Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

6 occurrences of ཁྲོལ་བུ་
[Clear Hits]


  
  
  
  
 
  
 
  
  
  
  
  
  
  
 
  
  
  
  
  
དྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ།
  
  
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousདྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ།next

དྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ།


GLG022_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ་ཅེས་བྱ་བར་བཞུགས་སོ། །


GLG022_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དེ་ཝ་རྀ་ཥི་བི་མ་ལཱ་ཡ། གསང་འཛིན་ལག་ན་རྡོ་རྗེས་བྱང་ཆུབ་བར། །འབྲལ་མེད་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱོ་ཆེ། །འདེབས་བྱེད་འཕྲུལ་གྱི་སྒོ་འབྱེད་རིག་གཏད་གཞུང་། །གནམ་སྐས་ཀླུ་བདུད་ལྟོ་བའི་ཟབ་མོའི་གཏེར། །ཡིད་སྲུབས་ལས་རྒྱལ་སྲ་གོ་རྣོ་བའི་མཚོན། །འཆི་མེད་སྲོག་གི་རྒྱ་མདུད་བདུད་རྩིའི་བཅུད། །དཔལ་འབྱོར་དབང་ཐང་རྒྱས་པའི་དཔག་བསམ་ལྗོན། །ཕན་བདེའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཡིན། །དེ་ཕྱིར་བླ་མ་ཡི་དམ་མཁའ་འགྲོ་ལ། །འདུད་པའི་གཙུག་ཏོར་ས་ལ་ཉེར་བཀོད་དེ། །བདག་བྱིན་བརླབས་པའི་ཐུགས་ཀྱི་ཐིགས་པའི་རྒྱུན། །རང་སྙིང་བུམ་པ་བཟང་པོར་གཡས་སུ་འཁྱིལ། །དེ་ཡང་བྲམ་ཟེའི་སྔགས་རྒོད་དྲང་སྲོང་ཆེན་པོ་དྲི་མེད་འོད་ཟེར་ཞི་ཁྲོའི་རིག་པ་གཏད་པའི་ལག་ལེན་གྱི་རིམ་པ་ཉམས་སུ་ལེན་པ་ལ་གནས་ཡིད་དུ་འོང་བར་སྐྱང་ནུལ་བྱ། ཅོག་ཙེའི་སྟེང་དུ་མཎྜལ་གྱི་ཁར་འབྲས་ཀྱི་ཚོམ་བུ་གཅིག་བཀོད། དེ་སྟེང་མཉྫིའི་ཁར། དཀར་གསུམ་གྱིས་སྦྲུས་པའི་གཏོར་ཟླུམ་དཀར་པོ་པད་འདབ་བཞི་པ་མཐར་འབྲུ་སྣ་མངར་གསུམ་ཤིང་ཏོག་སྣ་ཚོགས་ཀྱིས་བསྐོར་བ་དྲང་སྲོང་ཞི་དྲག་གི་ཙཀ་ལི་བཙུགས་པ་བཤམས་པར་ཆུ་ཆང་སྦྲན། གཡས་སུ་ཐོབ་དང་གཡོན་དུ་རལ་གྲི་དངོས་སམ་ཙཀ་ལི། མདུན་ནས་བརྩམས་ཏེ་སྒོར་(༢ན)


