ་
མུན་གསལ་སྒྲོན་མེ་ཞེས་པ་རང་བཞིན་གནས་པའི་བར་དོ། སྐྱེ་ཤི་བར་དོ། ཤེས་པ་སྔ་ཕྱིའི་བར་དོ། རྨི་ལམ་བར་དོ། འཆི་ཁའི་བར་དོ། སྲིད་པའི་བར་དོ་རྣམས། བཅུ་གཉིས་པ་ཐུན་མོང་ཁྱད་པར་གྱི་ཞལ་གདམས་ལ། ཐུན་མོང་གི་ཞལ་གདམས་སུམ་ཅུ་རྩདྲུག་པ་ཞེས་པ་སྔོན་འགྲོ་བཞིའི་ཡན་ལག་དྲུག །གཞན་རྗེས་སུ་འཛིན་པའི་ཡན་ལག་དྲུག །ཐུགས་རྗེ་ཆེན་པོ་དང་ཚུལ་མཐུན་པའི་ཡན་ལག་དྲུག །རང་ལ་བཞེང་བསྐུལ་གདམས་པའི་ཡན་ལག་དྲུག །ཐུགས་རྗེ་ཆེན་པོ་མྱུར་དུ་གྲུབ་བྱེད་ཀྱི་ཡན་ལག་དྲུག །ཐུགས་རྗེ་ཆེན་པོ་ཆོས་བློ་ཐག་ཆོད་པའི་ཡན་ལག་དྲུག་དང་བཅས་པ། ཞལ་གདམས་དྲུག་གསུམ་པ་ལ། རང་བྱུང་གི་ཉམས་དྲུག །ཐབས་མཁས་པའི་ཡན་ལག་དྲུག །རང་ལུས་བསྲང་ཞིང་གནོད་པ་སེལ་བའི་ཡན་ལག་དྲུག་རྣམས། བཅུ་གསུམ་པ་སྲང་དུ་བཞུགས་པའི་ཞལ་གདམས་ལ། བརྗོད་བྱའི་དོན་ལ་དཔེ་དོན་རྟགས་གསུམ། རྗོད་བྱེད་ཚིག་ལ་རྨོངས་པ་ལམ་གཞུག །དད་ཅན་སྤྲོ་བསྐྱེད། བརྩོན་འགྲུས་ཅན་ཆོས་ལ་གཟུད་པ། གསུམ་གྱི་དྲང་དོན། ཡར་ལྟ་བ་ལ་འབྱམས་སུ་མི་གཞུག །མར་རྒྱུ་འབྲས་ལ་འཐས་སུ་མི་གཞུག །བར་བཏང་སྙོམས་ལ་ལྡིང་དུ་མི་གཞུག་པ་གསུམ་གྱི་ངེས་སྟོན། ལྟ་སྒོམ་སྤྱོད་གསུམ་གྱིས་སྙིང་པོ་བསྟན་པ། གནད་ཀྱི་ཞལ་གདམས་ཞེས་པ་ཉམས་ལེན་སྤོང་བའི་འདྲེ་དྲུག །ཁར་མི་གཏོང་བའི་བདུད་དྲུག །ཐར་བར་བྱ་བའི་འཕྲང་དྲུག །མཚན་ཉིད་དང་ལྡན་པའི་འབྲེལ་བ་དྲུག །ཐེ་ཚོམ་མེད་པའི་ཡིད་ཆེས་དྲུག །ཡང་དག་ལྟར་སྣང་གི་འདྲ་མིན་དྲུག་རྣམས། བཅུ་བཞི་པ་ཞལ་གདོན་བྱ་བའི་ཞལ་གདམས་ལ། སྦྱོར་དངོས་འཇུག་གསུམ་གྱི་སྒོ་ནས་སྐྱབས་སེམས་འབོལ་ཆོག །སློབ་དཔོན་དང་རྟེན་གྱི་དྲུང་
དུ་སྡོམ་པ་ལེན་པ། རྗེས་དྲན་དྲུག་གིས་བསྲུང་བ་སྟེ་བསྙེན་གནས་འབོགས་ཆོག །བསྔོ་བ་ལ། ཡོ་བྱད་ལ་སྤྱོད་པ། ཡོན་ཏན་བཤད་པ། ཡོན་སྦྱང་བ། བསྔོ་བ་བཞིའི་སྒོ་ནས་བཤད་པ་རྣམས་སོ། །གཉིས་པ་ཟབ་པ་རང་དོན་དུ་གདམས་པ་ལ། འཁོར་ལ་གདམས་པ། ཟབ་པ་ཐུན་མོང་མ་ཡིན་པ། ཁྱད་པར་གྱིས་ཟབ་དོན། དོན་བཤད་པའི་ཞལ་གདམས་དང་ལྔ། དང་པོ་ལ། རྒད་པོ་ལ་གདམས་པ་ཞང་བློན་སྣ་ཆེན་པོར་གསུངས་པ་བྱང་ཆུབ་གནས་སུ་བློ་བདེ་བར་འགྱུར་བ། རྒན་མོ་ལ་གདམས་ལ་ཞང་ཞུང་བཟའ་ལི་དི་སྨན་ལ་གསུངས་པ་མདའ་ཁ་འཆི་བྲོད། བུད་མེད་ལ་གདམས་པ་རུ་ཡོངས་བཟར་གསུངས་པ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་འཚང་རྒྱ་བ། སྲས་ཀྱི་ཡུམ་ཚེ་སྤོང་བཟའ་ཁྲི་ལྕམ་ལ་གདམས་པ་སངས་རྒྱས་དང་ཞལ་མཇལ་བ། ཕྱི་བློན་བསྲུང་བཏང་གཟུངས་ལ་གདམས་པ་རྒས་ནས་ཆོས་དང་ཕྲད་པ། ནང་བློན་མགར་སྟོང་བཙན་ཡུལ་བཟུང་ལ་གདམས་པ་སྡིག་ཟད་པའི་རྟགས་ཐོན་པ། འབྲི་བསེ་རུ་གུང་སྟོན་ལ་གདམས་པ་ཐུགས་རྗེ་ཆེན་པོ་དང་མི་འབྲལ་བར་འགྱུར་བ། སྦས་འབྲོངས་གཤོར་མདོ་བཙན་ལ་གདམས་པ་སྡིག་པོ་ཆེ་ཅིག་ཅར་འཚང་རྒྱ་བ་རྣམས། གཉིས་པ་ཟབ་པ་ཐུན་མོང་མ་ཡིན་པ་ནི། ལྟ་བ་གསུམ་གྱི་ཞལ་གདམས་བཞེད་པ་ཐག་རིང་དུ་འགྲོ་ན་འཁྱེར་རྒྱུ། གཅིག་པུར་འདུག་ན་སེམས། མང་པོའི་ཁྲོད་དུ་ངག་ལ་བལྟ་བ་རྣམས། ཞལ་གདམས་དོན་གསུམ་ཞེས་པའི་རིགས་དྲུག་འཁོར་བའི་གཡང་ལ་བསྐྱུར་བ། མི་རྟག་པའི་དཔེ་གསུམ་གྱིས་ལེ་ལོ་ཅན་བརྩོན་འགྲུས་བསྐྱེད་པ། ཐུགས་རྗེ་ཆེན་པོའི་ཡོན་ཏན་གྱིས་སྐལ་ལྡན་གྱི་སྤྲོ་བ་བསྐྱེད་པ་རྣམས། ཕར་ཕྱིན་དྲུག་གི་ཞལ་གདམས། ཚད་མེད་དྲུག་ཅེས་པ་འགྲོ་དོན། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས། ཐུགས་རྗེ་དང་
བཅས་པ། སྒྱུ་མའི་དཔེ་བརྒྱད་ཅེས་པ་ལུས་སྤྲུལ་པ། ཁྱིམ་དྲི་ཟའི་གྲོང་། འཁོར་གཡོག་རྨི་ལམ། ལོངས་སྤྱོད་སྒྱུ་མ། སྣང་སྲིད་ཆུ་ཟླ། སྙན་གྲགས་བྲག་ཅ། ཟས་སྐོམ་རྨིག་རྒྱུ། སེམས་ནམ་མཁའ་ལྟ་བུ་རྣམས། གསུམ་པ་ཁྱད་པར་གྱིས་ཟབ་དོན་ལ། སྤང་བླང་དྲུག་གི་སྒོ་ནས་འཁོར་འདས་ཀྱི་འབྲེལ་པ་གཅོད་པ་ཉམས་སུ་བླང་བའི་ཞལ་གདམས། སྤྱི་བོར་བླ་མ། དེའི་བཀའ་དྲིན། གདམས་པ་དྲན་པ་གསུམ་གྱི་སྒོ་ནས་བྱིན་བརླབས་ལམ་གྱི་བླ་སྒྲུབ། རྣམ་པ། མོས་པ། ང་རྒྱལ་གསུམ་གྱིས་ལྷ་ལམ་དུ་བླང་བ། སོ་ཐར། བྱང་སེམས། སྔགས་སྡོམ་གསུམ་ཡར་ལྡན་གྱི་ཞལ་གདམས། སྐྱེས་བུ་འདོད་ཆགས་ཅན་ལ་ཐབས་ལམ་རྩ་རླུང་ཐིག་ལེ་གསུམ་གྱི་ཞལ་གདམས། བསྐྱེད་རྫོགས་ལ་བརྟེན་ནས་མཚན་བཅས་མཚན་མེད་ཀྱིས་ཞལ་གདམས། བདག་འཛིན་འགོང་པོ་སྒོར་དབྱུང་བ་བདག་མེད་ཟུང་འཇུག་གི་ཞལ་གདམས་རྣམས། བཞི་པ་གནད་ཀྱི་ཁྱད་པར་ཟབ་དོན་ལ། སྒོམ་པ་གནད་ཀྱི་ངོ་སྤྲོད་ཅེས་པ་ཐབས་ཀྱི་སྒོ་ནས་སྒོམ་བྱའི་ཡུལ། ཤེས་རབ་ཀྱི་སྒོ་ནས་སྒོམ་བྱེད་སེམས། གཉིས་མེད་སྒོ་ནས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ། ཟུང་འཇུག་གསུམ་ཞེས་པ་བསྐྱེད་རྫོགས། ཐབས་ཤེས། དབྱིངས་དང་ཡེ་ཤེས་ཀྱི་ཞལ་གདམས། བར་དོ་ལ་དབང་པོ་རབ་ལ་བར་དོ་མེད་པ་ཆོས་སྐུའི་ལམ་ཁྱེར། འབྲིང་ལ་བར་དོར་འཚང་རྒྱ་བའི་ལམ་ཁྱེར། ཐ་མ་ལ་འདའ་ཁ་འཆི་བྲོད་ཀྱི་ལམ་ཁྱེར། མཚན་ཐོས་པ། སྙིང་པོ་བཟླས་པ། འཁོར་ལོ་བཏགས་པ་གསུམ་གྱིས་འཚང་རྒྱ་བ་རྣམས། ལྔ་པ་དོན་བཤད་པའི་ཞལ་གདམས་ལ་ཐུགས་རྗེ་ཆེན་པོའི་དོན་བཤད་པའི་ཞལ་གདམས་ཞེས་པར་ཐུགས་རྗེས་གཟིགས་ཚུལ། ཡུལ། སྤྱན། ཆེ་བ་རྣམས་དྲུག་དྲུག་ཏུ་ཕྱེ་བ་དང་ཐུགས་རྗེ་ལ་ཡང་སྐུས་འདུལ་བའི་ལྷ་དྲུག །གསུང་གིས་འདུལ་བའི་སྔགས་དྲུག །ཐུགས་ཀྱིས་འདུལ་བའི་དགོངས་པ་འབྲས་སོའི་རྟགས་
དྲུག །དགོངས་པ་དྲུག །ཉམས་ལེན་དྲུག །མཐར་དབྱུང་དྲུག །ལ་ཟླ་དྲུག་རྣམས། གསུམ་པ་ཐོར་བུའི་སྐོར་ལ། ཆོས་ཐམས་ཅད་ཐུགས་རྗེ་ཆེན་པོར་འདུས་ཚུལ་སྙིང་པོར་དྲིལ་བ་སྤྲོ་ན་མདོ་རྒྱུད་ལ་ལྟ་བར་བྱའི་མཐའ་ཅན། ལི་ཡུལ་གྱིས་དགེ་སློང་གིས་ཆོས་རྒྱལ་མཇལ་བའི་ལོ་རྒྱུས་ལས་འཕྲོས་ཏེ་རྒྱལ་པོ་སྤྱན་རས་གཟིགས་དངོས་སུ་བསྟན་པ། གྱེ་རེ་ཡས་འཕྲང་གིས་ཡིག་དྲུག་རང་བྱོན་ལ་བརྟེན་ནས་གསུང་སྐྱེ་བ་མེད་པའི་སྒྲར་བསྟན་པ། སྲས་ཀྱི་ཞུས་ལན་ར་སའི་གཙུག་ལག་ཁང་གི་ཆེ་བ་བསྟན་པ། ཐུ་མིས་ཞུས་ལན་གཙུག་ལག་ཁང་གནས་འཇིག་གི་སྐོར། རྒྱལ་པོ་ལུགས་ཀྱི་གཟུང་སྔགས་ཀྱི་ལོ་རྒྱུས་ཆེ་བརྗོད། བཅུ་གཅིག་ཞལ་གྱི་གཟུངས་རིན་ཅེན་འབྲུག་སྒྲ། ཕྱི་རྒྱལ་པོ་ལུགས་ཀྱི་གཏམ་རྒྱུད། བཀའ་ཆེམས་དྲི་མེད་ཟླ་བ་ལེའུ་བཅུ་དྲུག་པ། རྒྱལ་པོ་ཡབ་ཡུམ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ཞིང་ཡར་ཀླུངས་སུ་བང་སོ་བཏབ་ཚུལ། ལྷ་ས་ཆུ་དང་བསམ་ཡས་མེ་དང་བྱེ་མས་འཇིག་ཚུལ། དེའི་གཉེན་པོར་ཀླུ་འཇོག་པོས་ཕུལ་བའི་རིན་པོ་ཆེའི་ཆུ་ཤེལ་བསམ་ཡས་ཀྱི་སྲོག་ཤིང་དང་། ཚངས་པ་ཕུལ་བའི་རིན་པོ་ཆེ་སའི་སྙིང་པོ་ལྷ་སའི་ཆུ་བཟློག་དོན་དུ་ཧལ་པོ་རིར་སྦས་པ། གཙུག་ལག་ཁང་གཉིས་འཇིག་པའི་སྔ་ལྟས་ལུང་བསྟན། ཆུ་བཟློག་ལྷ་ཁང་བརྩིགས་ཚུལ། མེས་སྲོང་བཙན་གྱིས་སྦས་པའི་གཏེར་རྣམས་སློབ་དཔོན་ཆེན་པོས་མངའ་བདག་ལ་བསྟན་པ། ཨ་མྲྀ་ཏའི་ཆེ་བརྗོད། བཀའ་གཏད་ཀྱི་ཡི་གེ །ཆུ་བཟློག་དང་ཇོ་བོའི་རྟེན་བཞུགས་གནས་བརྟན་གྱི་གསོལ་འདེབས། གཏེར་སྟོན་འདྲ་མིན་བརྟག་པའི་ལུང་བསྟན། ལྡེ་མིག་གསལ་བའི་འཁྲུལ་ཞུམ་ཞེས་པ་བུ་ཆུ། མཆོད་རྟེན་བཀྲ་ཤིས་མཛེས་ལྡན། གཤིན་རྗེ་དོང་ཁ། ནེའུ་ར་གཡུ་མཚོ་རྣམས་ཀྱི་གཏེར་བྱང་། བརྒྱུད་འདེབས་བདེ་བ་ཅན་གྱི་ཞིང་ཁམས་མ་
