Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
ཀུན་ཤེས་ཀྱི་མཚན་གྱི་ཅོད་པན་དང་མངའ་གསོལ་གཟེངས་བསྟོད།
 
 
 
  
  
  
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousཀུན་ཤེས་ཀྱི་མཚན་གྱི་ཅོད་པན་དང་མངའ་གསོལ་གཟེངས་བསྟོད།next

ཀུན་ཤེས་ཀྱི་མཚན་གྱི་ཅོད་པན་དང་མངའ་གསོལ་གཟེངས་བསྟོད།


GTN006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་འཕྲལ་ཀཿ ཐོག་སྨྲ་བའི་སེངྒེ་ཆེན་པོས་ལེགས་སྦྱར་ཀུན་བཤད་ཀྱི་མཚན་དུ། ཕྱི་ནང་གི་རིག་པའི་གནས་རྒྱ་མཚོ་ལ་སྨྲ་བའི་སྤོབས་པ་མཆོག་ཏུ་དགེ་བར་གཟིགས་ནས། འཇམ༷་དབྱང༷ས་དགྱེ༷ས་པ༷འི་བློ༷་གྲོ༷ས་མ༷ཚོ་སྐྱེས༷་བཞ༷ད་པ༷འི་སྒྲ༷་དབྱང༷ས་ཞེས་བྱ་བ་སྐད་གཉིས་ཤན་སྦྱར་གྱི་སུམ་ཕབ་མཛད་དེ་མིང་གི་ཅོད་པན་བསྩལ་ནས། མངའ་གསོལ་གཟེངས་བསྟོད་སྨོན་ལམ་དང་བཅས་ཆོས་སྨྲ་བའི་གོ་སར་དབང་བསྐུར་བ་དང་། ལེགས་སྐྱེས་ཀྱི་གནང་སྦྱིན་རྒྱ་ཆེན་མཛད་པའི་ཆེད་དུ་བརྗོད་པའི་ལེ་ཚན་ནི། ༡ སྨིན་གྲོལ་གསེར་གྱི་འཁོར་ལོ་སྔོན་འགྲོའི་རང་རིག་གདོད་མའི་རྒྱལ་སྲིད་ཀྱིས། །ཀ་དག་ཆོས་སྐུའི་ཁམས་ལ་དབང་བསྒྱུར་ལྷུན་གྲུབ་སྣང་བཞིའི་དཔུང་པ་ཡིས། །ཟག་བཅས་ཆོས་ཀུན་ལོངས་སྐུའི་དབྱིངས་སུ་མཇའ་ལུས་གྲུབ་མཐའ་རྫོགས་ནས་སླར། །འགག་མེད་ཐུགས་རྗེའི་སྤྲོ་བ་དང་བཅས་སྤྲོ་མཛད་བླ་མ་དམ་པའི་དྲུང་། །༡ སྐལ་བ་དགེ་བའི་འདུས་བྱས་རིན་ཆེན་རྡུལ། །ཚོགས་གཉིས་ལེགས་སྨོན་གྱིས་བཟུང་ཕན་བདེའི་དཔྱ། །འགྲོ་བ་ཀུན་གྱི་ཡིད་བཞིན་འདོད་འཇོ་བའི། །འདྲེན་པ་གང་ཁྱོད་རྣམ་པར་རྒྱལ་གྱུར་ཅིག ། ༢ འཇམ༷་དབྱང༷ས་རབ་དགྱེ༷ས་ཀུན་ཤེས་པ༷འི། །