GLG022_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དམ་ཐད་མཆོད་གང་རུང་ལ་ཆུ་གཉིས་ཉེར་སྤྱོད་ལྔ། དྲག་པོའི་ཆུ་གཉིས་དང་ཉེར་སྤྱོད་ལྔ། སྨན་རཀ་གཏོར་གསུམ། གཏེར་བསྲུང་དགེ་བསྙེན་ཤེའུ་ཁ་རི་ལ་ཟླུམ་གཏོར། ཀླུ་བདུད་མགོ་དགུ་དང་། སྙོན་ཁ་གཉིས་ལ་ཟླུམ་གཏོར་གཉིས་སྦྲུལ་གྱི་དཀྲིས་པར་ཀླུ་སྨན་བཏབ་པ། རྒྱལ་པོ་ཤེལ་གིང་ལ་འཕྱི་ཤོས། ཚོགས་ཆས། ཆང་བུ་བརྒྱད། བགེགས་གཏོར། གུ་གུལ། ཡུངས་ཐུན། རོལ་ཆེན། སློབ་དཔོན་གྱི་ཅོག་ཙེའི་སྟེང་དུ་རྡོར་དྲིལ། ལས་བུམ། མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་མངོན་པར་འདུ་བྱས། ལས་བྱང་གི་གཞུང་བསྲངས་ཏེ་བདག་མདུན་གཉིས་ཀ་ཞེ་སྡང་རྡོ་རྗེ་སྤྱི་བོར་དྲི་མེད་འོད་ཟེར་སོགས་མངོན་རྟོགས་ཇི་ལྟ་བ་བསྒོམས་པའི་སྒྲུབ་མཆོད་བཟླས་པ་ཚོགས་མཐའ་མའི་བར་བྱ། ལས་བུམ་དུ་རྡོ་རྗེ་སེམས་དཔའ་དང་བདུད་རྩི་འཁྱིལ་པ་བསྐྱེད་སྒྲུབ་བྱེད། ཏིང་ངེ་འཛིན་ཙམ་གྱི་སྒོ་ནས་རིག་གཏད་དམིགས་པར་ལེན། སློབ་མ་རྣམས་ཁྲུས་ནས་དབྱུང་། ཡོན་དུ་རལ་གྲི་སོགས་ཁབ་ཀྱིས་མཐའ་བརྟེན་པའི་མཚོན་ཆ་འབུལ། ཕྱག་བྱས་ཏེ་གྲལ་ལ་འཁོད། བགེགས་གཏོར་བཏང་། ཐུན་མོང་སྔོན་དུ་འགྲོ་བའི་ཆོས་བཤད་ནས་མཎྜལ་འབུལ་དུ་(༢བ)


GLG022_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག །སྟེང་གོས་མགོ་མཇུག་རིགས་འཛིན་ཀརྨ་གུ་རུ་སོགས་ཀྱི་རྒྱུན་ལ་བྱ་རོག་གི་ཞྭ་གོན་ཡང་འབྲི་གུང་ཕྱོགས་སུ་སྒྲུབ་པའི་སྐབས་མ་གཏོགས་པར་བཀབ་མི་མཛད་པས་མི་དགོས། ལྡོག་སྟེ་གྱོན། ལག་ཏུ་མེ་ཏོག་ཐོགས་ལ་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ནི་མུ་སྟེགས་བྱེད་དང་ནི། །སྡེ་བརྒྱད་འགོང་པོའི་དབང་དུ་སོང་བ་ལ། །དྲང་སྲོང་དམོད་པས་བཟློག་པའི་ཐབས། །ངོ་མཚར་ཅན་དུ་ག་ཏྲི་གནང་དུ་གསོལ། །ཞེས་ལན་གསུམ་བརྗོད། དེ་ནས་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར། ལོ་རྒྱུས་ནི། ལྷོ་ཕྱོགས་ཨིནྡྲའི་ཡུལ་ན་རྒྱལ་པོ་དྷརྨ་ཨ་ཤྭ་ཀ་བྱ་བ་ཞིག་ཡོད་པས། ཡུལ་མི་རྣམས་ཀྱིས་རྒྱལ་ཁྲིམས་བཤིག་པས་རྒྱལ་པོ་ཐུགས་མ་བདེ་ནས་ཡུལ་གྱི་གཙོ་བློན་རྣམས་ལ་ཐུགས་ཁྲོས་ཏེ། སྡེ་བརྒྱད་གཟིར་ཅིང་ཁྱད་པར་དུ་གཏད་ཁྲམ་བྱས་པས་རྒྱལ་ཁྲིམས་བཤིག་པ་ཐམས་ཅད་ཕུང་བར་བྱས་སོ། །དེ་ནས་རྒྱལ་ཁྲིམས་ཤིན་ཏུ་གཉན་པར་བྱས་སོ། །དེར་རྒྱལ་པོ་ལ་རང་བསྲུང་གི་གདམས་པ་མེད་པས། ཀླུ་ལ་སོགས་སྡེ་བརྒྱད་ཀྱི་བསྙགས་བྱུང་ནས་མཛེ་བྱུང་། གློ་སྙིང་མེར་འབར་ཁ་ནས་ཁྲག་བསྐྱུགས། ཤིན་ཏུ་ནད་ཀྱིས་གདུངས་པ་ལས། མོ་དང་པྲ་མང་དུ་བྱས་ཙ་ན། ནགས་ཚལ་དྲ་བ་ཅན་གྱི་ཕུག་ན་དྲང་སྲོང་དྲི་མེད་འོད་ཟེར་ཞེས་བྱ་བ་དཀའ་ཐུབ་ལ་གནས་པ་དམོད་པ་བཙན་པ་ཟས་སུ་ཤིང་ཏོག་གསོལ་བ་ཞིག་བཞུགས་ཀྱི་དེ་སྤྱན་དྲངས་ནས་བྱིན་རླབས་ཞུས་ན་ཕན། གཞན་ཅིས་ཀྱང་མི་ཕན་ཟེར་བས་དེ་རྒྱུས་ཡོད་པའི་མི་སུ་ཡོད་དྲིས་པས། བྲམ་ཟེ་རྒན་པོ་ཞིག་ན་རེ། ནགས་ཚལ་དྲ་བ་ཅན་གྱི་ཕུག་ཏུ་སྟག་གཟིག་དོམ་དྲེད་ཀྱང་མི་ཐར་ན་མི་དག་ལྟ་ཅི་སྨོས། དྲང་སྲོང་དྲི་མེད་འོད་ཟེར་ནི་ཟླ་བ་ཉའི་ཉིན་པར་རི་བོ་ཀུན་འདུས་ཀྱི་རྩེ་མོར་དྲང་སྲོང་འབུམ་ཕྲག་དུ་མ་ལ་ཆོས་སྟོན་དུ་ཡོང་བ་ཡིན་ནོ་ཟེར་བས། དེའི་ཉིན་པར་རི་བོ་ཀུན་འདུས་(༣ན)