རྣམས་སོ། །དཀར་ཆག་དང་རིག་འཛིན་ཆེན་པོའི་གསན་ཡིག་སོགས་ལ་དཔགས་ན་ཆོས་ཚན་ཁ་ཤས་མ་ཚང་ཞིང་དབང་ཞིག་ཀྱང་ཡོད་ཚོད་དུ་འདུག་རུང་ཆོས་རྒྱུན་དཀོན་པར་སྣང་བས་ཆད་དམ་སྙམ། ཡོད་སྲིད་ཀྱང་ཁོ་བོའི་མངོན་སུམ་གྱི་སྤྱོད་ཡུལ་ནི་དེ་ཙམ་མོ། །གོང་སྨོས་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་མཆོག་ཡེ་ཤེས་རྡོ་རྗེ། གུ་རུ་སངས་རྒྱས་བློ་གྲོས། མཚན་ལྡན་བསོད་ནམས་ལྷུན་གྲུབ། དྲིས་ཆེན་དྷརྨ་དྷ་ཛ། རིག་འཛིན་ཀརྨ་བཟང་པོ། མཚུངས་མེད་གྲུབ་མཆོག་བཟང་པོ། རྒྱལ་སྲས་པདྨ་རིག་འཛིན་སྙིང་པོ། རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ་རྩལ། རྫོགས་ཆེན་པ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་གྱི་སྔགས་དཀར་མ་ཎི་པ་ལ་བསྩལ་ཏོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་སྤུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་རྒྱས་པ་གསེར་གྱི་འཕྲེང་བ་ཐར་ལམ་གསལ་བྱེད་ཅེས་བྱ་བའི་པདྨ་བཀའི་ཐང་ཡིག་ལེའུ་བརྒྱ་དང་བཅུ་བདུན་ཡོད་པའི་ལུང་ནོས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སློབ་དཔོན་སངས་རྒྱས་གཉིས་པ། བཀའ་སྡུད་པོ་ཡེ་ཤེས་འཚོ་རྒྱལ། རིག་འཛིན་སངས་རྒྱས་གླིང་པ། སྲས་ཛྙཱ་ན་བཛྲ། འོད་གསལ་ཀློང་ཡངས། དྷརྨ་མ་ཏི། བསོད་ནམས་རིན་ཆེན། ཐ་ཆུང་དབོན་པོ། གནམ་གོང་བསོད་ནམས་བཟང་པོ། རབ་འབྱམས་པ་དགེ་བའི་བློ་གྲོས། དཀར་ཆེན་བསྟན་འཛིན་ནོར་བུ། རྒྱལ་སྲས་བསྟན་པའི་འབྱུང་གནས། རྗེ་པདྨ་འཕྲིན་ལས། བོན་ལུང་གར་གྱི་དབང་པོ། ཆོས་གཏེར་འཕྲིན་ལས་
ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་རོལ་པ་རྩལ་གྱིས་ཀླུ་བཙན་གནས་པའི་ས་རྩེ་ཆེན་བྲག་དམར་ནས་སྤྱན་དྲངས་པའི་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུའི་སྐོར་ལ། རས་བྲིས་ཀྱིས་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཐུན་མོང་རིག་པའི་དབང་ལྔ། ཐུན་མོང་མ་ཡིན་པའི་རྡོ་རྗེ་སློབ་དཔོན་གྱི་དབང་། མཐའ་རྟེན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། སྔགས། དཔལ་གྱི་ཆས། ཕྱག་མཚན། ཆོས་འཆད་པ། སྲས་མཆོག་རྣམས་ཀྱི་རྗེས་གནང་། རྫས་ཀྱི་དཀྱིལ་འཁོར་དུ་གསང་དབང་། མཐའ་རྟེན་ལུང་བྷ་གའི་དཀྱིལ་འཁོར་དུ་ཤེར་དབང་། མཐའ་རྟེན་དབུགས་དབྱུང་། སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་མཐའ་རྟེན་གཟེངས་བསྟོད། མཇུག་ཏུ་གཞན་དོན་ཡོངས་རྫོགས། དྲག་པོས་འགྲོ་འདུལ་ཕྱག་མཚན་འབར་བ། རྒྱན་དང་ལོངས་སྤྱོད་རྫོགས་པ། འཆི་མེད་ཚེ། ཞལ་ཟས་ཚོགས། མར་མེ། སྤྱོད་པ། བར་གཅོད་འདུལ་བ། དངོས་གྲུབ་མྱུར་ཐོབ། ཕྱིར་མི་ལྡོག་པ། ལུང་བསྟན་དབུགས་དབྱུང་དང་བཅས་དབང་ཡོངས་རྫོགས་མནོས་ནས། ལུང་ལ། དཔག་བསམ་ལྗོན་པའི་སྡོང་བུ། ཡན་ལག །ལོ་འདབ། ལག་ཕྲན། མེ་ཏོག །འབྲས་བུ། གྲིབ་མ། པགས་པའི་ཚུལ་དང་བརྒྱད། དང་པོ་ལ། རྡོ་རྗེ་ཕུར་པའི་སྒྲུབ་ཐབས་རྩ་བ་མན་ངག་ལག་ལེན་ཐུགས་ཀྱི་སྙིང་ཁུ་སྤྱི་དོན་གསུམ་གྱིས་བསྟན་པ་སྟོད་ལས་ཀྱི་རིམ་པ་རྫོགས་སོའི་མཐའ་ཅན། དེའི་བཤད་འགྲེལ་དྲི་མེད་ཤེལ་འཕྲེང་ཞེས་པ་གསང་མཆོག་བདུད་འདུལ་ཕུར་པའི་མངོན་རྟོགས་ཀྱི་ལས་རིམ་གསལ་བར་སྟོན་པ་ལྷ་ཉེ་བར་བསྙེན་པ་འོའི་མཐའ་ཅན། དེའི་རྩ་བརྒྱུད་རྣམས་དྲིལ་བ་རྩ་ཐུང་
སྙིང་པོ་ཞེས་པ་རྩ་བ་རྡོ་རྗེ་ཁྲོས་པ་རྫོགས་སོའི་མཐའ་ཅན། དེའི་འགྲེལ་པ་ཐུགས་ཀྱི་མེ་ལོང་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོའི་མཐའ་ཅན་རྣམས། གཉིས་པ་དཔག་བསམ་ལྗོན་པའི་ཡན་ལག་ལ། ལས་བྱང་ཁྲིགས་བྱས་ཞེས་པ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་འཁོར་སྲུང་མ་དམ་ཅན་དང་བཅས་པའི་ཕྱག་འཚལ་མཆོད་བསྟོད་ཀྱི་ལས་རིམ་ཕུར་བུའི་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད་ཀྱི་མཐའ་ཅན། དེའི་མཇུག་ལྷན་ཐབས་ལ་རྟགས་བསྟོད། སྨད་ལས་ཀྱི་བསྐུལ། ཆད་མདོ། བསྟན་སྐྱོང་། རྟ་བྲོ་དང་བཅས་པ་ལས་བྱང་གི་གོ་རིམ་ཨོ་རྒྱན་གྱི་དགེ་སློང་པདྨ་འབྱུང་གནས་ཀྱིས་མཛད་པ་འཚོ་རྒྱལ་གྱིས་ཟིན་བྲིས་སུ་བཏབ་པའི་མཐའ་ཅན། སློབ་མ་སྨིན་བྱེད་དབང་གི་ལས་ཁྲིགས་པདྨ་འབྱུང་གནས་ཀྱིས་ཕྱི་རབས་ཀྱི་དོན་དུ་ཕྱེ་བ་ཐུགས་ཀྱི་སྲས་དང་ཕྲད་ཤོག་དང་སྲུང་མ་བཀའ་སྒོ་མཱ་ར་ཡའི་མཐའ་ཅན་རྣམས། གསུམ་པ་དཔག་བསམ་ལྗོན་པའི་ལོ་འདབ་ལ། གདབ་ལས་ཁ་ཀློང་དོན་རབ་ཏུ་གསལ་བ་ཞེས་པ་དབྱེ་བ། བཅིང་བ། སྨྱོར་འཇུག་པ། གསད་པ། བསྟབ་པ། མནན་པ་སྟེ་ལས་དྲུག་དང་། ཐེམས་བྱང་འདི་ལྟར་འདུག་ཀྱང་བཞུགས་ཚུལ་ཆོས་དབང་བྱང་གཏེར་སོགས་དང་མཐུན་པའི་མནན་པ་ལོགས་སུ་འདུག་གོ །དྲག་པོའི་སྦྱིན་སྲེགམནན་པ། ཟོར་རྣམས་ཨོ་རྒྱན་པདྨས་ཕྱི་རབས་དོན་དུ་མཛད་པ་འཚོ་རྒྱལ་གྱིས་ཟིན་བྲིས་སུ་བཏབ་པ། དམ་ཅན་ཉེ་བར་བསྙེན་པའམ་མཚན་མ་འབྱིན་པའི་བཟླས་པ། ངན་སྔགས་ཉེ་བར་བསྙེན་པ་ཞེས་པ་ལྷ་དང་ཕྲལ་བ། གཟུགས་ལ་དབབ་པ། ཡན་ལག་བཅིང་བ། སྨྱོར་འཇུག་པ། གཏུན་དུ་བརྡུང་བ། ཞལ་བཏབ་དང་དྲུག་འདི་གཏེར་ཁ་འོག་མ་སོགས་དང་མཐུན། དབྱེ་བ་སོགས་ངན་སྔགས་དྲུག་གི་འཁོར་ལོའི་འདྲི་༼གཏེར༽ཐབས་གྲོལ་བར་འགྱུར་རོའི་མཐའ་ཅན། ལྷ་དང་དགྲ་ལ་དངོས་གྲུབ་ཀྱི་
བཅུད་བླང་བ་རྟག་ཆད་གཉིས་ཀ་གོང་དུ་བཀག་པོ་འོའི་མཐའ་ཅན། གོང་གི་ཁ་སྦྱོར་ཞེས་པ་ངན་སྔགས་ཉེ་བར་བསྙེན་པའི་གདབ་ཁ་དྲུག་གི་འཕྲིན་ལས། དཀྱུས་ན་ཨོཾ་ལཾ་ཧཱུྃ་ལཾ་ཞེས་པའི་དོན་མནན་པ་ལས་ཀྱི་སྦྱོར་བ་བསྟན་པ། ཚར་གཅོད་པ་དྲག་པོའི་སྦྱིན་སྲེག །ཕན་གདགས་ཞི་བ་རོ་སྲེག་གི་ཆོ་ག་རྣམས། དྷ་ཏི་༼གཏེར༽གསུམ་གྱི་རང་རྟགས་སྲོག་གི་སྙིང་པོ་ཕུར་པ་སྲོག་གི་སྤུ་གྲི་འོའི་མཐའ་ཅན། བཞི་པ་དཔག་བསམ་ལྗོན་པའི་ལག་ཕྲན་ལ། ཀླུ་འདུལ་ལས་ཀྱི་ཁ་ཚར། སེང་ཕུར་ལ་བརྟེན་པའི་ཆར་༼གཏེར༽འབེབས། ཁྲོ་བཅུའི་རྟ་མགྲིན་དུ་བསྐྱེད་པ་དང་རུས་སྦལ་ལ་བརྟེན་པའི་སེར་༼གཏེར༽འབེབས། ཁྲོ་བོ་རིགས་ལྔ་ཕུར་པ་༼གཏེར༽སྲས་མཆོག་ཧཱུྃ་མཛད་སྒོ་མ་བཞི་ལ་བརྟེན་པའི་ཚེ་སྒྲུབ། རོ་བམ་དང་རྫས་ལ་དངོས་གྲུབ་ཏུ་བསྒྲུབ་པའི་བམ་སྒྲུབ། ཐུན་གྱི་ལས་སྦྱོར་དོན་གསུམ་༼གཏེར༽གྱིས་བསྟན་པས་སྐབས་དང་སྦྱར་བར་བྱ་འོའི་མཐའ་ཅན། རྨད་པོ་གསོ་བའི་ཐབས་༼གཏེར༽བྲི་ཞིང་བཟླས་སོའི་མཐའ་ཅན་རྣམས། ལྔ་པ་དཔག་བསམ་ལྗོན་པའི་མེ་ཏོག་ལ་དཀྱིལ་འཁོར་རྣམ་དག་ལ་དགོངས་ཏེ་བསྐྱེད་༼གཏེར༽པ་འཚང་རྒྱ་བར་འགྱུར་རོའི་མཐའ་ཅན། བདུད་རྩི་ལྔའི་ཆག་ཆག་གདབ་༼གཏེར༽པ་བདུད་རྩི་དྲི་ཆེན་མ། འཛབ་བསྟོད་སྤྲོས་མེད་༼གཏེར༽ཐིག་ལེ་མ། རྡོ་རྗེ་གཞོན་ནུའི་སྐུ་མདོག་ཕྱག་མཚན་འཁོར་སོགས་སྟོན་པ་༼གཏེར༽ཕུར་པ་ལུང་གི་ཆིངས་གལ་ཐོ་གསེར་འཕྲེང་། སྨན་ཕུད་གལ་ཐོ་བདུད་རྩི་བུམ་པའི་ས་མ་ཐི་གསད་༼གཏེར༽ནན་གྱི་མཚམས་ཞེས་བྱའོའི་མཐའ་ཅན། རྟོགས་པས་བདག་གྲོལ་བའི་ལས་༼གཏེར༽ཁ་ཚར་སྟོན་པ་རྣམས། དྲུག་པ་དཔག་བསམ་ལྗོན་པའི་འབྲས་བུ་ལ། མན་ངག་གནད་ཀྱི་བྱང་གཅིག་གམ། དམར་བྱང་སྙིང་འགྲེལ་དུ་བཀོལ་བ་