GTN006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བློ༷་གྲོ༷ས་ལང་ཚོ་དར་བབ་པ། །མཚོ༷་སྐྱེས༷་རྒྱལ་བ་བཞ༷ད་པ༷འི་སྒྲ༷། །དབྱ༷ངས་ཀྱིས་བསྔགས་པས་དགེ་གྱུར་ཅིག ། ༣ སྒྲ་རྟོག་ཤེས་བྱའི་ཆོས་དང་མི་མཛའ་བའི། །བྱ་བྲལ་གདོད་མའི་འགོག་བདེན་རང་རིག་ཏུ། །བཅོས་སླད་བྲལ་བ་རྒྱལ་བའི་དགོངས་བརྒྱུད་དེ། །བདེན་མཆོག་དེ་ཡིས་བདེན་སྨོན་འགྲུབ་གྱུར་ཅིག །༤ བཏུང་བའི་ཕུལ་གྱུར་ཞི་བསིལ་བདུད་རྩིའི་རྒྱུན། །གསན་བསམ་སྒོམ་པས་རྫོགས་པ་ཆེན་པོའི་རོ། །ཆོས་རྣམས་ཡོངས་ཀྱི་མདོ་དང་རྒྱས་པ་རུ། །ཉམས་སུ་མྱོང་བ་སྟོབས་སུ་གྱུར་པ་དང་། །༥བྱང་ཆུབ་སེམས་གཉིས་མཆིལ་བའི་གཞན་དབང་དུ། །གྱུར་ཅིང་བསླབ་གསུམ་གསེར་གྱི་དྲ་བས་མཛེས། །བསྐྱེད་རྫོགས་གསུམ་གྱི་ཐེག་པ་རྨད་བྱུང་བ། །གླང་པོ་ཆེན་པོའི་བྱ་བ་འགྲུབ་གྱུར་ཅིག །


GTN006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༦འཁོར་བ་ཕུང་ལྔས་དམ་ལ་བཞག་པའི་ཆོས། །རང་བཞིན་ཡོངས་གྲུབ་འཇལ་བས་རིམ་གཉིས་ཀྱིས། །མཐའ་གྲོལ་ཆེན་པོར་དག་པ་འབྱམས་ཀླས་པས། །ཀུན་ཏུ་བཟང་པོའི་གྲུབ་མཐའ་རྫོགས་པར་ཤོག །༧ཁྱོད་ཀྱི་བསྡུ་བཞིའི་དཔག་བསམ་དར་བའི་ཚལ། །སྡིག་ལྟའི་བྲང་འགྲོ་འགྲོགས་པའི་སྐབས་མེད་པར། །གཞན་ཕན་ཁོ་ལག་རྒྱས་པར་རྒྱལ་རྣམས་ཀྱི། །ཐུགས་བསྐྱེད་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག ། ཅེས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་རང་གི་གདན་སར་ཡར་ཐེག་པའི་ཚེ། འཇ༵མ་དབྱང༵ས་དགྱེས༵་པ༵འི་བློ་༵གྲོས༵་མཚོ༵་སྐྱེས༵་བཞ༵ད་པ༵འི་སྒྲ༵་དབྱང༵ས་ཞེས་པའི་མཚན་གྱི་ཅོད་པན་དཔྱངས་ནས་སྨོན་ལམ་དང་ཤིས་པས་ཆེད་དུ་བརྗོད་པ་སིདྡྷྱིནྟུ་མངྒ་ལཾ་ཀ་ལྱཱ་ཎཾ་བྷ་བ་ཏུ། ཞེས་དང་། གང་གི་ཞབས་ཀྱི་ཆུ་སྐྱེས་ལ་ཆགས་རྡུལ། །སྲིད་ན་དྲེགས་པ་རྣམས་ཀྱི་དོ་ཀེར་རྩེར། །རབ་ཏུ་འདར་ལྡན་བཏུད་པའི་བསྟི་སྟང་གིས། །མཆོད་བྱས་སངས་རྒྱས་གཉིས་པས་བཀྲ་ཤིས་སྩོལ། །


