Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པའི་བདེན་པ་བཞི་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousའཕགས་པའི་བདེན་པ་བཞི་བཤད་པ།next

འཕགས་པའི་བདེན་པ་བཞི་བཤད་པ།


GLG013_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་བདེན་པ་བཞི་བཤད་པ། གཉིས་པ་ལ། སྤྱི་དོན་དང་། ཡན་ལག་གི་དོན་གཉིས། ཕྱི་མ་བཞི་ལས། སྡུག་བསྔལ་བདེན་པ་ལ་འདོམས་པ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤཱ་རའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། སྡུག་བསྔལ་བདེན་པ་ལ་ཤེས་བྱར་བདེན་ཞེན་དགག་པའི་ཕྱིར་དུ་གདམས་པ་ཡིན་ཏེ། ཟག་བཅས་ཀྱི་གཟུགས་ལ་སོགས་པ་འབྲས་བུར་གྱུར་པའི་སྟོང་པ་ཉིད་དང་། དེ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་བདེན་པར་གྲུབ་པས་སྟོང་པ་དེ་བཞིན་ཉིད་ཀྱི་ངོ་བོ་རང་བཞིན་གཅིག་གོ་ཞེས་ཤེས་པར་བྱ་བའི་ཕྱིར་གདམས་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་རྒྱུ་ཀུན་འབྱུང་བདེན་པའི་རྣམ་སྨིན་གྱི་འབྲས་བུར་འགྱུར་པའི་ཟག་བཅས་དེ་སྡུག་བསྔལ་བདེན་པའི་མཚན་ཉིད། རང་འབྲས་སྡུག་བསྔལ་བདེན་པའི་རྣམ་སྨིན་གྱི་རྒྱུར་གྱུར་པའི་ཟག་བཅས་ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རྣམ་སྨིན་གྱི་འབྲས་བུ་ཡིན་པར་ཐལ། འདོད་པའི་


GLG013_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། འདོད་ན། གང་ཟག་གི་རྒྱུད་ཀྱིས་བསྡུས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མཛོད་ལས། སེམས་ཅན་བརྗོད། ཅེས་གསུངས་པའི་ཕྱིར། གཞན་ཡང་། མི་དགེ་བའི་ལས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་སྨིན་གྱི་འབྲས་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལུང་མ་བསྟན་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། ཞེས་གསུངས་པའི་ཕྱིར། གཞན་ཡང་ཁམས་གོང་མའི་སྐྱེ་བ་འཕེན་བྱེད་ཀྱི་ཉོན་མོངས་ཆོས་ཅན། མཚན་ཉིད་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་མ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། རྣམ་སྨིན་རྒྱུ་ནི་མི་དགེ་དང་། དགེ་བ་ཟག་བཅས་རྣམས་ཁོ་ན། ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། རྣམ་སྨིན་གྱི་རྒྱུ་མ་ཡིན་པར་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། གོང་མའི་སས་བསྡུས་ཀྱི་ཉོན་མོངས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། ཞེས་གསུངས་པའི་ཕྱིར། ལམ་བདེན་གྱི་འབྲས་བུར་གྱུར་པའི་སོ་སོར་བརྟག་འགོག་འགོག་བདེན་གྱི་མཚན་ཉིད། འགོག་བདེན་གྱི་བྲལ་རྒྱུར་གྱུར་པའི་འཕགས་པའི་རྣམ་བྱང་བདེན་པ་ལམ་བདེན་གྱི་མཚན་ཉིད་ཟེར་ན། ལམ་བདེན་དང་དུས་མཉམ་དུ་གྲུབ་པའི་འགོག་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཁྱོད་ལམ་བདེན་གྱི་ཕྱི་ལོགས་སུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དང་དུས་མཉམ་དུ་གྲུབ་པའི་ཕྱིར། ཁ་ཅིག །ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག །གྲོལ་པ་དོན་གཉེར་གྱི་སྐྱེ་བུས། ནད་དང་འདྲ་བར་ཤེས་པར་བྱ་བ་དེ་སྡུག་བསྔལ་བདེན་པའི་མཚན་