ཞེས་པ་སྒྲུབ་པ་ལུས་དཀྱིལ་ལ་བརྟེན་ནས་གསུམ་དྲིལ་གྱི་གདམས་པ་ངད་ལྡན་བྱུང་ན་སྦྱིན་པར་རིགས་པའི་མཐའ་ཅན། བདག་འཇུག་སྤྲ་འཁྲིད་དོན་དབང་ནོར་བུའི་སྙིང་པོ་འཚོ་རྒྱལ་གྱི་དོན་དུ་གསུངས་པ། འཕྲིན་ལས་ལམ་འཁྱེར་བསྡུས་པ་འཚོ་རྒྱལ་གྱིས་མཁར་རྫོང་ཤེལ་གྱི་བྲག་ཕུག་ཏུ་མཛད་པ། ཨོ་རྒྱན་གྱི་ཞལ་གདམས་དམར་བྱང་དུ་བཀོད་པའམ་གནད་དོན་དུ་གདམས་པར་གྲགས་པ་རྣམས། བདུན་པ་དཔག་བསམ་ལྗོན་པའི་གྲིབ་མ་ལ། རི་ཏི་མཆེད་བཞི་སྒྲོལ་གིང་ཅན་གྱི་དྲག་སྔགས་བརླག་པར་གདོན་མི་ཟ་འོའི་མཐའ་ཅན། བསེ་མོ་གནད་གཅོད་ཅན་གྱི་སྔགས་༼གཏེར༽བརླགས་པར་གདོན་མི་ཟ་འོའི་མཐའ་ཅན། སྡེ་བརྒྱད་སྤྱི་དྲིལ་གྱི་སྲོག་སྙིང་གསེར་ཕུར་དུ་ཕྱུང་བ་ཞེས་པ། སྟོན་པ། འབྱུང་ཁུངས་སྐྱེ་རྒྱུད། དབྱེ་བ། རྒྱུ་མཚན། ལས། ངོ་བོ། སྒྲུབ་པའི་ཐབས། ལས་ཀྱི་འཕྱོང་སྟེ་བརྒྱད་ཀྱི་སྒོ་ནས་བསྟན་པ་སྦས་བྱང་གི་མཐའ་ཅན་རྣམས། རྫས་བསྲུང་ནག་པོ་དགུ་༼གཏེར༽སྦྱོར་ཞེས་པ་རྫས་སྣ་ཉི་ཤུ་རྩ་ལྔ་ལ་བརྟེན་པ། དྲག་པོ་རྫས་ཀྱི་རྭ་བསྲུང་༼གཏེར༽བྱུག་པ་རྒྱན་འཁོར་དུ་གྲགས་པ་དངོས་གྲུབ་རྣམས་དབེན་པའི་མཐའ་ཅན་རྣམས། བརྒྱད་པ་དཔག་བསམ་ལྗོན་པའི་པགས་པ་ནི། ཐོག་ཡིག་པར་བཀབ་སྙིང་བྱང་གལ་ཐོའོ། །ཐེམས་མེད་བསྲུང་བ་རྡོ་རྗེའི་གོ་ཁྲབ་སྙིང་ཕུར་དུ་གདམས་པ། བསྟན་སྲུང་ཤོ་ན་སྤུ་གྲི་ཅན་སྒྲུབ་པ་རྦད་བསྐུལ་བྱོའི་མཐའ་ཅན། བདུད་ནག་པོ་སྒྲོ་སྙིང་ཅན་གྱི་སྒྲུབ་ཐབས་འགྲུབ་པར་འགྱུར་རོའི་མཐའ་ཅན། དགྲ་བླ་ལྕགས་ཀྱུ་ཅན་གྱི་དྲག་༼གཏེར༽སྔགས་ཕྲད་ཤོག་གི་མཐའ་ཅན་རྣམས། དཔེ་རིས་ལ། དབང་བསྐུར་བའི་དཀྱིལ་འཁོར། ཨེ་ཁྲམ། ལྷ་དང་ཕྲལ། གཟུགས་ལ་དབབ་པ། ཡན་ལག་བཅིང་བ། སྨྱོར་འཇུག་པ། གཏུན་བརྡུང་། ཞལ་བསྟབ། དམར་པོ་སྲོག་འཁོར། གནད་
འཁོར་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་གཞོན་ནུ། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་གར་གྱི་དབང་ཕྱུག །ཐུགས་སྲས་ཡེ་ཤེས་རྡོ་རྗེ་གུ་རུ་སངས་རྒྱས་བློ་གྲོས། མཚན་ལྡན་བསོད་ནམས་ལྷུན་གྲུབ། སློབ་དཔོན་ ཆོས་རྒྱལ་མཚན། སྙིང་ཕུག ་ཀརྨ་བཟང་པོ། སྙིང་པོ་གྲུབ་མཆོག་བཟང་པོ། སྙིང་ཕུ་རིགས་འཛིན་དབང་པོ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། བྱ་ཁྱུང་པ་དཔལ་ལྡན་སེང་གེ །བྱ་ཁྱུང་པ་ཆོས་རྒྱལ་བཀྲ་ཤིས། བྱ་ཁྱུང་པ་བསོད་ནམས་རྒྱལ་པོ། བྱ་ཁྱུང་པ་པདྨ་རྣམ་རྒྱལ། སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་བྱ་ཁྱུང་པ་པདྨ་རྣམ་རྒྱལ་ནས། དེ་སྲས་པདྨ་བསྟན་འཛིན། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་མན་འདྲའོ། །ལྷ་སྲས་སྐྱེ་མཐའ་སྤྲུལ་སྐུ་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་གིས་ཀོང་པོ་རྒྱ་ལ་ལྦ་དོང་བར་པ་ཚེ་བདག་ནག་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་འཇམ་དཔལ་དཀར་ནག་ཁྲ་གསུམ་གྱི་སྐོར་གྱི་ཟབ་རྒྱ་དང་པོ་ཞི་བ་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་གཞོན་ནུ་ཆུ་སྐྱེས་སྦྲགས་པའི་སྒོ་ནས་དུག་ལྔ་རང་གྲོལ་སྐུ་ལྔ་ཡེ་ཤེས་སུ་རྗེས་སུ་གནང་བ། ལུས་ངག་ཡིད་གསུམ་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་སུ་རང་བཞིན་དུ་རྗེས་སུ་གནང་བ། མཐའ་རྟེན་གླེགས་བམ། གདུགས། ཕྱག་མཚན། དུང་། འཁོར་ལོ། སྒྲུབ་པོད། བརྒྱུད་མར་གྱི་རྗེས་སུ་གནང་བ་རྣམས་མནོས་ནས། རྒྱབ་རྟེན་ལུང་ལ། འཇམ་དཔལ་དཀར་
སེར་ཐུན་མོང་གི་སྐོར། ཡེ་ཤེས་སེམས་དཔའི་སྐོར། གཞོན་ནུ་ཆུ་སྐྱེས་ཀྱི་སྐོར་དང་གསུམ། དང་པོ་ནི། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མ་རིག་མུན་སེལ་གསལ་བའི་སྒྲོན་མེ་ཞེས་པ་སྟོད་ཆའི་ཚུལ་དང་རྗེས་གནང་གི་ཡི་གེ་སྨད་ཆར་བྱས་པ་སྒྲུབ་ཐབས་དང་རྗེས་སུ་གནང་བ་རྫོགས་སོའི་མཐའ་ཅན། གཉིས་པ་ཡེ་ཤེས་སེམས་དཔའི་སྐོར་ལས་དང་པོ། བྲིས་སྐུ་ལ་བརྟེན་པའི་རྩ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གསང་སྒྲུབ། བྲིས་སྐུའི་བསྐྱེད་ཆོག །གཉིས་པ་ལས་འཕྲིན་ལ། མཚན་ཡང་དག་པར་བརྗོད་པ་ལ། བརྟེན་ནས་ཐར་པ་དོན་དུ་གཉེར་ཞིང་གནས་སྐབས་དང་བར་དོ་གཤིན་རྗེའི་འཇིགས་སྐྱོབ། རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་ཕ་རོལ་ཆོམ་རྐུན་འཆིང་ཞིང་གནོད་པ་ལས་གྲོལ་བ། ཨཱ་ལི་བཅུ་དྲུག་ལ་བརྟེན་ནས་གཞན་དབང་དུ་བྱ་བ། ཀཱ་ལི་སོ་ལྔ་ལ་བརྟེན་ནས་ཚེ་བསྲིང་བ། རེའུ་མིག་ཞེ་དགུའི་སྦྱོར་བ་ལ་བརྟེན་ནས་ཕ་རོལ་གྱི་རིགས་སྔགས་བཟློག་པ། དེ་རྣམས་ཀྱི་དངོས་དང་མཚན་མའི་བརྟག་པ་དང་བཅས་པ། གསུམ་པ་གཞོན་ནུ་ཆུ་སྐྱེས་ཀྱི་སྐོར་ལ། རྩ་བའི་སྒྲུབ་པ། ཉེས་བྱས་འཇོམས་པ། ཡོན་ཏན་སྒྲུབ་པ། ངག་འགྲོལ་བ། གཞན་དང་རྩོད་པ་བྱ་བ། མ་ཤ་ལ་བརྟེན་པའི་ལས་སྦྱོར་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། འཕགས་པ་འཇམ་དབྱངས། དྲན་མཆོག་ཨོ་རྒྱན་ཆེན་པོ། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་གར་གྱི་དབང་ཕྱུག །བྱ་ཁྱུང་པ་དཔལ་ལྡན་སེང་གེ །གུ་རུ་ཆོས་རྒྱལ་བཀྲ་ཤིས། བླ་མ་དཔལ་འབར་དབང་ཕྱུག །བྱ་ཁྱུང་པ་ངག་དབང་པདྨ་རྣམ་རྒྱལ། རྒྱལ་དབང་པདྨ་བསྟན་འཛིན། རྒྱལ་བའི་སྲས་པོ་དཀོན་ཅོག་ཆོས་དབང་གྲགས་པ། ཟུར་ཁྱབ་བདག་ཆོས་དབྱིངས་
རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཟབ་རྒྱ་གཉིས་པ་འཇམ་དཔལ་ཞི་དྲག་ཕྱེད་མའམ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་སྐོར་ལ། བཀྲ་ཤིས་ཚེ་གཟན། ཚེ་རྟེན་རྡོ་རྗེ། སྲོག་རྟེན་མདའ། སྲོག་ལུས་དབང་ཐང་རླུང་རྟའི་རྟེན་བུམ་པ། དངོས་གྲུབ་ཀྱི་རྟེན་བདུད་རྩི། དངོས་གྲུབ་བླང་བ་དང་བཅས་པའི་དབང་ལེགས་པར་མནོས་ནས། ལུང་ལ། ཚེ་བདག་དམར་པོའི་ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་ཞེས་པ་བཅའ་གཞི། སྒྲུབ་པ་དངོས། ཚེ་འགུགས། བསྟོད་པ། དངོས་ཉམས་ཀྱི་རྟགས་དང་། ཞར་བྱུང་ཚེ་དབང་བསྐུར་བའི་ཆོ་ག་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་ཚེ་དབང་རྩལ་མན་གོང་ལྟར་རོ། །ཟབ་རྒྱ་གསུམ་པ་འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཚལ་བུ་བསྲུང་བཟློག་དོན་གྱི་མཐར་ཐུག་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གསང་བའི་ཡང་ཞུན་སྐོར་ལ། སྒོ་གསུམ་དྲི་མ་འདག་པ་བུམ་དབང་། ལྷ་འགྲུབ་བྱེད་སྐུ་དབང་། ལོག་འདྲེན་འདུལ་བ་ཕྱག་མཚན། ཡོན་ཏན་གཏེར་འབྱུང་ཕུར་དཔེ། འཕྲིན་ལས་ཀུན་འགྲུབ་འཕྲེང་ཐུན། སྒྲུབ་པ་ལས་སྦྱོར་གཏོར་མ་འབྲུབ་ཁུང་། འཕྲིན་ལས་བདག་པོར་འགྱུར་བ་རྡོར་དྲིལ་གྱི་བྱིན་རླབས་རྗེས་སུ་གནང་བ་མནོས་ནས། ལུང་ལ། གཏེར་གནས་གོང་མཚུངས་དངོས་བསྟན་དང་གཏེར་གནས་གཞན་ནས་སྤྱན་དྲངས་པའི་ཡིག་སྣ་སྟེ་གཉིས། དང་པོ་ལ། བསྙེན་པ། སྒྲུབ་པ། ལས་སྦྱོར་དང་གསུམ། དང་པོ་ནི། རང་ལུས་དཀྱིལ་འཁོར་ལ་བརྟེན་ནས་བསྙེན་པའི་ལས་རིམ། གཉིས་པ་སྒྲུབ་པ་ནི། བཅའ་གཞི་ལས་བྱང་ཞར་བྱུང་རྟགས་མཚན་དང་བཅས་པ་འཇམ་དཔལ་ནག་པོའི་ཐུགས་སྒྲུབ་ཨོ་རྒྱན་