GTN006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཤིས་པར་བརྗོད་པའི་དབྱངས་ཀྱི་མེ་ཏོག་མནྡཱ་ར་བ་མངོན་པར་འཐོར་བ་སྔོན་དུ་འགྲོ་རྟིང་། ཐོག་མའི་དུས་ནས་གཞན་ཕན་ཐུགས་བསྐྱེད་དམ་བཅའི་ས་བོན་གྲུང་པོའི་རིགས་ཀྱི་ནུས་པ་སད་པ་ལས་ཐུབ་བསྟན་ཡོངས་སུ་རྫོགས་པའི་མྱུ་གུ་གཞོན་ནུ། སྔོན་བྱོན་གྲུབ་པ་རྣམས་ཀྱི་བསྟི་གནས་ཁྱད་པར་འཕགས་པ་འདིར་བྱོན་ནས་ཁོ་བོ་ཅག་གི་གམ་དུ་ཉེ་བར་བསྙེན་པར་མཛད་པའི་རིང་། ཕྱི་རིག་པ་རྗོད་བྱེད་ཐ་སྙད་ཀྱི་གཞུང་ཆེན་པོ་རྣམས་ལ་གསན་བསམ་དཔྱིས་ཕྱིན་པ་དང་། ནང་རིག་པ་སྨིན་གྲོལ་གྱི་གདམས་ཁྲིད་ཟབ་མོའི་བདུད་རྩི་ལེགས་པར་གསོལ་བས་བརྗོད་བྱ་རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཐོག་མར་གཟིགས་ཤིང་སྒྲུབ་པ་ཉམས་ལེན་གྱི་གོམས་པ་སྟོབས་སུ་གྱུར་པའི་ཉེར་ལེན་གྱི་རྒྱུ་ཕུན་སུམ་ཚོགས་པར་བསྒྲུབས་ཟིན་པས། གསང་སྔགས་སྔ་འགྱུར་གྱི་བསྟན་པ་འདི་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་རོང་པ་པཎྜི་ཏ་དང་། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར། མངའ་རིས་པཎ་ཆེན་རིན་པོ་ཆེ། སྨིན་གླིང་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་མཆེད་ཡབ་སྲས། གོང་ལོ་གཞན་ཕན་རྡོ་རྗེ། མཁས་མཆོག་སོག་ཟློག་པ། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་པ་བཟང་པོ་ལ་བདག་གིར་མཛད་པས་མཁས་བཙུན་བཟང་པོའི་དབང་ཕྱུག་ཆེན་པོའི་གནས་ལ་བརྫི་བ་མེད་པར་སྤྱོད་ནས་སངས་རྒྱས་གཉིས་པའི་བཤད་སྒྲུབ་ཀྱི་བསྟན་པ་དྲི་མ་མེད་པ་འདི་ཉིད་ཀུན་ནས་ཀུན་ཏུ་འཛིན་པ་དང་། འཆད་པ་དང་། རྩོམ་པ་དང་། སྤེལ་བ་དང་། ཀུན་ནས་ཀུན་ཏུ་སྐྱོང་བ་དང་། སྒྲུབ་