GLG022_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩེ་མོར་རྒྱུག་བཅུག་པས། དྲང་སྲོང་རྒན་པོ་ལུས་ཅུང་ཟད་རིད་པ། མདོག་སྔོ་བ། ཨག་ཚོམས་ཆེ་བ། རས་དཀར་པོའི་སྨད་དཀྲིས་གསོལ་བ་ཞིག་བྱུང་བ་ལ་ཞུ་བ་ཕུལ་ཏེ་ཤིང་རྟ་ལ་བསྐྱོན་ནས་སྤྱན་དྲངས་ཏེ་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་ལ་བཞུགས་སུ་གསོལ་ནས་ཞལ་ཟས་སྣ་ཚོགས་དྲངས་ཏེ་རྒྱལ་པོས་ཕྱག་དང་ཞེ་ས་བྱས་ནས། བདག་གིས་རྒྱལ་ཁྲིམས་ཤོར་བ་ལ་ཐུག་ནས། ཀླུ་དང་ས་བདག་ལ་སོགས་སྡེ་བརྒྱད་ལ་གཏད་ཁྲམ་བྱས་པས་ལྷ་འདྲེའི་བསྙགས་བྱུང་ནས་འདི་ལྟ་བུའི་ནད་ཀྱིས་ཟིན་པ་ལ་བདག་ལ་ཐུགས་རྗེས་གཟིགས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞུས་པས། དྲང་སྲོང་གི་ཞལ་ནས། རྒྱལ་པོ་ཆེན་པོ་སྡིག་པ་མི་དགེ་བ་བཅུ་སྤོངས། འབྲུ་དང་ཟན་གྱི་གཏོར་མ་རྒྱ་ཆེན་པོ་ཤོམས་ཤིག །དྲང་སྲོང་འབུམ་ཕྲག་ལ་གཏོར་མ་གཏོང་གསུངས་ནས། དྲང་སྲོང་རྣམས་ཀྱིས་སྨོན་ལམ་བཏབ་བོ། །དྲང་སྲོང་ཆེན་པོ་ཉིད་ཀྱིས་དམོད་པའི་སྔགས་རྒོད་འདི་ལན་ཅིག་བརྗོད་པས། དེ་ཅུང་ཟད་བདེ་ཟེར། དེ་བཞིན་དུ་ལན་བདུན་བརྗོད་པས་སྙུན་མི་བདེ་བ་མེད་པར་ཕན་པར་གྱུར་ཏོ། །དེ་ནས་དྲང་སྲོང་ལ་མཆོད་གནས་སུ་བཞུགས་པར་ཞུས་ཀྱང་མ་གནང་ནས། ནགས་ཚལ་དྲ་བ་ཅན་དུ་བཞུད་དོ། །དེ་ནས་རྒྱལ་པོ་དྷརྨ་ཨ་ཤྭ་ཀས་བྲམ་ཟེ་ལེགས་གྲུབ་ལ་གནང་། དེས་རྒྱ་གར་པྲ་ཧ་སྟི་ལ་གནང་། དེས་ཤཱནྟིཾ་གརྦྷ་ལ་གནང་། དེས་སློབ་དཔོན་པདྨ་ལ་གནང་། དེ་ཡང་གངས་ཅན་བོད་ཀྱི་བཙད་པོ་ལྷ་གཅིག་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྲོལ་བཙུགས་པ། ལྷ་སྲིན་རྣམས་ཀྱིས་མཛད་དུ་མ་སྟེར་བ་དེའི་གཉེན་པོར་འཛམ་བུའི་གླིང་ན་ཆེ་བའི་རིག་སྔགས་གྲུབ་པ་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོ་གདན་དྲངས་པའི་དུས་སློབ་དཔོན་པདྨས། རྒྱུད། གཞུང་། མན་ངག །མདེའུ་ཐུང་། ནད་གསོ་བ་སོགས་ལྷོ་བྲག་མཁོ་མཐིང་ལྷ་ཁང་དུ་གཏེར་དུ་སྦས་པ་མངའ་(༣བ)