གསུང་གི་སྲས་ལ་གཏོད་པའི་མཐའ་ཅན། གསུམ་པ་ལས་སྦྱོར་ལ། བསྲུང་བ་རྡོ་རྗེའི་གོ་ཁྲབ། ཟློག་པ་རལ་གྲིའི་འཁོར་ལོ། གསད་པ་ལས་ཀྱི་སྤུ་གྲི། ལས་ཚོགས་རྡོ་རྗེའི་ཕ་ལམ་ཞེས་པ་ལྟས་བརྟག་པ་དང་རྫས་བརྒྱད་ཅུ་རྩ་གཅིག་ལ་བརྟེན་ནས་སྟོབས་ལྡན་གྲིབ་འཇོམས་སྤྱི་དྲིལ་བསྲུང་བ། བྱེ་བྲག་གྲིབ་བསྲུང་། གྲིབ་འགོས་སེལ་བའི་གདམས་པ་དང་བཅས་པ་ཚེ་བདག་གསང་ཡིག་གི་གཞུང་ནས་བཏུས་པ། གསང་བ་གནད་ཀྱི་ཡིག་ཆུང་ལ། ཟློག་པ། གསད་པ། གྲིབ་བསྲུང་གི་འཁོར་ལོ་དང་། དམིགས་པའི་གདམས་པ་ཟབ་པའི་ཡང་སྙིང་ཡིག་ཆུང་དམར་བྱང་ཅན། བསྲུང་བཟློག་གསད་གསུམ་གྱི་གཤོར་བཅས་ཆོག་མ་གསང་བ་ཡང་ཕུར་དུ་གདམས་པ་ཞེས་པར་གཤོར་དཀར་པོ་བསྲུང་བ་སྐུ་གདུང་ལྔ་མ། གཤོར་ནག་པོ་བཟློག་པ་ཐོད་པ་བཞི་པ། གཤོར་ཁྲ་བོ་གསད་པ་ཕུར་བུ་གསུམ་པ། བྱད་མ་འབུམ་བཟློག་ཅེས་པ་བཅའ་བ་ཏིང་འཛིན་སྔགས་གསུམ་ཞར་བྱུང་རང་བསྲུང་སྒྲིབ་ཤིང་དང་བཅས་པ་རང་གཤེད་དབབ་པའི་བཟློག་ཡིག་གཤོར་གྱི་གདམས་པ་སྙིང་གི་དཀྱིལ་དུ་འཆང་བ་རྣམས། དཔེ་རིས་ལ། བསྲུང་བ་སྐུ་གདུང་ལྔ་པའི་འཁོར་ལོ། ཟློག་པ་ཐོད་པ་བཞི་པའི་འཁོར་ལོ། །གསད་པ་ཕུར་བུ་གསུམ་པའི་འཁོར་ལོ། །བནྡེ་དང་དབོན་པོ་གསོད་པའི་ལིང་ག་རེ། སྐུ་གདུང་། གཏོར་མ། ཐོད་པ་རྣམས་ཀྱི་ཤོག་ཁྲ་བཅས་པ། གཉིས་པ་གཏེར་གནས་གཞན་ནས་བྱོན་པ་ཡིག་སྣའི་སྐོར་ལ། དགྱེའོ་རོང་ཀླུ་བདུད་ཁ་གནོན་ནས་གདན་དྲངས་པ་ལ། གདོང་གི་གཤོར་དཀར་ནག་ཁྲ་གསུམ་གྱི་ཡིག་ཆུང་གསང་བ་ཐུགས་ཕུར་གྱི་གདམས་པ་གསང་བ་དཀྲུག་ཡིག་གི་ལྡེ་མིག་གསལ་བ་སྒྲ་རང་བསྒྱུར་དུ་
བཀོད་པ། རྒྱལ་དོང་ཁ་བར་མའི་གཏེར་མའི་བྱད་མར་རང་གཤེད་རང་ལ་དབབ་པ་ཙཀྲ་གཤིན་རྗེ་རྟ་རུ་ཞོན་ཅིང་གདན་དུ་འདིང་བའི་ཟབ་ཐིག་བཤན་པ་དམེ་རུ་ཙེ་ཞེས་པར་རྫས། དུས་ཚོད་ཚེས་གྲངས། ཙཀྲ་འདྲི་ཐབས། རབ་གནས། ལྟེབ་ལུགས། བཅང་ཐབས་ལས་སྦྱོར། མན་ངག་ཁ་བསྒྱུར། ལག་ལེན་དམར་ཁྲིད་དེ་དོན་བརྒྱད་ཀྱིས་བསྟན་པ་ཕྲད་ཤོག་གི་མཐའ་ཅན། དེའི་ཡིག་ཆུང་ཕ་རོལ་ཁྲག་ཏུ་སྐྱུག་པར་འགྱུར་བ། དམེ་རུ་ཙའི་གཤོར་དམར་ཆུང་རྣོ་ལ་ཟབ་པ། གཤིན་རྗེ་རྟ་ཞོན་གྱི་དཔེ་རིས། དེའི་རྒྱབ་ཏུ་དྲི་བའི་ཙཀྲ་བཅས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། ལག་ན་རྡོ་རྗེ། བདེ་བ་མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །འཕུང་བྱེད་ཤིནྟཾཾ་གྷརྦྷ། དྷ་ན་དྷ་ལ། ཨོ་རྒྱན་ཆེན་པོ་མན་གོང་བཞིན་ནོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་ཀོང་པོ་རྒྱལ་དོང་ཁ་ནས་སྤྱན་དྲངས་པའི་གཤིན་རྗེ་ཁ་ལ་མེ་འབར་བྱད་མའི་གཤེད་མ་དམ་ཉམས་ཕུང་བྱེད་ཀྱི་མཚོན་ཆའི་སྐོར་ལ་ནང་གསེས་ཀྱི་ཕྱག་ལེན་བཅའ་གཞི། མངོན་རྟོགས་ལས་བྱང་སངས་རྒྱས་བསྟན་བསྲུང་མ། བསྙེན་སྔགས། མདུན་བསྐྱེད་ལས་སྦྱོར། བསྐུལ་ཕྱོགས་ཕྱོགས་མ་དང་བཅས་པ་ཨོ་རྒྱན་གྱི་དགེ་སློང་པདྨ་འབྱུང་གནས་ཀྱིས་གཤིན་རྗེ་ཐམས་ཅད་ཀྱི་ལས་རྒྱ་མཚོའི་ནང་ནས་མན་ངག་གསེར་ཕུར་དུ་ཕྱུང་བ། དྲག་པོ་མེའི་ལས་མཐའ་གཅིག་གཤོར་ནག་པོ་འགྱུར་མེད་ལོག་རྡུགས་འཁྱམས་གསུམ་མི་སྲིད་པ་སྙིང་གི་དཀྱིལ་དུ་འཆང་བའི་མཐའ་ཅན། གཤིན་རྗེའི་སྐུ། ཐབ་ཁུང་། ལིང་ག །གཏོར་མའི་དཔེ་རིས་དང་བཅས་པ། ཡང་གཏེར་གནས་
དེ་ཉིད་ནས་སྤྱན་དྲངས་པའི་གཤིན་རྗེའི་གཤོར་ཕུང་བཤིག་བྱང་ཤིང་དམར་པོ་ལོ་མ་འགྱངས་པར་གྲོང་ཕུང་བར་འགྱུར་བ་དཔེ་རིས་དང་བཅས་པ་རྣམས་ཀྱི་ལུང་ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེའི་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །འཕུང་བྱེད་ཤིནྟཾ་གརྦྷ། དྷ་ན་དྷ་ལ། ཨོ་རྒྱན་པདྨ་ཐོད་འཕྲེང་། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། བྱ་ཁྱུང་པ་དཔལ་ལྡན་སེང་གེ །བདུད་འདུལ་སྔགས་པ། མི་འགྱུར་ཀུན་དགའ་དཔལ་བཟང་། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྗེ་ཀུན་དགའ་ཚེ་མཆོག་ནས། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་བསམ་ཡས་བྲག་དཀར་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའི་མཁའ་འགྲོ་ལས་བརྒྱ་རྩའི་སྐོར་ལ། ཆོས་ལོངས་སྤྲུལ་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས། གཏོར་མ་དང་རིགས་ལྔའི་ཕྱག་མཚན་གྱིས་འགྲོ་བ་འདུལ་བའི་དབང་མནོས་ནས་ལུང་ལ། སྒྲུབ་པ་དང་ལས་སྦྱོར་གཉིས། དང་པོ་ལ། མཁའ་འགྲོ་སྡེ་ལྔ་རྩ་བའི་སྒྲུབ་པ། ལྟ་སྒོམ་སྤྱོད་གསུམ་འབྲས་བུ་དམ་ཚིག་རྣམས་སྟོན་པའི་རྫོགས་རིམ་མདོར་བསྡུས། བྱིན་རླབས་བྱ་ཚུལ་རྣམས། གཉིས་པ་ལས་སྦྱོར་ལ། བརྒྱ་རྩ་བརྒྱད་ཡོད་པའི་དང་པོ་མཁའ་འགྲོ་དབང་སྡུད། གཉིས་པ་འཆི་སླུ། གསུམ་པ་ཚེ་སྒྲུབ། བཞི་པ་གཟི་བརྗིད་བསྐྱེད་པ། ལྔ་པ་ལུས་སྟོབས་འཕེལ་
པ། དྲུག་པ་བདེ་དྲོད་སྦར་པ། བདུན་པ་ལུས་མཉེན་པ། བརྒྱད་པ་ལུས་ཡངས་ཐབས། དགུ་པ་རྐང་མགྱོགས། བཅུ་པ་མིག་གསལ་བྱེད། བཅུ་གཅིག་པ་མིག་མི་ཕྱིད་པ། བཅུ་གཉིས་པ་རྐང་ལག་མི་ཕྱིད་པ། བཅུ་གསུམ་པ་ལྷམ་མི་དགོས་པ། བཅུ་བཞི་པ་ལུས་ལ་དྲི་བཟང་མནམ་པ། བཅོ་ལྔ་པ་མཆན་འོག་གི་དྲི་ངན་དབྱུང་བ། བཅུ་དྲུག་པ་སྣང་བ་དབང་སྡུད། བཅུ་བདུན་པ་རྒྱལ་པོ་དང་ཡུལ་ཁམས་དབང་སྡུད། བཅོ་བརྒྱད་པ་ཁྲམ་དབང་སྡུད། བཅུ་དགུ་པ་མ་དད་པ་དབང་སྡུད། ཉི་ཤུ་པ་བུད་མེད་དབང་སྡུད། ཉེར་གཅིག་པ་དེ་དག་འགྲོལ་བ། ཉེར་གཉིས་པ་ཕོ་དབང་སྡུད། ཉེར་གསུམ་པ་ནོར་དབང་སྡུད། ཉེར་བཞི་པ་ཟས་དབང་སྡུད། ཉེར་ལྔ་པ་སྲིས་རྨེ་བ། ཉེར་དྲུག་པ་ཟས་ཀྱི་སྦྱིན་སྲེག །ཉེར་བདུན་པ་ཌཱ་ཀི་ལག་བསྒུལ། ཉེར་བརྒྱད་པ་དོན་གཉེར་འགྲུབ་པ། ཉེར་དགུ་པ་རྨི་ལམ་བརྟག་པ། སུམ་ཅུ་པ་ལོངས་སྤྱོད་ཕུན་ཚོགས། སོ་གཅིག་པ་མཛེས་མ་རྒྱན་འཁོར། སོ་གཉིས་པ་མི་བྱམས་པ་བྱམས་པ། སོ་གསུམ་པ་གོས་དབང་སྡུད། སོ་བཞི་པ་མི་ཁ་མི་འབྱུང་བ། སོ་ལྔ་པ་སྐད་བདེ་བ། སོ་དྲུག་པ་སྙན་གྲགས་སྒྲུབ་པ། སོ་བདུན་པ་རང་འདོད་གྲོགས་ཕྲད། སོ་བརྒྱད་པ་རྩོད་པ་རྒྱལ་བ། སོ་དགུ་པ་ཚོང་རྒྱལ་བ། བཞི་བཅུ་པ་ཤོ་རྒྱན་རྒྱལ་བ། ཞེ་གཅིག་པ་སྡིག་ཅན་ཆོས་ལ་འཛུད་པ། ཞེ་གཉིས་པ་ཁྲོམ་གཡོ་བ། ཞེ་གསུམ་པ་ཁྲོམ་བསྲུང་བ། ཞེ་བཞི་པ་རླུང་གཡོ་བ། ཞེ་ལྔ་པ་རླུང་གནོན། ཞེ་དྲུག་པ་ཆར་འབེབས། ཞེ་བདུན་པ་ཆར་གཅོད། ཞེ་བརྒྱད་པ་སེར་བསྲུང་། ཞེ་དགུ་པ་ཐོག་བསྲུང་། ལྔ་བཅུ་པ་བསྲུང་སྐུད་གདགས་པ། ང་གཅིག་པ་མཚོན་བསྲུང་། ང་གཉིས་པ་སྡེ་བརྒྱད་བསྲུང་བ། ང་གསུམ་པ་སྨྱོ་འདྲེ་བསྲུང་བ། ང་བཞི་པ་འདྲེ་