GLG013_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། དེ་གང་ཞིག །གྲོལ་བ་དོན་གཉེར་གྱི་སྐྱེས་བུས་ནད་ཀྱི་རྒྱུ་ལྟར་སྤང་བར་བྱ་བ་དེ་ཀུན་འབྱུང་བདེན་པའི་མཚན་ཉིད། རྣམ་བྱང་གི་བདེན་པ་གང་ཞིག །དེས་ནད་དང་བྲལ་བ་ལྟར་མངོན་དུ་བྱ་བ་དེ་འགོག་བདེན་གྱི་མཚན་ཉིད། དེས་སྨན་ལྟར་དུ་བསྟེན་པར་བྱ་བ་ལམ་གྱི་བདེན་པའི་མཚན་ཉིད་ཟེར་ན། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་སྡུག་བསྔལ་བདེན་པ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་འཁོར་བས་བསྡུས་པའི་ལས་ཡོད་པའི་ཕྱིར། དེར་ཐལ། དེ་ལས་དབང་གིས་འཁོར་བར་གནས་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེའི་རྒྱུད་ལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ཉོན་སྒྲིབ་ཟད་པར་མ་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །གཞན་ཡང་། སྡུག་བསྔལ་བདེན་པར་འགྱུར་བའི་དད་པའི་དབང་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཀུན་འབྱུང་བདེན་པར་གྱུར་པའི་དེ་ཡོད་པའི་ཕྱིར། དེར་ཐལ། དེར་གྱུར་པའི་བསོད་ནམས་ཀྱི་ལས་འཁོར་དུ་ལྡན་པའི་གཙོ་བོ་སེམས་ཀྱི་འཁོར་དུ་བྱུང་བའི་དད་པའི་དབང་པོ་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲ་བའི་གཙོ་བོ་སེམས་ཆོས་ཅན། ཁྱོད་ཀྱི་འཁོར་དུ་བྱུང་བའི་དད་པའི་དབང་པོ་ཡོད་པར་ཐལ། ཁྱོད་དགེ་སེམས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྣམ་བྱང་གི་དབང་པོ་ཡིན་པའི་ཕྱིར། དེར་ཐལ། དད་པའི་དབང་པོ་ཡིན་པའི་ཕྱིར། ཁ་ཅིག །ཟག་བཅས་འབྲས་དུས་ཀྱི་ཆར་གྱུར་པ་སྡུག་བསྔལ་བདེན་པའི་མཚན་ཉིད།


GLG013_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་བཅས་རྒྱུ་དུས་ཀྱི་ཆར་གྱུར་པ་ཀུན་འབྱུང་བདེན་པའི་མཚན་ཉིད། ཟག་མེད་འབྲས་དུས་ཀྱི་ཆར་གྱུར་པ་འགོག་བདེན་གྱི་མཚན་ཉིད། ཟག་མེད་རྒྱུ་དུས་ཀྱི་ཆར་གྱུར་པ་ལམ་བདེན་གྱི་མཚན་ཉིད་ཟེར་ན། ཀུན་འབྱུང་བདེན་པ་ཆོས་ཅན། མཚན་ཉིད་དང་པོར་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྡུག་བསྔལ་བདེན་པ་དེ་ཟག་བཅས་རྒྱུ་དུས་ཀྱི་ཆར་གྱུར་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཀུན་འབྱུང་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། མ་དག་པའི་སྣོད་ཀྱི་འཇིག་རྟེན་ཁྱོད་ཡིན་པའི་ཕྱིར། གཞན་ཡང་། མོས་པ་སྒོམ་ལམ་ཆོས་ཅན། མཚོན་བྱ་གཉིས་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཟག་བཅས་གང་ཞིག །རྒྱུ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཟག་བཅས་ཀྱི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་ཀྱི་ལམ་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་ཀྱི་འཕགས་པའི་ལམ་ཡིན་པའི་ཕྱིར། ཟག་བཅས་སྒོམ་ལམ་ཡིན་པའི་ཕྱིར། གཞན་ཡང་། རྣམ་མཁྱེན་ཆོས་ཅན། མཚོན་བྱ་གསུམ་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཟག་མེད་གང་ཞིག །འབྲས་བུ་ཡིན་པའི་ཕྱིར། སངས་འཕགས་ཆོས་ཅན། མཚོན་བྱ་བཞི་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཟག་མེད་གང་ཞིག །རྒྱུ་ཡིན་པའི་ཕྱིར། ཁ་ཅིག །མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་ཚོགས་དོན། སྡུག་བསྔལ་བདེན་པའི་མཚན་ཉིད་ཟེར་ན། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་བཞི་དང་ལྡན་པའི་ཕྱིར་ཏེ། དེ་འདྲའི་སྐྱེས་བུ་ཡིན་པའི་ཕྱིར། ཡང་ཁ་ཅིག །འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞིའི་ཚོགས་དོན། འགོག་བདེན་གྱི་མཚན་ཉིད་ཟེར་ན། སངས་འཕགས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁ་ཅིག །རང་རྒྱུ་ལས་ཉོན་གྱི་འབྲས་བུར་གྱུར་པའི་ཟག་བཅས་ཀྱི་ཕུང་པོ་སྡུག་བསྔལ་བདེན་པའི་མཚན་ཉིད་ཟེར་ན། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེའི་གཟུགས་