GLG022_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་སྐྱེ་བ་བཅུ་གསུམ་པ་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཏེ་རིགས་ཀྱི་སྲས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་མངའ་བདག་འགྲོ་མགོན་ལ་གནང་། དེས་བླ་མ་མངའ་བདག་པ་ཆེན་པོའི་ཡང་སྲིད་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་ལ་གནང་། གདམས་སྐོར་འདིའི་ལས་ཚོགས། འཕྲིན་ལས། རིག་གཏད། སྙིང་འགྲེལ། སྙན་བརྒྱུད་སོགས་མན་ངག་ཕལ་ཆེར་གནམ་སྐས་བྲག་གི་ཀླུ་བདུད་ལྟོ་བར་གཏམས་ཤིང་བཅུད་ཕུར་སོགས་འགའ་ཞིག་པ་ཀོར་བཻ་རོ་ཙ་ནས་བཻཌཱུཪྻའི་ཤོག་བུ་ལ་གསེར་གྱིས་བྲིས་ནས་བསེའི་སྒྲོམ་བུར་བཅུག་སྟེ་མཁོ་མཐིང་ལྷ་ཁང་དུ་སྦས་པའི་གཏེར་ཁ་གཉིས་ཆོས་དབང་རིན་པོ་ཆེས་གདན་དྲངས། ཐུགས་ཀྱི་སྲས་པདྨ་དབང་ཆེན་དང་ཀ་ཐོག་པ་རྒྱལ་བ་བཟང་པོ་གཉིས་ལ་གནང་། དེ་ནས་སོ་སོར་བརྒྱུད་པ་གྱེས་པ་མཐར་ཆུ་བོ་གཅིག་ཏུ་བླ་མ་མཁའ་དབྱིངས་རྡོ་རྗེ་ལ་འདྲེས། དེས་ལྷ་སྲས་མུ་ཏིག་བཙན་པོའི་སྐྱེ་བ་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ལ་གནང་། རྗེ་ཟུར་པས་རྒྱལ་པོ་མྱ་ངན་མེད་དུ་སྐྱེ་བ་བཞེས་པ་གསལ་བར་དྲན་ཞིང་ཡི་དམ་འདི་དངོས་སུ་འགྲུབ་པས་དྷརྨ་ཨ་ཤྭ་ཀ་ནས་རྗེ་གནམ་ལྕགས་མེ་འབར་ལ་ཉེ་བརྒྱུད་དུ་བྱས་ཀྱང་ཆོག་པ་ཡིན། རྗེ་ཟུར་པ་ལ་འཁྲུལ་མེད་ཀྱི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེས་གསན། གཉིས་ཀ་ལ་དཔལ་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་ཀྱིས་གསན། དེས་རང་གི་རིགས་སྲས་བཀྲ་ཤིས་ཕུན་ཚོགས་ལ་གནང་། དེ་ལ་ཁོ་བོའི་འདྲེན་པ་དམ་པ་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པའི་ཟློས་གར་ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱིས་རིག་གཏད་གསན། ལུང་རགས་རིམ་ཕྱག་བཞེས་དང་བཅས་པ་རྗེ་ཟུར་པ་ལ་རས་ཆུང་རྣམ་སྤྲུལ་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོས་གསན། དེས་རིགས་སྲས་ཀུན་དགའ་ཆེ་མཆོག །དེས་ཟུར་ལྷུན་གྲུབ་རྡོ་རྗེ། དེས་ཡབ་གཞོན་ནུ་དོན་གྲུབ། དེ་ལ་སྲས་རྩ་བའི་(༤ན)