གདོན་བསྐྲད་པ། ང་ལྔ་པ་འདྲེ་གདོན་གཟིར་བ། ང་དྲུག་པ་བགེགས་ཆེན་བསྲུང་བ། ང་བདུན་པ་མནའ་ཆད་བཟློག་པ། ང་བརྒྱད་པ་ཕྱོགས་ངན་བསྲུང་བ། ང་དགུ་པ་སྟེང་གདོན་བསྲུང་བ། དྲུག་ཅུ་པ་འོག་གདོན་བསྲུང་བ། རེ་གཅིག་པ་གཏད་འགྲོལ། རེ་གཉིས་པ་ཐེའུ་བྲང་བསྲུང་བ། རེ་གསུམ་པ་གཉན་ནད་བསྲུང་བ། རེ་བཞི་པ་འགོ་ནད་བསྲུང་བ། རེ་ལྔ་པ་རིགས་སྔགས་བཟློག་པ། རེ་དྲུག་པ་བསམ་སྦྱོར་ངན་བཟློག །རེ་བདུན་པ་ཞོ་ཆང་བསྲུང་བ། རེ་བརྒྱད་པ་རྐུན་མ་བསྲུང་བ། རེ་དགུ་པ་གཅན་གཟན་བསྲུང་བ། བདུན་ཅུ་པ་གདོང་སར་འགྲུལ་བསྲུང་། དོན་གཅིག་པ་ཤྭ་བཟློག །དོན་གཉིས་པ་ནད་པ་བྱིན་རླབས། དོན་གསུམ་ཇག་འཆིང་། དོན་བཞི་པ་གསོན་འདྲེ་ཁ་འཆིང་། དོན་ལྔ་པ་ཤི་འདྲེ་མནན་པ། དོན་དྲུག་པ་ཤ་ཟ་ཌཱ་ཀི་གནད་འབེབས། དོན་བདུན་པ་གྲིབ་སེལ། དོན་བརྒྱད་པ་གྲིབ་བསྲུང་། དོན་དགུ་པ་ངག་འགྲོལ། བརྒྱད་ཅུ་པ་ཤེས་རབ་འཕེལ་བ། གྱ་གཅིག་པ་སྲིད་སྤེལ། གྱ་གཉིས་པ་ལྟེ་བསྒྱུར། གྱ་གསུམ་པ་སྐྱེ་བ་དགག་པ། གྱ་བཞི་པ་ཡེ་ཤེས་ཌཱ་ཀི་བརྟག་པ། གྱ་ལྔ་པ་པྲ་འབེབས། གྱ་དྲུག་པ་ལ་ཉེ་བརྟག་པ། གྱ་བདུན་པ་ཡེ་ཤེས་དབབ་པ། གྱ་བརྒྱད་པ་ཡེ་ཤེས་གཤེགས་གསོལ། གྱ་དགུ་པ་ཁྱིས་མི་རྨུག་པ། དགུ་བཅུ་པ་མངོན་ཤེས་སྒྲུབ་པ། གོ་གཅིག་པ་རྡོ་ལ་རང་འབྱོན། གོ་གཉིས་པ་གཏོར་མ་འཁོལ་བ། གོ་གསུམ་པ་བུམ་ཆུ་མི་འཁྱགས་པ། གོ་བཞི་པ་གཏོར་མ་ཁྲག་སྒྱུར། གོ་ལྔ་པ་གྲུ་མི་འཇིག་པ། གོ་དྲུག་པ་དགྲ་བོ་སྲོག་འཕྲོག་པ། གོ་བདུན་པ་དགྲ་བོ་བསྐྲད་པ། གོ་བརྒྱད་པ་མཛའ་བོ་དབྱེ་བ། གོ་དགུ་པ་སྨྱོར་བཞུག་པ། བརྒྱ་ཐམས་པ་དེ་དག་འགྲོལ་བ། བརྒྱ་གཅིག་པ་མྱོས་པར་བྱེད་པ། བརྒྱ་གཉིས་པ་ཆོ་འཕྲུལ་གཏང་བ། བརྒྱ་གསུམ་པ་དེ་
འགྲོལ་བ། བརྒྱ་བཞི་པ་བསོད་ནམས་ཉམས་བྱེད། བརྒྱ་ལྔ་པ་དགྲ་ངག་ལྐུགས་བྱེད། བརྒྱ་དྲུག་པ་མི་ཁ་གཏོང་བ། བརྒྱ་བདུན་པ་སྤྲུལ་པ་འདུལ་བ། བརྒྱ་བརྒྱད་པ་མཛེ་ནད་གཏོང་བ་དང་འགྲོལ་ཐབས་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་མཁའ་འགྲོ་སྡེ་ལྔ། སྤྲུལ་སྐུ་པདྨ་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རྒྱལ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། གྲུབ་ཆེན་དར་མ་བཟང་པོ། འཕགས་དཔོན་དཔལ་འབྱོར་རྒྱ་མཚོ། ཀོང་ཆེན་ནམ་མཁའ་དཔལ་ལྡན། མཁས་གྲུབ་ཀུན་དགའ་དཔལ་བློ། གྲུབ་ཆེན་དཔལ་འབྱོར་བློ་གྲོས། བླ་མ་སངས་རྒྱས་བློ་གྲོས། གྲུབ་མཆོག་ཀརྨ་གསང་སྔགས། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །སྤྲུལ་པའི་གཏེར་སྟོན་གར་གྱི་དབང་ཕྱུག་གིས་པུ་རི་རིན་ཅེན་འབར་བའི་ལོགས་མཁའ་འགྲོ་མངོན་སྤྱོད་རྣམ་པར་གནས་པའི་ཕོ་བྲང་བྲག་རི་འབར་བ་རལ་གྲི་གཤིབས་པ་ལྟ་བུ་བུ་རི་ཕུག་མོ་ཆེ་ནས་ལ་ཆས་གཏུམས་པའི་སྨྱུག་སྦུབས་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་ཆེན་རླུང་གི་ཞགས་པ་ཁམས་གསུམ་དབང་སྡུད་སྐོར་ལ། རྩ་བསྙེན་སྒྲུབ་པ། དམིགས་བསལ་རྫས་སྔགས་ལས་ཕྲན། སྒོས་སྒྲུབ་དང་གསུམ། དང་པོ་ལ། ལྷོ་ཕྱོགས་གྱད་ཡུལ་མེ་རི་འབར་བའི་རྩེར་དབང་ཕྱུག་ཡབ་ཡུམ་གྱིས་ཨོ་རྒྱན་ཆེན་པོ་ལ་སྲོག་སྙིང་ཕུལ་བའི་ལོ་རྒྱུས་ཐོ་ཡིག །བསམ་ཡས་མངའ་གསོལ་གྱི་ཚེ་གཟའ་མིག་དམར་གྱི་སྤྲུལ་པ་མཆིམས་རྡོ་རྗེ་སྤྲེ་ཆུང་གིས་སློབ་དཔོན་ཆེན་པོར་གདམས་པ་ཞུ་པའི་ལོ་རྒྱུས། དབང་སྡུད་ལས་ཀྱི་འཁོར་ལོ་ཞེས་པར་རྣམ་གྲངས་ལྔ་ཚན་གཉིས་གསུངས་པའི་
ནང་གི་ཕོ་དབང་སྡུད་ཀྱི་བསྙེན་པ་ཐམས་ཅད་དབང་དུ་འགྱུར་རོའི་མཐའ་ཅན། མོ་དབང་སྡུད་བུད་མེད་ལྟ་བུ་ལྟ་ཅི་སྨོས་པའི་མཐའ་ཅན། དབང་སྡུད་འཁོར་ལོ་དྲག་པོ་ཞེས་པ་མ་གྲོགས་བྲན་གསུམ་ལས་མ་ལྟར་བསྟེན་པའི་གདམས་པ་སྙིང་དང་འདྲ་བ་གཅིག་ལ་གཏོད་པའི་མཐའ་ཅན། ཕྱི་རྒྱ་སྐྱེགས། ནང་ཙནྡན། གསང་བ་ཟངས་ཀྱི་སྲིད་མེས་སོ་སོར་བཅའ་ཐབས་ཕྱི་ནང་གསང་སྒྲུབ་ཟབ་རྒྱའི་མཐའ་ཅན། རྟེན་གསུམ་གཅིག་ཏུ་དྲིལ་ནས་ལྷ་སྒོམ་བསྙེན་པ་བྱ་བ་དབང་ཕྱུག་ལ་མུ་སྟེགས་ཌཱ་ཀི་བཞིས་བསྐོར་བ་གར་བྱེད་འཁྲབ་པར་བྱུང་བའི་མཐའ་ཅན། གཏོར་མ་རི་རབ་ནོར་བུ་མིག་གསུམ་པའི་དཔེ་རིས། རྟེན་གསུམ་གྱི་སྙིང་པོ་ཕྱི་ཉི་ཟླ་རླུང་གི་འཁོར་ལོ་ལ་བརྟེན་ནས་གྲགས་པ་བསྒྲུབ་པ། ནང་ནོར་བུ་བསམ་འཕེལ་གྱི་འཁོར་ལོས་ཟས་ནོར་བསྒྲུབ་པ། གསང་བ་སྣང་བ་དབང་སྡུད་ཀྱི་འཁོར་ལོས་ཕོ་མོ་བསྡུ་བ། དེ་གསུམ་གྱི་འཁོར་ལོ་དང་དབང་རྟེན་གྱི་དཔེ་རིས། ཕོ་མོ་རྐྱང་འདེད་ཀྱི་སྒྲུབ་པ། ཏིང་ངེ་འཛིན། རྫས། སྔགས་གསུམ་བརྟེན་ནས་སྐྱེས་པ་བྲན་ལྟར་བཀོལ་བ། རྫས་སྔགས་ཏིང་འཛིན་གསུམ་གྱིས་བུད་མེད་དབང་དུ་བསྡུ་བ། རཏྣའི་གཏེར་མར་འདི་ལན་རི་འཕར་དུ་འཇུག་ཟེར་བ་འདུག །རྫས་དང་འཁོར་ལོར་བརྟེན་པའི་ནོར་བུ་བསམ་འཕེལ་ཕྱི་སྒྲུབ་དཔྲལ་བའི་མིག་ལས་གཅེས་པ། སྲེག་པའི་སྦྱོར་བས་ནོར་བུ་བསམ་འཕེལ་ནང་ལྟར་སྒྲུབ་པ་དངོས་གྲུབ་སྣ་ཚོགས་སྟེར་པ། ལྷ་སྔགས་རྟེན་གསུམ་གྱིས་ནོར་བུ་བསམ་འཕེལ་གསང་བ་ལྟར་བསྒྲུབ་པ། སྣང་སྲིད་བྲན་དུ་འགྱུར་བ་ཞར་བྱུང་རྟགས་དང་བཅས་པ། མུ་སྟེགས་རླུང་གི་ཞགས་པ་མ་ཧཱ་དེ་ཝ་ཡབ་ཡུམ་གྱི་གསང་བའི་རྟེན་བཅའ་བ། རིན་ཅེན་གཏེར་གྱི་སྒྲུབ་པའི་པཱུ་ཛ་དབུལ་བ། ཞལ་ཟས་དུས་གསུམ་ཕུལ་ནས་སིདྡྷི
བླང་བ། བསྟོད་པ་བྱ་ཞིང་ང་རྒྱལ་བསྐྱེད་པ། རྩ་བའི་སྔགས་བཟླ་བ་སྟེ་དོན་ལྔས་བསྟན་པ། ཞར་བྱུང་དབང་ཕྱུག་ཡབ་ཡུམ་གྱི་མངོན་རྟོགས། ཡབ་ཡུམ་གྱི་སྐུ་འབག །དབང་རྟེན། ཟངས་གཞོང་བཅས་པའི་དཔེ་རིས། རྩ་སྔགས། ནོར་སྒྲུབ། དབང་སྡུད་སྤྱི། འཇིག་རྟེན། གྲོགས་ལྟར་བརྩེ་བ། བྲན་དུ་བཀོལ་བ། སྐྱེས་པ་སྲོག་འཕྲོག །མཆོད་གཏོར། དངོས་གྲུབ་ཞུ་བ། ལས་སྦྱོར་རྣམས་ཀྱི་སྔགས་ཀྱི་ཏི་ཀ་ཞལ་གདམས་གབ་ཡིག་མ། ཕ་ཝང་ལོང་བུ་དང་སྲེ་མོའི་ཐོད་པར་བརྟེན་པའི་མི་འགྲུབ་མི་སྲིད་པའི་གདམས་པ། དམངས་རྣམས་དབང་དུ་བསྡུ་བའི་ཏི་ཀ་གསལ་བྱེད་ཁོལ་དུ་བྱུང་བ་ཚངས་པ་ཆེན་པོས་གསུངས་པ་རྣམས། གཉིས་པ་མིག་གསལ་རྫས་སྔགས་ལས་ཕྲན་ལ། དབང་སྡུད་འཁོར་ལོ་དྲག་པོ་རྣམ་པ་དྲུག་གིས་བསྟན་པ་ཞེས་པར་ནང་གསེས་ཀྱི་སྐྱེས་པ་དབང་དུ་བསྡུ་བ་ལ་གྲོགས་ལྟར་བརྩེ་བ། བྲན་ལྟར་བཀོལ་བ། སྲོག་འཕྲོག་པ་གསུམ། དེའི་ལིང་འཁོར་སྤྲེལ་ཐོད། གཡག་རུ་རྣམས་ཀྱི་དཔེ་རིས། ཡུལ་ཁམས་དབང་དུ་བསྡུ་བ་སོ་ཕག་ཤི་ཐམ་གྱི་མཐའ་ཅན། དེའི་འཁོར་ལོའི་དཔེའུ་རིས། གཞན་ཡང་ནོར། རྒྱལ་པོ། བློན་པོ། དམངས། བུད་མེད་སོགས་གང་འགུགས་ལ་གོང་གི་ཕོ་དབང་སྡུད་གསུམ་ཁ་བསྒྱུར་བ་དང་མ་འགྲུབ་ན་ཡུལ་ཁམས་དབང་སྡུད་ཀྱི་འཁོར་ལོ་བསྐོར་ཞིང་སྒྲུབ་པ་ཐམས་ཅད་ལ་དབང་རྟེན་ལིངྒ་བྱེད་ཚུལ་སྒྲུབ་པའི་རྟགས་དང་བཅས་པ་རིན་ཅེན་གཏེར་དུ་སྦས་པའི་མཐའ་ཅན་དཔེ་རིས་དང་བཅས་པ། མུ་སྟེགས་རླུང་ཞགས་ཀྵེ་ཏྲ་པཱ་ལའི་སྒོ་ནས་ནོར་དབང་སྡུད། གང་འགུགས་ལིངྒ་བཅའ་བ། རྒྱལ་པོ། བློན་པོ། རྗེ་བཙན། བནྡེ། བོན་པོ། ཕྱུག་པོ། དམངས། བུད་མེད་སོགས་