GLG013_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་དེ་དེ་ཡིན་པ་གང་ཞིག །དེ་གཉིས་ཀྱི་དངོས་རྒྱུ་དོན་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དགྲ་བཅོམ་པ་ཡིན་པའི་ཕྱིར། ཁ་ཅིག །རང་འབྲས་རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཀྱི་ཕུང་པོ་ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། འདོད་ལྷའི་ཕུང་པོ་འཕེན་བྱེད་ཀྱི་ལས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ལས་ཀྱི་ཀུན་འབྱུང་ཡིན་པའི་ཕྱིར། དེར་ཐལ། འཁོར་བས་བསྡུས་པའི་ལས་ཡིན་པའི་ཕྱིར། དེར་ཐལ། དེས་བསྡུས་པའི་བསོད་ནམས་ཀྱི་ལས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དགེ་བའི་ལས་ཡིན་པའི་ཕྱིར། ཁ་ཅིག །ལས་ཡིན་ན་ལས་ཀྱི་ཀུན་འབྱུང་ཡིན་པས་ཁྱབ་ཟེར་ན། སྟོན་པ་ཤཱཀྱ་ཐུབ་པའི་ཐུགས་རྒྱུད་ཀྱི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡོད་པའི་ཕྱིར། དེར་ཐལ། གཙོ་བོ་སེམས་ཡིན་ན་རང་གི་འཁོར་དུ་གྱུར་པའི་སེམས་པའི་ལས་ཡོད་པས་ཁྱབ་པའི་ཕྱིར། ཡང་ཁ་ཅིག །ཀུན་འབྱུང་བདེན་པ་ཡིན་ན་ལས་ཉོན་གྱི་ཀུན་འབྱུང་གང་རུང་ཡིན་པས་ཁྱབ་ཟེར་ན། ཀུན་འབྱུང་བདེན་པར་གྱུར་པའི་གཟུགས་ཕུང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འདུ་བྱེད་ཀྱི་ཕུང་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །སྡུག་བསྔལ་བདེན་པ་དང་ལམ་བདེན་མི་འགལ་ཟེར་ན། ཀུན་ནས་ཉོན་མོངས་ཀྱི་བདེན་པ་དང་། རྣམ་བྱང་གི་བདེན་པའི་གཞི་མཐུན་ཡོད་པར་ཐལ། སྡུག་བདེན་དང་ལམ་བདེན་གྱི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འགྲེལ་ཆེན་ལས། འདི་གཉིས་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །ཟག་བཅས་ཀྱི་ཕུང་པོ་ཡིན་ན་སྡུག་བསྔལ་བདེན་པ་ཡིན་པས་ཁྱབ་ཟེར་ན། བདེ་བ་ཅན་གྱི་སོ་སྐྱེ་ཆོས་ཅན།


GLG013_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཀུན་ལས་བཏུས་ལས། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་བལྟ་སྟེ། དེ་དག་ནི་ལས་དང་ཉོན་མོངས་པས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མ་ཡིན་གྱི། སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་བྱུང་བ་དག་གོ །ཞེས་གསུངས་པའི་ཕྱིར། ཁ་ཅིགའགོག་པ་ཡིན་ན་འགོག་བདེན་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། འགོག་པ་ལ་དབྱེ་ན། སོ་སོར་བརྟགས་འགོག་དང་སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་ཡོད་པའི་ཕྱིར། གཞན་ཡང་། ལམ་ཡིན་ན་ལམ་བདེན་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་ཚོགས་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སོ་སྐྱེའི་ལམ་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། རང་རྒྱུ་ཀུན་འབྱུང་ལས་བྱུང་བའི་འཁོར་བས་བསྡུས་པའི་ཟག་བཅས་དེ་སྡུག་བསྔལ་བདེན་པའི་མཚན་ཉིད། དེ་ལ་རྟེན་གྱི་སྒོ་ནས་དབྱེ་ན་མ་དག་པའི་སྣོད་བཅུད་གཉིས། ངོ་བོའི་སྒོ་ནས་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ། རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་ཀྱི་འཁོར་བས་བསྡུས་པ་ཀུན་འབྱུང་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ཉོན་མོངས་པའི་ཀུན་འབྱུང་དང་། ལས་ཀྱི་ཀུན་འབྱུང་གཉིས། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྒྲིབ་པ་སྤངས་པའི་བྲལ་བ་དེ་འགོག་བདེན་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐེག་པ་གསུམ་གྱི་འགོག་བདེན། རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་ཐོབ་བྱེད་ཀྱི་འཕགས་རྒྱུད་ཀྱི་མངོན་རྟོགས། རང་ཉིད་ལམ་བདེན་ཡིན་པའི་མཚན་ཉིད་