GLG022_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས་གསན་ཅིང་བདག་ལ་སྩལ་བ་ལྟར། སྲེག་པ་མེའི་ལས་སྦྱོར་ལ་བརྟེན་ནས་དམ་སྲི་འབྱུང་པོའི་ཚ་ངར་བཅག་པའི་ཡིད་ཆེས་ཀྱི་ངེས་པ་རྙེད། ཡང་རིག་གཏད་ལུང་དང་བཅས་པ་ཡོངས་སུ་རྫོགས་པ་རྗེ་ཆོས་རྒྱལ་ཕུན་ཚོགས་ནས་རཏྣའི་མཆོག་སྤྲུལ་དབུར་སྨྱོན་ཆོས་ཀྱི་གྲགས་པ། དེས་མངའ་རིས་པ་སྔགས་འཆང་ཆེན་པོ་དཀོན་ཅོག་ལྷུན་གྲུབ། དེས་དྲིན་ཅན་སྤྲུལ་པའི་སྐུ་མཆོག་ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ལ་སྩལ་ཞིང་མན་ངག་ཕྱག་ལེན་དམར་འཁྲིད་ཤིན་ཏུ་མཐའ་ཆོད་པ་མཁས་གྲུབ་དཀོན་ཅོག་ལྷུན་གྲུབ་ཉིད་ལ་ཁོ་བོས་ནོས་ཤིང་། གཞན་ཡང་ལུང་རྒྱུན་འགའ་ཞིག་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ནས་རིགས་འཛིན་ཡོལ་མོ་བ་ཆེན་པོ་ལས་ཟུར་ཐམས་ཅད་མཁྱེན་པས་གསན་ཅིང་རིག་གཏད་དང་ལུང་ཁ་ཡར་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་ལ་ཡང་བདག་གིས་ཞུས་པ་ལགས་པས། སྟེང་ནས་རིགས་འཛིན་བརྒྱུད་པའི་བྱིན་བརླབས་ཀྱི་ཆུ་བོ་མ་ནུབ། བར་དུ་མན་ངག་མཁའ་འགྲོའི་ཁ་རླངས་ཀྱི་ཚ་ངར་མ་ཡལ། ལྷ་སྔགས་ཡེ་ཤེས་སྣང་གྲག་རིག་གསུམ་དུ་གསལ་བའི་འཆར་སྒོ་མ་འགགས། འོག་ཏུ་དམ་རྫས་གཏོར་མའི་རི་བོ་མ་ཉིལ་ཞིང་སྨན་རག་གི་རྒྱ་མཚོ་མ་སྐམས། བརྒྱུད་པ་དམ་ཉམས་འདྲེ་ཁྱེར་བསྲེ་བསླད་ཀྱིས་མི་དབར་ཁྱིས་མ་ཆོད་པ་ལགས། དེ་ཡང་མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་གསལ་ལེགས་པར་བཏབ་པ་ལ། རྒྱུད་དག་པར་བྱ་བའི་སླད་དུ་སྐྱབས་སེམས་ཀྱི་རྗེས་ཟློས་ལས་བྱང་བཞིན་ལན་གསུམ་བྱ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་ནི། གསང་བའི་བདག་པོ་རྡོ་རྗེ་འཛིན། །བདག་ལ་ཐུགས་རྗེས་དགོངས་ནས་ཀྱང་། །བར་ཆད་རྐྱེན་ལས་རྒྱལ་བའི་ཕྱིར། །དྲང་སྲོང་དྲི་མེད་བཤེས་གཉེན་གི །སྐུ་གསུང་(༤བ)