ལ་སྔགས་ཀྱི་གྲངས་བསྟན་པ་དང་། རྟེན་ལུས་ལ་བཅང་ཞིང་རྒྱུན་སྔགས་འདྲེན་ཚུལ་སོགས་བསྟན་པ་དུས་མཐའི་འགྲོ་བ་དམུ་རྒོད་བདེ་ལ་དགོད་པའི་མཐའ་ཅན། དབང་རྟེན་དང་ལིངྒའི་དཔེ་རིས། མཛེ་ནད་གསོ་བ་ཀླུ་དང་ས་བདག་གི་ནད་ལས་ཐར་བྱེད། དུང་ལ་བྲག་གི་གཏེར་མ་ཡིན་ཟེར་བ་འདུག །ཐུན་རྫས་ཀྱིས་ཡུལ་ཁམས་དབང་དུ་བསྡུ་བ་གསང་བའི་ཡང་ཁོལ་གསེར་ཕུར་ལག་ལེན། རྒྱལ་པོ་དབང་དུ་སྡུད་པའི་མན་ངག་གསེར་ཕུར་མཆོག་ཏུ་གདམས་པ་རྣམས། གསུམ་པ་སྒོས་སྒྲུབ་ལ། ནོར་དང་བསོད་ནམས་འཕེལ་བ་གནོད་སྦྱིན་གང་བ་བཟང་པོའི་སྒྲུབ་པ། འབྲུ་ནོར་དབང་དུ་བྱེད་པ་ཛམྦྷ་ལའི་སྒྲུབ་པ་སྙིང་གི་ནོར་བུ། ཟས་ནོར་བསོད་ནམས་ལོངས་སྤྱོད་དབང་བྱེད་ཨ་པ་ར་ཙིཏྟའི་སྒྲུབ་པ། ནོར་དང་ཡོ་བྱད་དབང་དུ་བྱ་བ་སོགས་མ་མེད་ཁྱེའུ་སྔོན་པོའི་སྒྲུབ་པ། ཟས་ནོར་དབང་དུ་བྱ་བ་ཁྱེའུ་ཆུང་ནོར་རྒྱུན་གྱི་སྒྲུབ་པ། དེ་རྣམས་ཀྱི་བཅའ་གཞི་དཔེ་རིས། གདམས་པའི་ཆེ་བ་སྐལ་ལྡན་སྐྱེས་བུའི་ལུང་བྱང་གོང་འོག་གཏེར་སྲུང་གི་གཏད་རྒྱ་དང་བཅས་པ་རྣམས་སོ། །རྩེ་ཆེན་བྲག་ནས་སྤྱན་དྲངས་པའི་འཇིག་རྟེན་དབང་ཕྱུག་དམར་པོའི་གདམས་པ་ཡང་ཟབ་གུད་དུ་ཕྱུང་བ་ལྷ་ཆེན་འོ་མའི་རྒྱ་མཚོ་ལས་མར་གྱི་སྙིང་པོ་ལྟ་བུ་མེ་ལྕེའི་ལྕགས་ཀྱུའི་སྐོར་ལ། དབང་རྟེན་གྱིས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་དབང་། ཕྱག་མཚན་གྱིས་སྲིད་པ་གསུམ་ལ་དབང་སྦྱོར་ཐོབ་པའི་དབང་། སྔགས་དང་གཏོར་མའི་རྗེས་གནང་རྣམས་མནོས་ནས། ལུང་ལ། རྩ་བ་ལག་ལེན་ལས་སྦྱོར་གསུམ། དང་པོ་ལ། དབང་སྡུད་ཡང་ཟབ་མྱུར་མགྱོགས་མའི་ལྕགས་ཀྱུས་གཞུང་སྒྲུབ་གབ་པ་མངོན་ཕྱུང་མུ་ཏིག་འཕྲེང་བ། ལྷ་ཆེན་དྲག་པོ་འཇིག་རྟེན་དབང་ཕྱུག་གི་རྗེས་སུ་གནང་བ་གཏད་པའི་
ཆོ་ག །གཉིས་པ་ལག་ལེན་ནི། འཇིག་རྟེན་དབང་ཕྱུག་དམར་པོའི་ལས་ཕྲན་ལག་འཁྲིད་མངོན་དུ་ཕྱུང་བ་རྒྱུན་འཁྱེར་གྱི་གདམས་པའོའི་མཐའ་ཅན། དེའི་ཕོ་མོའི་ལིང་ག་དབང་རྟེན་བཅས་པའི་དཔེ་རིས། གསུམ་པ་ལས་སྦྱོར་ལ། དབང་སྡུད་ལས་ཀྱི་མདེའུ་ཐུང་། ཡང་ཟབ་གནད་དུ་དྲིལ་བ་རླུང་འཁོར་གྱི་ལས་སྦྱོར། དབང་ཕྱུག་ཆེན་པོའི་ལས་རླུང་སྲོག་གི་འཁོར་ལོའི་ཕྱི་ནང་གསང་བའི་བྲི་ཡིག་ལེགས་པར་གྲུབ་པར་བྱའོའི་མཐའ་ཅན། རླུང་འཁོར་ཕྱི་ནང་གསུམ་གྱི་འཁོར་ལོའི་དཔེ་རིས། དབང་ཕྱུག་ཆེན་པོའི་སྲོག་གནད་བླ་རྡོའི་མན་ངག །དེའི་དཔེ་རིས། གནད་འབེབས་དབང་ཕྱུག་སྲོག་རྩ་དམར་འབྱིན། འཁྲུལ་འཁོར་དམིགས་པའི་ལས་སྦྱོར་མདེའུ་ཐུང་ཟབ་རྒྱ། དབང་སྡུད་གཏོར་མའི་ལས་སྦྱོར། རི་རབ་ནོར་བུ་མིག་གསུམ་དང་། དབང་རྟེན་དུ་འཇུག་རྒྱུའི་འཁོར་ལོའི་དཔེ་རིས། བྱིན་རླབས་ལག་བསྒུལ་གྱི་ལས་སྦྱོར། དཔུང་པ་གཡས་གཡོན་དུ་གདགས་རྒྱུའི་འཁོར་ལོའི་དཔེའུ་རིས། དབང་སྡུད་རྫས་ཀྱི་ལས་སྦྱོར། རྟེན་འབྲེལ་རྒྱུན་གྱི་ལས་སྦྱོར། དབང་ཕྱུག་དྲག་པོའི་མཚོན་ཆ། སྡིག་ཅན་སྒྲོལ་བའི་ངན་སྔགས་སྲོག་གི་སྤུ་གྲི། སྒྲུབ་པའི་སྒབ་འདྲེ་གནོད་བྱེད་ཤནྟ་རཀྴ་གནོན་པ། བསྐྲད་པ། ལིང་འཁོར་གྱི་དཔེ་རིས་དང་བཅས་པ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། མཆིམས་རྡོ་རྗེ་སྤྲེ་ཆུང་། གཏེར་སྟོན་སངས་རྒྱས་གླིང་པ། བྱ་ཁྱུང་པ་དཔལ་ལྡན་སེང་གེ །བླ་མ་ཆོས་རྒྱལ་བཀྲ་ཤིས། རིགས་འཛིན་དཔལ་འབར་དབང་ཕྱུག །ངག་དབང་པདྨ་རྣམ་རྒྱལ། རྒྱལ་དབང་པདྨ་བསྟན་འཛིན། འབྲི་གུང་པ་རིགས་
འཛིན་དཀོན་ཅོག་ཕུན་ཚོགས། དེ་གཉིས་ཀ་ལ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱིས་གསན། དེ་ལ་ཁྱབ་བདག་ཁྲ་ཚང་བ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་སྟོན་སངས་རྒྱས་གླིང་པས་འོད་ཤོད་རླུང་སྒྲོམ་ནས་གདན་དྲངས་པའི་རྫས་སྔགས་སྐུ་གཟུགས་ལ་བརྟེན་ནས་གཟའ་རྒོད་ཐང་ལ་འབེབས་པའི་གདམས་པ་གསེར་ལས་དཀོན་པ་ཞུ་རྟེན་མེད་པར་མི་སྦྱིན་པའི་མནའ་རྒྱ་ཅན། ཡང་དེ་དང་འདྲ་མིན་གཅིག་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། གསང་བའི་བདག་པོ། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། སྤྲུལ་སྐུ་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ་ནས་རིམ་པར། སློབ་དཔོན་ཚེ་དབང་ནོར་རྒྱས། ཁྱབ་བདག་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །གཏེར་སྟོན་སངས་རྒྱས་གླིང་པས་ཀོང་པོ་རྩེ་ཆེན་བྲག་ནས་སྤྱན་དྲངས་པའི་རྣམ་སྲས་སེང་ཆེན་གྱི་སྐོར་སོགས། ཚོམ་བུའི་དཀྱིལ་འཁོར་དུ་རྗེས་གནང་། རིགས་གཏད་ཀྱི་ཡི་གེའི་སྟེང་ནས་སྔོན་འགྲོ་སྣོད་དུ་རུང་བ་སྐུ་གསུང་ཐུགས་ཀྱི་རྗེས་གནང་། དངོས་གཞིའི་བུམ་དབང་། རྡོ་རྗེ། རིན་ཅེན། པདྨ། འཁོར་ལོ། རྒྱལ་མཚན། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་རྣམས་ཀྱིས་སྣང་སྲིད་ཐམས་ཅད་ཀྱི་བདག་པོར་འགྱུར་བའི་དབང་། མཐའ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་བརྒྱད། ཁྱེའུ་ཕོ་མོ། ལྷ་བཤོས། འདོད་ཡོན་ལྔ། རིན་ཅེན་ལྔ་རྣམས་ཀྱིས་རྒྱལ་པོ་ཆེན་པོ་དང་མངའ་ཐང་ལོངས་སྤྱོད་མཉམ་པ། ལྷ་དབང་གིས་བྱིན་གྱིས་བརླབ་པ། གླེེགས་བམ་འཕྲེང་བའི་བཟླས་ལུང་ལ་བཀའ་གཏད་དང་བཅས་ལེགས་པར་མནོས་ནས་ལུང་ལ་
རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐེམས་བྱང་དཀར་ཆག་ཡིད་བཞིན་ནོར་མཆོག །རྩ་བའི་རྒྱུད་ལེའུ་བཞི་པ་པཎྚི་ཏ་པདྨ་འབྱུང་གནས་ཀྱིས་བསྒྱུར་བ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུའི་རྒྱུད་ཀྱི་རྒྱུད་དམ་བཤད་པའི་རྒྱུད་ལེའུ་བརྒྱད་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུའི་རྒྱུད་ཕྱི་མའི་ཕྱི་མ་ཉེ་བར་བསྡུས་པའི་ལེའུ་གསུམ་པ། ཕྱི་དཀར་གསུམ་མངར་གསུམ་དང་རྒྱལ་མཚན། ནང་གཏོར་མ་ཐང་སྐུ། གསང་བ་སེང་ལྡེང་གི་སེང་གེ་དང་ཁྱི་དཀར་གྱི་སྙིང་ལ་བརྟེན་ནས་བསྒྲུབ་པའི་རྣམ་ཐོས་སྲས་སམ་གནོད་སྦྱིན་ནོར་འཛིན་གྱི་རྩ་བའི་སྒྲུབ་ཐབས་པཎྜི་ཏ་པདྨ་འབྱུང་གནས་ཀྱིས་བསྒྱུར་བ། དར་འདམ་ལ་བརྟེན་ནས་སྐུ་བཞེངས་པའི་མན་ངག་ཨོ་རྒྱན་སྙིང་གི་ཚལ་པ། རྫའི་གའུ་ལ་བརྟེན་ནས་རྒྱལ་པོ་རྣམ་ཐོས་སྲས་ཞི་བ་ནོར་དུ་བསྒྲུབ་པ། ཁྱི་དཀར་ཐོད་ལིང་ལ་བརྟེན་ནས་དྲག་པོ་མཐུ་རུ་བསྒྲུབ་པ། དེའི་ལས་ཕྲན་ལྟས་ངན་གཏོང་བ་ཕོ་ཉ་བྱ་མགོ་མ། བཟློག་གསད་ལྷ་འདྲེ་ཁ་འཆིང་། གྲོང་ཁྱེར་རླུང་ལ་བསྐུར་བའི་ཁང་སེལ་བླ་གཞིས་རླག་བྱེད། ཕུང་གཏད་ཕག་ཐོད་མ། གོང་གི་ཞི་བ་ནོར་སྒྲུབ་ཀྱི་ལས་ཕྲན་དུ་གཏོགས་པའི་གའུ་ལ་བརྟེན་ནས་རྣམ་ཐོས་སྲས་གནོད་སྦྱིན་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་རིན་ཅེན་གཏེར་འབུམ། རྐུན་ལག་ལ་བརྟེན་ནས་ནོར་སྒྲུབ་སྲིན་པོ་ནོར་ལེན། སྲེ་མོའི་རླིད་བུ་ལ་བརྟེན་ནས་ནོར་སྒྲུབ་ནེའུ་ལེ་རྫས་ཀྱི་ནོར་བུ། སྲེ་མོའི་སྙིང་ལ་བརྟེན་ནས་སྙིང་སྒྲུབ་རིག་པའི་ནོར་ལེན། གོང་དུ་བཤད་པའི་གདམས་པ་རྣམས་ཀྱི་ལོ་རྒྱུས་ཐེབས་ཀྱི་ཁོག་འབུབས། ལྟེ་བསྒྱུར་སྲིད་པའི་སྐྱེ་གནས་ཀྱི་སྲོག་ཤིང་། རྟེན་འབྲེལ་གྱི་ཆེ་བས་སྲིད་ཆགས་ཤིང་དེ་ཡང་ཕོར་འགྱུར་བའི་ལྟེ་བསྒྱུར། བསེན་མོ་སྲོག་མོ་འདྲེ་འདུལ་བ། ཕོ་འདྲེ་རྒྱལ་འགོང་བསྲུང་འདུལ། དབང་སྡུད་ཀྱི་ནང་ཚན་འཁོར་