GLG013_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དབྱེ་ན། ཐེག་པ་གསུམ་གྱི་མཐོང་སྒོམ་མི་སློབ་པའི་ལམ་གསུམ་དུ་ཡོད་དོ། །གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །རང་རྒྱལ་གྱི་རྒྱུད་ཀྱི་འགོག་བདེན་ཡིན་ན། རང་རྒྱལ་གྱི་འགོག་བདེན་ཡིན་དགོས་པར་ཐལ། ཉན་ཐོས་ལ་དེའི་ཕྱིར་ན་མ་ཁྱབ་སྟེ། ཉན་ཐོས་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་རང་རྒྱལ་ཚོགས་ལམ་པའི་རྒྱུད་ཀྱི་འགོག་བདེན་རང་རྒྱལ་གྱི་འགོག་བདེན་མ་ཡིན་པའི་ཕྱིར། དེར་ཐལ། རང་རྒྱལ་གྱི་འགོག་བདེན་ཐོབ་པ་ལ་རང་རྒྱལ་གྱི་ལམ་བདེན་ཐོབ་པ་སྔོན་དུ་འགྲོ་དགོས་པ་གང་ཞིག །དེས་རང་རྒྱལ་གྱི་ལམ་བདེན་མ་ཐོབ་པའི་ཕྱིར། ཕྱི་མ་དེར་ཐལ། དེས་དེའི་འཕགས་ལམ་མ་ཐོབ་པའི་ཕྱིར་རོ། །ཡང་ཁ་ཅིག །ལས་ཉོན་གྱི་ཀུན་འབྱུང་གཉིས་མི་འགལ་བར་ཐལ། ལས་ཉོན་གཉིས་མི་འགལ་བའི་ཕྱིར། དེར་ཐལ། དེའི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་ལྟ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་མི་དགེ་བའི་ལས་ཡིན་པའི་ཕྱིར། དེར་ཐལ། དེ་ཡིད་ཀྱི་མི་དགེ་བའི་ལས་ཡིན་པའི་ཕྱིར། དེར་ཐལ། མི་དགེ་བ་བཅུའི་ལས་ཡོད་པའི་ཕྱིར་ཏེ། དེའི་ལས་ལམ་ཡོད་པའི་ཕྱིར་ན། མ་ཁྱབ་སྟེ། དེ་གཉིས་དོན་མི་གཅིག་པའི་ཕྱིར། དེར་ཐལ། ཡིད་ཀྱི་གསུམ་དེའི་ལས་ལམ་ཡིན་ལ། ལས་མ་ཡིན་ཞིང་། ལུས་ངག་གི་བདུན་པོ་དེའི་ལས་དང་ལས་ལམ་གཉིས་ཀ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། གསུམ་མམ་བདུན་ནི་ལས་ཀྱང་ཡིན། ཞེས་གསུངས་པའི་ཕྱིར། གཉིས་པ་ཀུན་འབྱུང་བདེན་པ་ལ་འདོམས་པའི་ཚུལ་ནི། གཟུགས་སྐྱེ་བའི་ཆོས་ཅན་ནམ། འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཀུན་འབྱུང་བདེན་པ་ལ་སྤང་བྱར་བདེན་ཞེན་དགག་པའི་ཕྱིར་དུ་གདམས་པ་ཡིན་ཏེ། ཟག་བཅས་རྒྱུས་བསྡུས་ཀྱི་གཟུགས་ལ་སོགས་