GTN006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པས་མཚོན་འཁོར་ལོ་གསུམ་གྱི་སྒོ་ནས་བྱ་བ་ཡང་དག་པ་བྱེད་པར་མངའ་གསོལ་ཞིང་གཟེངས་བསྟོད་པའི་དགེ་མཚན་འགོག་པ་མེད་པའི་རྟེན་འབྱུང་གི་སྒོ་གསར་དུ་དབྱེ་བ་ལ་གེགས་ཀྱི་རྒྱུ་བ་ཕྲ་མོ་ཙམ་གྱིས་ཀྱང་སྐབས་རྙེད་པར་མ་གྱུར་མི་འགྱུར་འགྱུར་བ་མེད་པས་སྟོན་འཁོར་གནས་དུས་ཕུན་སུམ་ཚོགས་ཤིང་བཀྲ་ཤིས་ལེགས་ལམ་གྱི་དགེ་མཚན་བསམ་གྱིས་མི་ཁྱབ་པའི་དགའ་སྟོན་ཉམས་སུ་བསྟར་བ་ལ་མངོན་དུ་ཕྱོགས་པ་ལ་རྟེན་ཅིང་འབྲེལ་འབྱུང་གི་རེ་ཁ་གསལ་བར་བྱ་བའི་ཕྱིར། དང་པོ་བཀྲ་ཤིས་པའི་ལྷ་གོས་དྲི་མ་མེད་པ་སྲིད་དུ་རིང་བ། སྐུའི་རྟེན་དུ་བསྟན་པའི་བདག་པོའི་སྣང་བརྙན་བཀྲ་ཤིས་ལི་མ་ཁྱད་འཕགས་ན་བཟའ་བཅས། གསུང་གི་རྟེན་གཏེར་ཆེན་ནུས་ལྡན་རྡོ་རྗེའི་གཏེར་བྱོན་ཆོས་སྐོར་པུསྟི་ཀ་བཅུ་གཅིག །གཏེར་ཆེན་རཏྣ་གླིང་པའི་ཆོས་སྐོར་པུསྟི་ཀ་ལྔ། ཐུགས་རྟེན་བདེ་སྟོང་ཟུང་འཇུག་གི་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་ས་སྐྱོང་སྡེ་དགེའི་ཁྱད་དྲིལ་གསེར་རྩི་ཅན། ཡོན་ཏན་གྱི་རྟེན་དུ་དཔའ་བོ་མཁའ་འགྲོའི་ཐུགས་དམ་དགྱེས་བྱེད་སེང་ལྡིང་གི་ཌཱ་མ་རུ་ཐོད་གཟུགས་འཕན་ལྔར་བཅས། ཕྲིན་ལས་ཀྱི་རྟེན་དབང་བཞིའི་ཆུ་བོས་གདུལ་བྱ་སྨིན་བྱེད་དངུལ་དཀར་གྱི་ཀ་ལཱ་ཤ་བཅུད་ཀྱིས་བཏམས་པ། བུམ་གདན་སྣ་ཚོགས་པདྨའི་རེ་ཁ་བཀྲ་བ། ཚོགས་གཉིས་རྫོགས་པའི་མཚོན་བྱེད་མཎྜལ་རི་རབ་བཀོད་པ། གོས་བཟང་པོ་ལས་བཅོས་པའི་དབང་རྟགས་ཅོད་པན། བཟང་གོས་ཀྱི་གན་སྦྱར། སྐུ་ཤམ། ཞབས་ཆགས། སིལ་སྙན་རྒྱ་ནག་མ་ལེགས་པ།


GTN006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དམར་ཆ་གཅིག །རྐང་གླིང་ཆ་གཅིག །སྡེ་དགེའི་ཆིབས་སྒ་ལེགས་པ་འཁོར་ཚང་། གོས་ཡུག །ལིང་ཡུག །ཟམ་ཡུག །ལ་དཀར་ཡུག །ཝ་ལྤགས། གཡི་ལྤགས། གཟིག་ལྤགས། ཆིབས་ཆེན་ཛཿ ཀ་དབོན་པོའི་གཡུ་འཛོང་། མཐའ་དཀར་རས་དཀར་ཡུག་བཅས་འབུལ་ལམ་ཞུས་པས་དགྱེས་བཞེས་ཞུ་ཞིང་། སླད་ནས་ཀྱང་སྲིད་པ་མཐའ་ཅན་དུ་མ་གྱུར་གྱི་བར་ལྷན་རྒྱས་ཆོས་དམ་གསེར་གྱི་སྲད་བུས་སྦྲེལ་བའི་སྲིད་ཞིའི་ལེགས་ཚོགས་མཐའ་དག་ཡར་ངོའི་ཟླ་སྣང་དཀར་པོའི་འཕེལ་ཆ་བཞིན་རྒྱས་པར་འགྱུར་བའི་རྟེན་འབྱུང་ཕུན་སུམ་ཚོགས་པར་ཞུ་ཞུ་ཞུ། སརྦ་མངྒ་ལམ། ཛ་ཡ་ཛ་ཡ་སུ་ཛ་ཡནྟུ། ཞེས་པའི་བསྔགས་བརྗོད་སྤྱིར་ཀཿ ཐོག་པ་ལ་སློབ་ཚོགས་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་ཡོད་པའི་ནང་ནས་མཚན་མོའི་མགོན་པོ་ལྟ་བུ་ཁྱད་དུ་འཕགས་པའི་གོ་སར་དབུགས་དབྱུང་བར་མཛད་པའོ།། སྤྱིར་གོང་སྨོས་ལྟར་སྐྱེ་ནས་སྐྱེ་བར་བྱང་ཆུབ་ཀྱི་སེམས་གཉིས་གོམས་པ་ཤུགས་བརྟན་ཅིང་། ནག་པོའི་ཆོས་བཞི་སོགས་ཀྱིས་བར་མ་བཅད་པས་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཞན་ལ་ཕན་སེམས་དུས་རྒྱུན་མར་ཐུགས་རྒྱུད་ལ་འབྲལ་མེད་དུ་ཡོད་ནའང་། ཁྱད་པར་ཀཿ ཐོག་ཏུ་བཞུགས་རིང་གནས་དང་བླ་མའི་བྱིན་རླབས་མངོན་དུ་འཆར་བས། དད་པ་དང་ངེས་འབྱུང་མི་རྟག་སྐྱོ་ཤས་སོགས་ཆོས་ལ་གསར་དུ་ཞུགས་པའི་བློ་སྦྱོང་དགའ་རབ་ཡོད་པ་དང་། མ་ཟད་བདེ་གསལ་མི་རྟོག་སོགས་ཀྱི་ཉམས་དུ་མའི་སྐྱེ་ཚུལ་སྣ་ཚོགས་ཤར་བ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ལ་ཉིན་ལྟར་རྟོགས་འབུལ་ཞུས་པས་ཉམས་སྐྱོང་ལུགས་