ལོས་ཕོ་མོ་དབང་དུ་བསྡུ་བ། ཐིག་ལེས་ཕོ་མོ་དབང་དུ་བསྡུ་བ། ཕུག་རོན་གྱི་རྫས་ཀྱིས་བུད་མེད་དབང་དུ་བསྡུ་བ། མོ་གཤམ་ལ་བུ་སྐྱེ་བ་ཡུར་བསྐམ་ཆུ་འབེབས། བུ་དང་ཤ་མ་འབྱིན་པ་ནད་ཐམས་ཅད་ཞི་བ། འགོ་ནད་ཞི་བ། མིག་ནད་སེལ་བ། རྒྱུ་ནད་སེལ་བའི་སྨན་སྔགས། ལྷོག་སྔགས། བགེགས་ལས་རྒྱལ་བ། འབྱུང་པོའི་འཚེ་བ་འཇོམས་པ། རྣམ་ཐོས་སྲས་ཀྱི་འཕྲིན་ལས་དོན་བརྒྱད་མ་སངས་རྒྱས་གསང་བས་མཛད་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་རིགས་གཏད་པའི་ཆོ་ག་དོན་བདུན་གྱིས་བསྟན་པ། རྣམ་ཐོས་སྲས་ཀྱི་ཕྱི་ནང་གསང་གསུམ་གཏེར་གྱི་བང་མཛོད་ཅེས་པ་ཕྱི་གའུ་ལ་བརྟེན་ནས་སྒྲུབ་པ། ནང་གཏོར་མ་ལ་བརྟེན་ནས་བསྒྲུབ་པ། གསང་བ་ཙཀྲ་ལ་བརྟེན་ནས་བསྒྲུབ་པ། སྲོག་འཕྲོག་པར་བྱེད་པའི་འདྲི་བ་དང་སྒོམ་པའི་འཁོར་ལོ། དམ་ཚིག་བསྟན་པ། གནད་དབབ་ལ་ནང་གསེས་ཀྱི་འཁོར་ལོ་བསྐོར་བ། བླ་རྡོ་བཅང་བ། སྦྱིན་སྲེག་བྱ་བ། གཏོར་མས་འགུགས་པ། མདེ་ཐུང་སྐོར་ལ། བྲིས་སྐུའི་ལས་མཐས་གཡུལ་རྒྱལ་བ། ཡམས་ནད་རྒྱུན་གཅོད། མུ་གེ་ཞི་བ། འཁྲུག་པ་ཞི་བ། ཆར་འབེབས། ཤྭ་བུད་བསྲུང་བ། ཇག་པ་ཆོམ་རྐུན་བསྲུང་བ། སེང་ལྡེང་བེ་ཅོན་གྱིས་འདོད་དོན་བསྒྲུབ་པ། དངོས་གྲུབ་ཀྱི་བར་གཅོད་སྒབ་འདྲེ་ཤེས་པ་དཀར་པོ་གནོན་པ། རྟ་སྔོན་པོའི་རྟེན་གཞུག་པ། ཕྱི་བླ་རིའི་རྟེན། བླ་རྡོ་བཅའ་བ། ཐི་གུ་དཀར་པོ་ལ་བརྟེན་ནས་འཁུ་ལྡོག་བསྲུང་བ་རྣམས་ནོས། ལས་རིམ་བཅུ་གསུམ་དང་ལས་བརྒྱད་མའི་ལས་མཐའ་སོགས་ཁ་ཤས་དཔེ་མ་འབྱོར་བས་མ་ཐོབ། བྱ་རྒོད་གཤོངས་ནས་སྤྱན་དྲངས་པའི་གསང་བའི་ལས་མཁན་མདུང་དམར་ཅན་གསང་སྒྲུབ་ཀྱི་སྐོར་ལ། རྩ་བའི་སྒྲུབ་པ། ལས་སྦྱོར་ནང་གསེས་ལ་ཉི་
ཟླ་ཁ་སྦྱོར་གྱིས་ཡུལ་ཁམས་དབང་དུ་བསྡུ་བ། ལྟ་བྱེད་མིག་གི་དབང་པོས་ཁྲོམ་དབང་དུ་བསྡུ་བ། ཙིཏྟ་སྙིང་གི་དབང་པོས་འགྲོ་བ་དབང་དུ་བསྡུ་བ། གསང་བ་རྫས་ཀྱི་སྦྱོར་བས་གང་འདོད་དབང་དུ་བསྡུ་བ་རྣམས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཤཱཀྱའི་དབང་པོ། གསང་བདག་ཕྱག་ན་རྡོ་རྗེ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་ཏིག་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། མཉམ་མེད་སངས་རྒྱས་བློ་གྲོས། རིགས་འཛིན་བསོད་ནམས་ལྷུན་གྲུབ། སྔགས་འཆང་ཆོས་རྒྱལ་མཚན་ཅན། བླ་མ་ཀརྨ་བཟང་པོ། གྲུབ་མཆོག་བཟང་པོ། མཁས་གྲུབ་རིགས་འཛིན་སྙིང་པོ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་དགྱེ་བོ་རོང་བུ་རི་ནག་པོའི་ཀླུ་བདུད་ཁ་གནོན་གྱི་མཆོད་རྟེན་ནས་སྤྱན་དྲངས་པའི་གཏད་ཁྲམ་རུས་སྦལ་ནག་པོ་ཞེས་པ་སྡིག་ཅན་ཕུང་བའི་ངན་སྔགས་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་རྣོ་ངར་ཅན་གྱི་སྐོར་ལ། གཏད་ཁྲམ་རུས་སྦལ་ནག་པོའི་རྒྱུད་ལེའུ་གསུམ་པ། གཏད་ཁྲམ་གྱི་རྩ་བ། ཚིགས་བཅད་མ་གཏད་ཁྲམ་རུས་སྦལ་ནག་པོ་པདྨས་འཚོ་རྒྱལ་ལ་གདམས་པ། གཏད་ཁྲམ་རུས་སྦལ་ནག་པོའི་བསྲུང་བའི་རྒྱུད་ལེའུ་གསུམ་པ། རྒྱུད་ཀྱི་འཕྲོས་ལས་གཏད་ཁྲམ་ཙཀྲ་བསྒྲུབ་པའི་དུས་དང་ཉམས་ལེན་གྱི་དུས་ལྷ་རྣམས་ལ་མཆོད་གཏོར་འབུལ་བ་ཡེ་ཤེས་འཁོར་ལོ་མ། སེལ་ནག་ཀུན་ཐུབ་རང་བསྲུང་གཏད་བཟློག་སྦྱོར་བ་བཤིག་པའི་མན་ངག །ལེའུ་གསུམ་པ་ཐིག་སྐོར་དགུ་པའི་འཁོར་ལོའི་བྲི་ཡིག་གཞན་རྒྱུད་ལྟར་རོའི་མཐའ་ཅན། གཏད་ཁྲམ་རུས་སྦལ་ནག་པོའི་ཞལ་གདམས་ཟབ་པའི་ཡང་ཟབ་སྙིང་དང་
འདྲ་བ་རྫོགས་སོའི་མཐའ་ཅན། སྔགས་བྱང་ཟབ་པའི་རྒྱ་རུ་གདམས་པ་རྗེས་མེད་ཐོང་ལ་ཤོག་གི་མཐའ་ཅན། གཏད་ཁྲམ་གྱི་དྲག་སྔགས་ཙཀྲ་འདྲི་ཚུལ་དང་བདག་བསྐྱེད། དགུག་དབྱེ། ཐུན་བརྡེག །དམོད་པ་ཁྲམ་འདབས་བཅས་པ་དྲག་པོ་ལས་ཀྱི་ཡང་ཁོལ་བསྟན་པ་བསྲུང་བར་ཤོག་གི་མཐའ་ཅན། གཏད་ཁྲམ་རུས་སྦལ་ནག་པོའི་མན་ངག་ཡང་ཁོལ་དུ་ཕྱུང་བ། དུག་གི་འཁོར་ལོ་དུག་གསུམ་གནད་ལ་དབབ་པ། ཁྲམ་མཐའ་གདུག་པའི་སྔགས་ཀྱིས་བསྐོར་བའི་དྲག་སྔགས་ཞེས་པར་འཆི་བདག་མགོ་དགུ །གཤིན་རྗེ་མ་མོ་གཟའ། ལྷ་ཀླུ་བདུད། རྒྱལ་པོ། བཙན། སྲིན་པོ། མ་ཡམས། ཐེའུ་བྲང་། གཟེད། ཡ་བདུད། མ་བདུད། འགོང་པོ། ཡུལ་འདྲེ། མུ་སྟེགས། མི་མ་ཡིན། རྒྱུ་སྐར། ཕོ་འདྲེ། མོ་འདྲེ། བྱུར་འདྲེ། གཉན། ས་བདག་དང་བཅས་པའི་ཁྲམ་སྔགས་ཉེར་ལྔ་པ། ཕྱི་འཐུམས་ཁྲམ་གྱི་ལིང་ག་ཞེས་པ་དགྲ་བོའི་གནས་ཉི་ཤུ་རྩ་ལྔར་ཁྲམ་འདེབས་པ་དང་རྒྱབ་ཏུ་འདྲི་བའི་ཁྲ་གཙོ་བོར་བྱས་ཏེ་གོང་གི་ལྷ་འདྲེ་ཉེར་ལྔ་སོ་སོར་ཐོད་པ་སོགས་འཇུག་སྣོད་ཀྱི་ངོས་འཛིན་དང་བཅས་པ་པདྨའི་སྙིང་ཚིལ་མང་པོར་སྤེལ་ན་བཀའི་ཆད་པ་འབྱུང་བའི་མཐའ་ཅན། འཆི་བདག་གཏད་ཁྲམ་ནག་པོའི་ཕུང་བྱེད་ལས་ཀྱི་སྤུ་གྲིའི་སོ་འཆི་བདག་ཐུགས་ཀྱི་ལེའུ་གཅིག་པ། གཏད་ཁྲམ་རུས་སྦལ་ནག་པོའི་གདམས་པ་ཁྱད་པར་ཅན་གུད་དུ་སྦས་པ། མགྱོགས་པའི་བྱ་གསུམ་ཞེས་པ་གནམ་ས་བར་གསུམ་གྱི་ཕུང་བྱེད་ཀྱི་འཁོར་ལོ། མྱུར་མགྱོགས་སྤྱོད་བྱེད་རླུང་གི་འཁོར་ལོ། དཔེའུ་རིས་ལ། རུས་སྦལ་འཁོར་ལོ། གཏི་མུག་གླང་། ཞེ་སྡང་སྦྲུལ། འདོད་ཆགས་བྱ། ཕོ་འཁོར། མོ་འཁོར། གནད་འཁོར། ཁྲམ་ལིང་། ཁྲམ་རིས་སོགས་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། ཨོ་རྒྱན་
ཆོས་ཀྱི་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། བྱ་ཁྱུང་པ་དཔལ་ལྡན་སེང་གེ །བླ་མ་བྱང་ཆུབ་ལྷུན་གྲུབ། གནམ་གོང་པ་བཀྲ་ཤིས་དབང་ཕྱུག །མཚུངས་མེད་བསོད་ནམས་བཟང་པོ། དེ་ས་ཀུན་དགའ་རྒྱལ་མཚན། རིགས་འཛིན་ཚུལ་ཁྲིམས་བློ་གྲོས། སྔགས་འཆང་བཀྲ་ཤིས་མགོན་པོ། དབང་དྲག་འགྲོ་དོན་རབ་འཕེལ། རིགས་འཛིན་འཇའ་ཚོན་སྙིང་པོ། སྤྲུལ་སྐུ་ནོར་བུ་རྒྱན་པ། རཏྣ་གཉིས་པ། ཆོས་ཀྱི་གྲགས་པ། རིགས་འཛིན་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་དགྱེ་བོ་རོང་ཀླུ་བདུད་ཁ་གནོན་མཆོད་རྟེན་ནས་གདན་དྲངས་པའི་རྒྱལ་སེལ་ཕུང་བྱེད་ལྷ་ཁང་ནག་པོའི་སྐོར་ལ་ངན་སྔགས་དུག་གི་སྤུ་གྲི་ཡང་ཁོལ་དུ་གསལ་བར་བཀོད་པ་འཁོར་ལོ་སྒྲུབ་པ་ལས་སྦྱོར་བཅས་པ་བསྟན་པ་བསྲུང་བའི་མཚོན་ཆ། གསུམ་སྦྱོར། བཞི་སྦྱོར། ལྔ་སྦྱོར། དྲུག་སྦྱོར་རྣམས་ཀྱི་རྫས་ལ་བརྟེན་ནས་རབས་གཅོད་ཅིང་གྱང་རོལ་དུ་གཏོང་བ། རྫས་དགུ་དང་སྔགས་ལ་བརྟེན་ནས་ཁང་སེལ། དུར་སེལ། ནོར་སེལ། མི་བརྒྱུད་གཅོད་པ། རྫས་བཅུ་གཅིག་ལ་བརྟེན་ནས་ཞིང་ཟངས་སྔར་ལྟར་གཏོང་བ་ཞིང་སེལ་སྐྱེ་བ་རྒྱུན་གཅོད། ལྷ་ཁང་མའི་ལག་ལེན་ཞེས་པ་རང་བསྲུང་། སྒྲུབ་པ། འཇུག་སྣོད་ཀྱི་ཁ་བསྒྱུར་ལ་བརྟེན་ནས་ཁ་ཕུར་དུ་འགྲོ་བ། ལོ་མི་སྐྱེ་བ། མི་རྣམས་འཁྲུགས་པ། གྲོང་སྟོངས་པ། ཡུལ་འབུད་པ། བདུན་བརྒྱུད་གཅོད་པ། འཐབ་འཁྲུག་འབྱུང་བ། ནོར་ལ་གོད་ཁ་འོང་བ། དམོད་རིང་བཀའ་བསྒོ་ཉེར་གཏད་དགྲ་རྟགས་སྒྲུབ་རྟགས་དང་བཅས་པ་ཞལ་གྱི་གདམས་