GLG022_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དང་ཡོན་ཏན་རྣམས། །རྫོགས་པར་བདག་ལ་སྩལ་དུ་གསོལ། །ལན་གསུམ་རྗེས་ཟློས་བྱེད། དེ་ནས་ལས་བྱང་གི་ཚིག་བརྗོད་པ་དང་མཉམ་དུ་སློབ་མ་རྣམས་དྲང་སྲོང་ཞི་བ་དྲི་མེད་འོད་ཟེར་དུ་བསྐྱེད་ཅིང་བརྡ་སྤྲད། གནས་གསུམ་བྱིན་གྱིས་བརླབ། སྙིང་གའི་དྷཱིཿསེར་པོ་ལས་འོད་ཟེར་འཕྲོས་པས་རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ་ནགས་ཚལ་དྲ་བ་ཅན་ནས། ལྷའི་བུ་དྲང་སྲོང་དྲི་མེད་རས་དཀར་པོའི་ན་བཟའ་མནབས་པ། རལ་པ་སྔོ་སྐྱ། ཨག་ཚོམས་བྲང་དུ་སླེབ་པ། ཕྱག་གཉིས་ན་རིལ་བ་སྤྱི་བླུགས་དང་ལུང་ཐང་ཕྲེང་བ་འཇིན་པ། འཁོར་དྲང་སྲོང་འབུམ་གྱི་ཚོགས་དང་བཅས་པ་བྱོན་པར་བསམས་ནས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས་ཞེས་པ་ནས་བཟུང་སྟེ་སེམས་ཅན་དོན་ལ་གཤེགས་སུ་གསོལ་གྱི་བར་དང་ཨོཾ་ཧ་ལ་ཧ་ལ་ཧི་ལི་ཧི་ལི་ཧེ་ཧེ་དྲུང་དྲུང་། ཛཿཛཿབྷྱོ་བྷྱོ། བཟློག་བཟློག་ཅེས་དང་ཏྲང་དུ་ཉེར་གཅིག་བརྗོད་ལ། ནགས་ཚལ་དྲ་བ་ཅན་ནས་དྲང་སྲོང་དྲི་མེད་འོད་ཟེར་ལ་རང་འདྲ་འབུམ་གྱིས་བསྐོར་བ་ནམ་མཁའ་ལ་སྤྲིན་འཐིབས་པ་བཞིན་བྱོན་ནས་ཐིམ་པར་བསམ། སྤོས་རོལ་བྱ་ཞིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་ཏིཥྛ་བཛྲ་ཞེས་བརྗོད་ནས་བརྟན་པར་བྱ། དེ་ལྟར་ཐིམ་པའི་རྐྱེན་གྱིས་སློབ་མ་དྲང་སྲོང་ཞི་བར་གསལ་བ་གནས་འགྱུར་ཏེ་ཁྲོ་བོ་ཞེ་སྡང་རྡོ་རྗེར་ལས་བྱང་གི་མངོན་རྟོགས་ལྟར་ཚར་གཅིག་བརྗོད་དེ་གསལ་བཏབ། བསྙེན་སྔགས་ལོག་ཏྲི་དང་དྲག་སྔགས་སྤུ་གྲི་རིང་མོ་ཚར་གཅིག་ལས་བྱང་གི་ཆེ་བའི་ང་རྒྱལ་བསྐྱེད་པ་རྣམས་བརྗོད། དམོད་པ་ཚར་གཅིག་དང་བཅས་ཐལ་མོ་བརྡབ། དབང་དངོས་ལ་མདུན་གྱི་གཏོར་མ་ལྷར་གསལ་བ་ལས་ཞེ་སྡང་རྡོ་རྗེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་མའི་སྤྱི་བོར་བྱོན་པར་བསམས་ལ། ཁྲོ་བོའི་སྐུ་གཟུགས་སྤྱི་བོར་བཞག་སྟེ། ཧཱུཾ། ལྷ་ཡི་དྲང་སྲོང་དྲི་མེད་འདི། །གསང་བདག་དངོས་(༥ན)