GTN006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གེགས་སེལ་བོག་འདོན་རྣམས་ལམ་རྒྱུས་ཞིབ་པའི་ས་མཁན་གྱི་གདམས་པ་ལྟར་རིམ་པར་བསྩལ་པས། ཐུགས་ལ་བདེ་ཉམས་དང་ཞི་གནས་བཟང་པོ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟར་ལ། ལྷག་མཐོང་གི་དང་ཆ་གསལ་བས་ས་ལམ་གྱི་ཡོན་ཏན་ཇི་བཞིན་པ་བསྐྱེད་ནུས་པ་དང་། དེས་དྲངས་པའི་ཤིན་སྦྱངས་ཀྱི་བདེ་བ་ཡང་རྩོལ་མེད་རང་བྱུང་དུ་འཆར་བ་ཞིག་ཡོད་པས། འདི་གའི་རྒྱུན་ལེགས་པར་ཡུན་དུ་སྐྱོང་རྒྱུ་བྱུང་ན་རྫོགས་ཆེན་ལུགས་ལ་དེ་འདྲའི་བརྡ་ཆད་ཀྱི་མིང་འདོགས་མེད་ཅིང་། ཕྱག་ཆེན་པ་ལྟར་ན་ཉམས་ཀྱི་སྤྲོས་བྲལ་ཙམ་ཟེར་ཆོག་པ་ཡོད་གསུངས་ཞལ་བཞེས་མཛད་དེ། སླར་ཡང་ཁེངས་སྐྱུང་གི་ཕྱིར་དུ་སྒོམ་ཡུན་ཐུང་བ་སོགས་ཀྱིས་རྩེ་གཅིག་ཆུང་ངུ་ཙམ་ཡང་ཡོད་དོན་ཅི་ཡོད་གསུངས། ལར་འདི་སྐོར་ལོ་གསུམ་སྐོར་ཙམ་ལ་ཞི་གནས་ཧ་ཅང་ཤུགས་དྲག་པས་ལྷག་མཐོང་གི་གསལ་ཆ་ཆེད་དུ་འདོན་དགོས་པ་བྱུང་བ་དང་། ཁྲིད་སྦྱང་སྐབས་ཀྱི་རྨི་ལམ་སྦྱངས་པའི་སྟོབས་ཀྱིས་ཨེ་ཡིན་སྙམ་པས། ཉིན་མོའི་སྣང་བ་ཐམས་ཅད་ཀྱང་རྨི་ལམ་དང་ཁྱད་པར་ཅི་ཡང་མེད་པ་བདེན་ཞེན་གྱིས་རྩིས་གདབ་མེད་པས་སྣང་བ་ཐམས་ཅད་ཅིར་ཡང་བསྒྱུར་དུ་བཏུབ་པ་ལྟ་བུའི་ཉམས་ཀྱིས་གཡང་ས་སོགས་ལ་གཏད་མེད་ཀྱིས་སྲོག་ལ་ཉེན་འོང་དོགས་ཀྱིས་བག་ཟོན་བྱེད་དགོས་པ་ཡང་སྐབས་འགར་བྱུང་བ་དང་། གང་ལྟར་ཡང་འདི་སྐབས་སུ་ཉམས་དང་རྨི་ལམ་ཅི་རིགས་པར། ལྷ་དང་བླ་མའི་ཞལ་མཐོང་བ། ཆོས་ཐོས་པ། དོན་ཤེས་པ། ཐོས་བསམ་སྒོམ་པའི་ཤེས་