པའི་མཐའ་ཅན། རཱ་ཛའི་ངན་སྔགས་བཅས་ཆོག་ཅེས་པ་འཁོར་ལོ་ལ་འགོད་པའི་སྔགས་རྣམས་གསལ་བར་བཀོད་པ་དམ་ཤི་དམར་ནག་གི་སྔགས་འབུམ། སེལ་འབུད་ནག་པོ་བཅས་ཆོག །མ་རུངས་གདུག་པའི་བཅས་ཆོག །རང་བསྲུང་ནག་པོ་དགུ་སྦྱོར། གྲོང་ཁྱེར་ཕུང་བྱེད་གཡོ་བའི་སྦྱོར་བའི་འཁོར་ལོ་བྲི་ཡིག་སྒྲུབ་པའི་ལག་ལེན་འཇུག་སྣོད་ཐོད་པའི་ཁ་བསྒྱུར་ལ་བརྟེན་ནས་ཡུལ་སེལ། གྲོང་སེལ། ཁྱིམ་སེལ། དུར་སེལ། མི་སེལ། ཞིང་སེལ་དང་བཅས་པ། ལྷ་ཁང་མའི་སྔགས་འབུམ་ཆེན་མོ་དཔེ་རིས་དང་བཅས་པ་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཁྲོ་རྒྱལ་རྟ་མགྲིན། སྤྲུལ་སྐུ་པདྨ་འབྱུང་གནས། མཁར་ཆེན་བཟའ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། དེ་སྲས་སངས་རྒྱས་བློ་གྲོས། རིགས་འཛིན་བསོད་ནམས་རྒྱལ་པོ། བླ་མ་ཆོས་ཀྱི་རྒྱལ་མཚན། མཁས་གྲུབ་ཀརྨ་བྷ་དྲ། རྗེ་གྲུབ་མཆོག་བཟང་པོ། སྙིང་ཕུ་རིགས་འཛིན་སྙིང་པོ། རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ། རིགས་འཛིན་འཇའ་ཚོན་སྙིང་པོ་མན་གོང་ལྟར། ལྷ་སྲས་སྐྱེ་མཐའ་སྤྲུལ་སྐུ་གར་གྱི་དབང་ཕྱུག་གིས་དགྱེ་བོ་རོང་ཀླུ་བདུད་ཁ་གནོན་གྱི་མཆོད་རྟེན་ནག་པོ་ནས་སྤྱན་དྲངས་པའི་ནཱ་ག་ཀླུའི་གསུར་གཏད་ཅེས་པ་འཁོར་ལོ་བཅའ་གཞི་སྒྲུབ་པ། ལས་སྦྱོར་དང་བཅས་པ་ཀླུའི་དྲག་གཏད་སྙིང་དང་འདྲ་བ་རྫོགས་སོའི་མཐའ་ཅན། དེའི་མན་ངག་གི་བཅས་ཐབས་ལས་ཅན་ལ། ཕྲད་ཤོག་དང་ཀླུ་བདུད་མགོ་དགུ་ལ་གཉེར་གཏད་ཀྱི་མཐའ་ཅན། འཁོར་ལོའི་དམོད་པ་ཟུར་དུ་ཕྱུང་བ། འཁོར་ལོ། ལིང་རྐྱང་། འབྲུབ་ཁུང་། སྡིག་པ་རྣམས་ཀྱི་དཔེའུ་རིས། ཡང་གཏེར་གནས་དེ་ཉིད་ནས་ཁྱི་སྤུ་ར་བལ་ལ་བརྟེན་ནས་མཐུན་
གཉིས་དཀྲུག་པ། ཁྱི་ཕག་གི་ཆེ་བ་ལ་བརྟེན་ནས་མཁར་སྒྱེལ་བ། འཁོར་ལོ་བུམ་པ་མཆེ་བའི་དཔེ་རིས་དང་བཅས་པ། ཡུངས་ཀར་ལ་བརྟེན་ནས་སྨྱོ་འགྱེད། ཡུགས་སའི་སྒྲ་བཤད་ལ་བརྟེན་ནས་དུད་འགྲོ་གསོད་པ། ཁྱི་སྤུ་ར་བལ་གྱི་ཞལ་གདམས་རྣམས། ཡང་གཏེར་གནས་དེ་ཉིད་ནས་སྲོག་མཐུ་ཡུད་ཙམ་མ་རྣོ་ངར་དང་ལྡན་པ། སེང་གདོང་མར་བརྟེན་པའི་རྗེས་གཅོད་ཞལ་ཤེས། ཡང་གཏེར་གནས་དེ་ཉིད་ནས་མུ་སྟེགས་ཀྱི་རྫས་སེར་ནག་པོ་སྐྱིན་ཐང་དཀར་པོ་ལུག་འདེད། ཕྲ་མེན་ཁྱི་སོགས་མ་ཞེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡང་སྒྲོལ་བར་བྱེད་པའི་འགོམས་ཆོག་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། དཔལ་ཨོ་རྒྱན་ཆེན་པོ། ཇོ་མོ་འཚོ་རྒྱལ། ལྷ་སྲས། གཏེར་སྟོན་གར་གྱི་དབང་ཕྱུག །བྱ་ཁྱུང་པ་དཔལ་ལྡན་སེང་གེ །ཆོས་རྒྱལ་བཀྲ་ཤིས། དཔལ་འབར་དབང་ཕྱུག །ངག་དབང་པདྨ། པདྨ་འཛིན། འབྲི་གུང་དབུར་སྨྱོན། བླ་མ་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །མཁར་སྒྱེལ་བའི་བརྒྱུད་ལུགས་གཅིག་ནི་བྱ་ཁྱུང་པ་དཔལ་ལྡན་སེང་གེ་ནས། བདུད་འདུལ་སྔགས་པ། རྗེ་མི་འགྱུར་བ། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ཕ་ཇོ་གཞོན་ནུ་དོན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ཡབ་སྲས། ཤཱཀྱ་རིན་ཅེན། ཀུན་དགའ་ཆོས་དབང་། ལེགས་པ་ཤེས་རབ། ནམ་མཁའ་རྣམ་རྒྱལ། ལྷུན་གྲུབ་རྡོ་རྗེ། གཞོན་ནུ་དོན་གྲུབ་མན་གོང་བཞིན་ནོ། །སངས་རྒྱས་གླིང་པའི་ཕུང་ཐལ་ནག་པོའི་སྦྱོར་བའི་ལུང་ནི་ཟུར་རྩ་བའི་བླ་མར་ནོས། བརྒྱུད་པ་ཞུ་བ་མ་བྱུང་། སྤྲུལ་སྐུ་སངས་རྒྱས་གླིང་པས་བྱ་རྒོད་གཤོངས་ཀྱི་བྲག་རི་ལྗོན་པ་རྟ་
མགོ་ཅན་ནས་གདན་དྲངས་པའི་དྲག་པོ་རྫས་ཀྱི་ཡང་ཟབ་མཐོང་བ་དུག་སྦྱོར་མེ་ལོང་གི་གདམས་པ་ཞེས་པ་ཁ་སྒྱུར་གྱི་སྒོ་ནས་མཁར་སྒྱེལ་བ། ནོར་དབུལ་བ། ལོ་མི་སྐྱེ་བ། འགོམས་ཆོག །སྲོག་ལས། བག་མའི་སྐབས་ཁྱོ་འཆི་བ་རྣམས་བསྟན་པ་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། ལྷ་སྲས། གཏེར་སྟོན། དཔལ་སེང་བ། ཆོས་རྒྱལ་བཀྲ་ཤིས། དཔལ་འབར་དབང་ཕྱུག་ངག་དབང་པདྨ་ཡབ་སྲས་གཉིས་རྗེ་ཆོས་ཀྱི་གྲགས་པ། དཀོན་ཅོག་ལྷུན་གྲུབ། ཉང་སྟོན་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་ཙ་རིའི་གནས་སྒོ་རྐྱེན་དུང་ལ་བྲག་སྲིན་མོའི་རོ་བཅིངས་པ་འདྲ་བ་བདུད་པོ་རོང་བཙན་སྤུན་གསུམ་གནས་ས་ནས་སྤྱན་དྲངས་པའི་སྐོར་ལ། ཀླུ་བསྲུང་དཀར་པོ་གཅིག་ཐུབ་མེའི་འཁོར་ལོ་ཞེས་པ་ལ། འཁོར་ལོ། རྫས། རབ་གནས། ལྟེབ་ལུགས། ཕན་ཡོན་རྣམས་བསྟན་པ་ལས་ཅན་བུ་ལ་གཏེར་རྒྱ་བཀྲོལ་བའི་མཐའ་ཅན། བརྒྱུད་པའི་ལོ་རྒྱུས། ཙཀྲ་འདྲི་བའི་གསལ་བྱེད། རབ་གནས། ཐུམས་དང་བསྲུང་བ་འདོགས་པ་སྟེ་དོན་བཞིའི་སྒོ་ནས་བསྟན་པ་དཔེའུ་རིས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། ཇོ་མོ་འཚོ་རྒྱལ། ལྷ་སྲས། གཏེར་སྟོན་གར་གྱི་དབང་ཕྱུག །བྱ་ཁྱུང་པ་དཔལ་ལྡན་སེང་གེ་བླ་མ་ཆོས་རྒྱལ་བཀྲ་ཤིས། རིགས་འཛིན་དཔལ་འབར་དབང་ཕྱུག །བྱ་ཁྱུང་པ་ངག་དབང་པདྨ། རྒྱལ་དབང་པདྨ་བསྟན་འཛིན། རྒྱལ་སྲས་དཀོན་ཅོག་ཆོས་དབང་གྲགས་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སངས་རྒྱས་གླིང་པའི་གཏེར་མའི་འབྲུམ་བསྲུང་ར་གྲོད་མ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། རྒྱལ་བ་རིགས་ལྔ། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཡབ་
ཡུམ། མངའ་བདག་ཡབ་སྲས། གཏེར་སྟོན་སངས་རྒྱས་གླིང་པ། དཔལ་ལྡན་སེང་གེ །ཆོས་རྒྱལ་བཀྲ་ཤིས། དཔལ་འབར་དབང་ཕྱུག །ངག་དབང་པདྨ་ཡབ་སྲས། འབྲི་གུང་དབུར་སྨྱོན། ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ཡབ་སྲས། ཤཱཀྱ་རིན་ཅེན། ཤེའུ་ཀུན་དགའ་ཆོས་དབང་། ལེགས་པ་ཤེས་རབ། རྗེ་ནམ་མཁའ་རྣམ་རྒྱལ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་སངས་རྒྱས་གླིང་པས་དགྱེ་བོ་རོང་ཀླུ་བདུད་ཁ་གནོན་གྱི་མཆོད་རྟེན་ནས་སྤྱན་དྲངས་པའི་སློབ་དཔོན་ཆེན་པོས་མངའ་བདག་གི་སྐུ་བསྲུང་དུ་གནང་བའི་རྫས་བསྲུང་ཉེར་གཅིག་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཡབ་ཡུམ། མངའ་བདག་ཡབ་སྲས། གཏེར་སྟོན་ཡབ་སྲས། ཆོས་བདག་དཔལ་ལྡན་སེང་གེ །བདུད་འདུལ་སྔགས་པ། གཏེར་སྟོན་མི་འགྱུར་བ། གྲུབ་ཆེན་བཀྲ་ཤིས་རྒྱ་མཚོ། དེ་སྲས་ཀུན་དགའ་ཚེ་མཆོག །ཕ་ཇོ་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ་དེས་བདག་ལའོ། །