GLG022_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱད་པར་མེད། །ང་ཡིས་ཁྱོད་ལ་གཏད་པ་ཡིན། །སྡེ་བརྒྱད་བཀའ་ལས་མ་འདའ་ཞིག །ཨཱོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿཨ་བྷི་ཥིཉྩ་ཧཱུཾ། ཞེས་ལྷ་སྤྱི་བོ་ནས་བསྟིམ། བསྙེན་སྔགས་དང་སྤུ་གྲི་རིང་མོ་གཉིས་དམོད་པ་དང་བཅས་པ་བརྗོད་ཅིང་ཐལ་མོ་བརྡབ། ལག་པ་གཡོན་དུ་རལ་གྲི་གཏད་ལ། དབང་གཞན་རྣམས་ཀྱི་རིགས་ལ་ལྷའི་ཕྱག་མཚན་གཡས་ནས་གཏོད་པའི་འཁྲུལ་གཞི་ལ་བརྟེན་རལ་གྲིར་ངོས་བཟུང་སྟེ་ཙཀ་ལིར་བྲིས་པ་ཡོང་འདུག་པ། ཅུང་ཟད་མི་འཐད་པས་ངེད་ཀྱི་ཨ་ཕ་དང་ཨ་མའི་དུས་ལ་ཡོད་ཅེས་འཁྲ་བཞག་མི་མཛད་པ་ཞུ། ཨོཾ་བསམ་ཆོད་རལ་གྲི་ཁྱོད་ལ་གཏད། །ཕ་རོལ་ལོག་རྟོག་ངན་པ་རྣམས། །བཅད་གཏུབ་མིང་ཡང་མེད་པ་དང་། །གཏན་ནས་བརླག་པའི་འཕྲིན་ལས་མཛོད། །ཨཱོཾ་ཏྲང་དུ་ཏྲི་ན་ཁངྒ་ཨ་བྷི་ཥིཉྩ་ཧཱུཾ། བསྙེན་སྔགས་བརྗོད་ལག་གཡས་སུ་ཐོ་བ་གཏད་དེ། ཨཱཿ གནམ་ལྕགས་ཐོ་ཆེན་འབར་བ་འདིས། ཁྱོད་ལ་གདུག་སེམས་ལྡན་པ་ཀུན། །སྤྱི་བོ་ཆོམས་ལ་ཐལ་བར་ཐོང་། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཨོཾ་ཏྲང་དུ་ཏྲི་ན་ཏིཥྛ་ཨ་བྷི་ཥིཉྩ་ཧཱུཾ། བསྙེན་སྔགས་བརྗོད། ཡོན་ཏན་འཕྲིན་ལས་གཏོར་མའི་བྱིན་རླབས་ཀྱི་སྔོན་དུ། ཆང་རྗེས་བརྒྱད་ལྷོ་རྒྱུད་ཀྱི་སྔགས་འཆང་རྣམས་སློབ་མ་རེ་ལ་ཆང་རྗེས་བརྒྱད་པ་རེ་མཛད་འདུག་རུང་འབྲི་གུང་གི་རྒྱུན་ལ་མེད་ཅིང་དེ་ལྟར་ན་སློབ་མ་རེ་ལ་བགེགས་གཏོར་རེ་ཡང་དགོས་པའི་རིག་པ་དོད་མཚུངས་པར་མངོན། ཕྱག་ལེན་ལ་ལར་ཐོག་མར་དྲང་སོང་ལ་ཆབ་གཏོར་ཕུལ། དེ་རྗེས་བགེགས་ལ་ཆབ་གཏོར་གཏོང་བའང་དཔྱད་བཟོད་པར་མི་སྣང་ངོ་། །ཆབ་ཀྱིས་སྦྲན། འབྲུ་གསུམ་གྱིས་བརླབ། སམྦྷ་རའམ་ཨ་ཀཱ་རོ་ལན་གསུམ་གྱིས་སྡེ་བརྒྱད་ལ་བསྔོ། ལྷ་སྲིན་སྡེ་བརྒྱད་ཁྱེད་རྣམས་ཀྱིས་ད་ཕྱིན་ཆད་སློབ་མ་འདི་ལ་གནོད་པ་མ་བྱེད་པར་བསྲུང་སྐྱབ་མཛོད་ཅིག །ཅེས་བཀའ་བསྒོ། གཏོར་མ་གཙང་སར་དོར། དེ་ནས(༥བ)