GTN006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འཕེལ་བ། རྟོག་པའི་རྐྱེན་ཐུབ་པ་སོགས་རང་གི་དག་སྣང་བཟང་བ་དང་། བླ་མའི་ཐུགས་རྗེའི་བྱིན་རླབས་ལས་ཐོབ་པ་ཅུང་ཟད་རེ་ཡོད་ཀྱང་གཞན་གྱིས་སྒྲོ་བསྐུར་གྱི་རྒྱུར་འགྲོ་བ་ཙམ་ལས་དགོས་པ་ཆུང་བར་སེམས་ཏེ་མ་བྲིས་གསུངས་པ། ལར་སྐྱེས་བུ་མཆོག་རྣམས་ནི་ཡོན་ཏན་སྦེད་པར་བྱ་བ་ལས། གཞན་ལ་ཆེ་འདོད་དང་གྲགས་འདོད་ཀྱིས་མངོན་པར་བྱ་བ་མ་ཡིན་ལ། ལྷག་པར་དུ་དམ་པ་འདི་ནི་ཕྱི་ནང་གསང་བའི་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཡིན་ཡང་ཀུན་སྤྱོད་རང་བཞིན་ཐ་མལ་གྱི་ན་ཙམ་ལ་བརྟེན་པ་ལས་ཆེ་བཙན་བཟང་དྲག་གི་རྣམ་པ་གཏན་ནས་མི་མཛད་པ་དེ་འདྲ་ཡིན། དེ་ནས་ཀཿ ཐོག་ཏུ་ལོ་ལྔ་སོང་བ་དགུང་ལོ་བཅུ་དགུ་བཞེས་པ་ཤིང་གླང་ནག་པ་ཟླ་བའི་ཚེས་ཉེར་བདུན་ལ་དཔལ་ཀཿ ཐོག་རྡོ་རྗེ་གདན་ནས་བླ་མ་མཆེད་གྲོགས་ཟབ་རྒྱས་ཀྱི་ཆོས་ཚུལ་རྒྱ་མཚོ་ལ་འབྲལ་མི་ཕོད་པའི་གདུང་བ། གསང་སྔགས་གསར་འགྱུར་གྱི་ཤིང་རྟ་ཆེན་པོ་དཔལ་ལྡན་མར་པ་ཆོས་ཀྱི་བློ་གྲོས་འཕགས་ཡུལ་པུ་ལ་ཧ་རིའི་དགོན་པར་བླ་མ་ནཱ་རོ་ཏ་པའི་དྲུང་ནས་ཕྱིར་བྱོན་པའི་དུས་ལྟར་མཛད་ནས་ལམ་དུ་ཞུགས་ཏེ་རང་དགོན་ཞེ་ཆེན་དུ་ཟླ་བ་ཕྱི་མའི་ཚེས་བཅུ་ལ་ཕེབས་པ་བླ་གྲྭ་འཁོར་བཅས་ཀྱིས་ཟབ་རྒྱས་ཀྱི་ཆོས་ཚུལ་རྒྱ་མཚོ་ཐུགས་སུ་ཆུད་པའི་དགའ་སྟོན་དུ་ཐོག་རོལ་གྱིས་བསུ་བ་སོགས་མཛད་དེ་ལེགས་པར་གདན་འཇགས་པར་མཛད། རབ་འབྱམས་མཆོག་སྤྲུལ་དང་། རྒྱལ་ཚབ་རྡོ་རྗེ་འཆང་གཉིས་དང་མཇལ་འཕྲད་ཐོག་དཔལ་ཀཿཐོག་ནས་ཐོས་བསམ་སྒོམ་པའི་