GLG013_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གསར་དུ་ཀུན་འབྱུང་བ་དང་། ཡང་འགོག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཅན་བདེན་པར་གྲུབ་པ་མ་ཡིན་ནོ། །ཞེས་འདོམས་པའི་ཕྱིར། དེ་དེར་བདེན་པར་མ་གྲུབ་སྟེ། སྟོང་པ་ཉིད་གཟུགས་ལ་སོགས་པ་རྒྱུར་གྱུར་པ་དག་དོན་དམ་པར་ཐ་མི་དད་པ་ཉིད་ཀྱི་ཕྱིར། གསུམ་པ་འགོག་བདེན་ལ་གདམས་པ་ནི། ཤཱ་རིའི་བུ། སྟོང་པ་ཉིད་མི་སྐྱེ་མི་འགག་ཅིང་། ཀུན་ནས་ཉོན་མོངས་པ་མ་ཡིན་ན། རྣམ་པར་བྱང་བ་མ་ཡིན་ནོ་ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། འགོག་པ་ལ་མངོན་དུ་བྱ་བར་བདེན་ཞེན་དགག་པའི་ཕྱིར་དུ་གདམས་པ་ཡིན་ཏེ། སྟོང་པ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་དེ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འགག་པ་དང་། སྤང་བྱ་ཀུན་ནས་ཉོན་མོངས་པ་དང་། གཉེན་པོ་རྣམ་པར་བྱང་བ་དང་། གནས་སྐབས་ཉམས་པ་དང་འཕེལ་བ་དང་རྒྱུ་འབྲས་ལ་སོགས་པ་བདེན་པར་གྲུབ་པ་དང་བྲལ་བ་ཡིན་ལ། དེ་ལ་ནི་ཁྱད་ཆོས་བདེན་པ་གང་དུ་ཡང་མ་གྲུབ་བོ་ཞེས་གདམས་པའི་ཕྱིར། གང་དུ་ཡང་བདེན་པར་མ་གྲུབ་སྟེ། དོན་དམ་པར་ཀུན་ནས་ཉོན་མོངས་ཀྱི་སྤྱི་གཟུགས་མེད་པ་ནས། ཁྱད་པར་མ་རིག་པ་སྐྱེ་བ་ཡང་མེད། རྣམ་བྱང་གི་སྤྱི་མ་རིག་པ་འགག་པ་ཡང་མེད། ཁྱད་པར་རྟོགས་པ་སངས་རྒྱས་ཀྱང་མེད། སྤངས་པ་བྱང་ཆུབ་ཀྱི་བར་དུ་ཡང་མེད་པའི་ཕྱིར། བཞི་པ་ལམ་བདེན་ལ་འདོམས་པ་ནི། ཤཱ་རི་བུ། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ། བདག་ཉིད་སྦྱིན་པ་ལ་བརྩོན་ཞེས་པའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱི་ལམ་བདེན་གྱི་རྣམ་པ་བཞིའི་ནང་ནས། ལམ་ལ་གདམས་པ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་སེམས་བདག་ཉིད་བསྒོམ་བྱ་སྒོམ་བྱེད་དུ་བདེན་པར་མ་གྲུབ་པས་ལྡན་པ་མ་ཡིན།
བཀག་པ་བདེན་པར་མ་གྲུབ་པས་མི་ལྡན་པ་མ་ཡིན་པར་རྟོགས་པར་གྱིས་ཤིག་ཅེས་འདོམས་པའི་ཕྱིར། སྟོང་པ་ཉིད་ལ་སྟོང་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་མ་ཡིན་ནོ་ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱིས་ལམ་བདེན་གྱི་རྣམ་པ་བཞིའི་ནང་ནས་རིག་པ་དང་སྒྲུབ་པ་གཉིས་ལ་གདམས་པ་ཡིན་ཏེ། ནང་སྟོང་པ་ཉིད་ལ་སོགས་པ་གསུམ་ཡུལ་དུ་བྱེད་པའི་ཏིང་འཛིན་དང་། ཕྱིའི་ཡུལ་སྟོང་པ་ཉིད་ལ་སོགས་པ་གསུམ་ཡུལ་ཡུལ་ཅན་དུ་བདེན་གྲུབ་བཀག་ཅིང་། དེ་ཉིད་ཀྱང་བདེན་མེད་དུ་འདོམས་པའི་ཕྱིར། གཟུགས་ལ་སོགས་པ་སྔོན་གྱི་མཐའ་སྤྱོད་པར་མི་བྱེད། ཅེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱིས་ལམ་བདེན་གྱི་རྣམ་པ་བཞིའི་ནང་ནས་ངེས་འབྱིན་ལ་གདམས་པ་ཡིན་ཏེ། སྔོན་གྱི་མཐའ་འཁོར་བ་དང་། ཕྱི་མའི་མཐའ་མྱང་འདས་དག་ཕན་ཚུན་གང་ལས་ངེས་པར་འབྱུང་བ་དང་། གང་དུ་ངེས་པར་འབྱུང་བ་དེར་ལྡན་པ་བདེན་མེད་དང་། བདེན་མེད་དེ་ཉིད་ཀྱང་དེར་མ་གྲུབ་པས་མི་ལྡན་པ་མ་ཡིན་པ་ཉིད་དུ་བསྒྲུབ་བོ། །ཞེས་སྟོན་པའི་ཚུལ་གྱིས་བདེན་པ་ལ་འདོམས་པའི་ཕྱིར།


previousའཕགས་པའི་བདེན་པ་བཞི་བཤད་པ།next