GLG022_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཞེ་སྡང་རྡོ་རྗེར་གསལ་བའི་སྤྱི་གཙུག་ཏུ་ཞི་བ་དྲི་མེད་བཤེས་གཉེན་བཞུགས་པའི་གཏོར་མ་སྤྱི་བོར་བཞག་སྟེ། ཧཱུཾ། དྲང་སྲོང་ཆེན་པོ་དྲི་མ་མེད། །ལྷ་ཡི་དྲང་སྲོང་འབུམ་དང་བཅས། །སློབ་མ་བྱང་ཆུབ་མ་ཐོབ་བར། །བསྲུང་བ་ཆེན་པོ་མཛད་དུ་གསོལ། །ཨཱོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿབ་ལིནྟ་ཨ་བྷི་ཥིཉྩ་ཧཱུཾ། དྲང་སྲོང་དྲི་མེད་དང་གསང་བདག་དོན་གཅིག་པ་ཡིན་པས། ད་ཕྱིན་ཆད་དྲེགས་པ་ཕྱི་ནང་སུས་ཀྱང་མི་གནོད་ཅིང་བཀའ་ལས་འདའ་བར་མི་ཕོད་པ་ཡིན་པས་སོ། །བསྙེན་སྔགས་བརྗོད་རྗེས་འདི་ལ་གནོད་པར་བྱེད་པའི་མཐུ་བྱད་ནད་གདོན་སོགས་གང་དགོས་པ་ཁ་བསྒྱུར་ཏེ་བསྲུང་བའི་བཀའ་བསྒོ་དྲག་ཏུ་བྱེད། སྤུ་གྲི་རིང་མོ་དང་དམོད་པ་ཚར་གཅིག་གིས་ཐལ་བརྡབ་བྱ། ཕྱིན་ཆད་ཀྱང་དེ་བཞིན་དུ་མཛོད་ཅིག་ཅེས་བཀའ་གཏད། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་བསམས་ཏེ་དངོས་གྲུབ་ཏུ་རོལ། བདུད་རྩི་ནས་ཀྱང་སྟེར། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པ་དང་བཅས། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་བདག་གིས་བསྒྲུབས་ལགས་ན། །བརྩེ་བས་རྗེས་བཟུང་བྱིན་གྱིས་རླབས་ཞེས་ལན་གསུམ་གྱི་རྗེས་ཟློས་བྱ། མཎྜལ་འབུལ། ལྷག་མ། ཆད་མཐོ། སྟན་སྐྱོང་། རྟ་བྲོ། གཏང་རག །ལྷག་ཆད་བཀང་བ། ཉེར་བསྡུ། སྨོན་ལམ་ཤིས་བརྗོད་སོགས་གཞུང་ལྟར་བྱའོ། །ཁྱོད་ཞབས་དྲན་པའི་མོད་ལ་སྲིད་དང་ཞིའི། །གདུང་མུན་ཕ་མཐར་བྱེད་པའི་དྲང་སྲོང་ཆེ། །སྔོན་མེད་ཟླ་བ་གསར་པའི་དཀྱིལ་འཁོར་ནས། །བྱིན་རླབས་ག་པུར་གཟེགས་མ་ཆལ་ཆིལ་འཛག །ཕལ་ཆེར་བདག་བསྐྱེད་མེད་པའི་རིག་གཏད་བྱེད། །ལ་ལ་ཝལ་གྱིས་བསྒོམ་ཞེས་གཞན་སྣང་འདྲིད། །འགའ་ཞིག་འཆོལ་པའི་(༦ན)


GLG022_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་སྣ་ཚོགས་སྦྱོང་། །རིགས་འཛིན་བརྒྱུད་པའི་རིང་ལུགས་མིང་ཙམ་གྱུར། །དེ་ཕྱིར་གངས་ཅན་ལྷ་གཅིག་མུ་ཏིག་བཙན། །གོས་དཀར་ལྕང་ལོའི་ཚུལ་འཛིན་འབྲི་གུང་པ། །གནམ་ལྕགས་མེ་འབར་བཞེད་སྲོལ་ཇི་བཞིན་དུ། །བཀོད་འདིས་གཟུང་གནས་བློ་གསལ་འདོད་པ་འཇོ། །འབད་པའི་ལེགས་བྱས་མཐུ་ལས་སྐྱེ་བ་རུ། །ཟབ་གཏེར་འདི་དང་དེ་སྟོན་ཡོངས་འཛིན་རྣམས། །འབྲལ་མེད་ལྷ་སྔགས་ཡེ་ཤེས་རྣལ་འབྱོར་ལ། །བརྟེན་ནས་ཡིད་སྲུབས་གཡུལ་ལས་རྒྱལ་བར་ཤོག །གདོད་ནས་སྒྲིབ་བྲལ་རང་རིག་ཀུན་བཟང་ཞལ། །མངོན་སུམ་རྗེན་པར་མཐོང་མིན་དེ་སྲིད་དུ། །འཆི་མེད་དྲང་སྲོང་ཆེ་དེས་རྗེས་བཟུང་ནས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་འབེབས་གྱུར་ཅིག །ཅེས་དྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ་ཞེས་པ་འདི་ནི་ལས་བྱང་སྒྲིག་རྩོམ་གྱི་སྐབས་དགེ་སློང་འཇམ་དབྱངས་གྲགས་པས་རིག་གཏད་འདི་ལ་ཆོག་སྒྲིགས་ཤིག་བྱུང་ན་ཞེས་འབད་པས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པའི་དགེ་བས་འགྲོ་བ་རྣམས་བདུད་བཞིའི་འཆིང་བ་ལས་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousདྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ།next