GTN006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་བ་འགྲུབ་རིགས་ཀྱི་ཞུ་བྱ་དང་། ཆོས་ཕྱོགས་ཀྱི་བཀའ་འདྲི་མཛད་རིགས་ལ་ལན་རྣམས་ར་ཐོན་ལུག་ཐོན་ལྟ་བུ་ཕུལ་ཡང་རིག་པའི་གནས་ལ་གོ་བ་བྱིངས་འཇལ་ལུགས་ལེགས་འདུག་གསུངས་ནས་ཐུགས་དགྱེས་པའི་རྩེར་སོན། འདི་ནས་བཟུང་ལོ་བཅུ་དགུའི་རིང་ལ་བླ་བྲང་གི་འགན་ཁུར། དགོན་གྱི་བཅའ་བསྒྲིགས་ཀྱི་ལས་ཁུར་བྱེད་དགོས་བྱུང་བས་རྣམ་གཡེང་གིས་ཤེས་རབ་གསུམ་གྱི་སྣང་བ་མར་འགྲིབ། ཉོན་མོངས་པའི་རྩལ་ཁ་གྱེན་དུ་ཕྱོགས་པ་ཞིག་རེད་སོང་གསུངས་ནས། བླ་དགོན་གྱི་ལས་འཛིན་ཆོས་བརྒྱད་ཀྱི་གཟུགས་བརྙན་དེ་ལ་ཐུགས་མི་དགྱེས་པའི་ཚུལ་གསུངས་འདུག་ནའང་། སྔོན་གྱི་སྨོན་ལམ་མཐུ་བཙན་པས། རྒྱལ་དབང་པདྨའི་རིང་ལུགས་ཀྱི་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ལུང་དང་རྟོགས་པའི་བསྟན་པ་རྣམ་པ་གཉིས་སྲིད་མཐའི་བར་དུ་མི་ཉམས་པ་དར་ཞིང་རྒྱས་པའི་ཕྲིན་ལས་ཚངས་པའི་རལ་ཀླུང་ལྟར་རྒྱ་ཆེ་ལ་རྒྱུན་མི་འཆད་པའི་བྱེད་པོར་རྔ་ཡབ་གླིང་པས་བསྐོས་པ་ལྟ་བུར་གྱུར་པས། ཞེ་ཆེན་དུ་རྒྱུད་བཤད་དང་། ཐུན་མོང་གི་རིག་གནས་དུ་མའི་བསླབ་གྲྭ་གཞི་བྱེས་ཀྱི་འདུས་པ་རྣམས་ལ་ཐུགས་ངལ་མེད་པར་མཛད་པ་ལས། ཁྱད་པར་ཀཿ ཐོག་དགོན་ཉིན་སྤྲུལ་སྐུར་སྒྲ་ཀ་ལཱ་པ་དང་། གཞན་མ་འགར་སྙན་ངག །སུམ་རྟགས་སོགས་སོ་སོ་རང་ལ་གང་འདོད་ཀྱིས་རེ་བ་བཀང་། དབང་ལུང་དགོས་རིགས་ཀྱང་བཏང་སྙོམས་སུ་མ་བཞག་པར་གནས་སྐབས་སྐུལ་བ་པོའི་འདོད་པའི་དོན་བསྒྲུབས་ནས།


GTN006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་དྲུག་པའི་ཚེས་བཅུ་བཞི་ལ། རྡོ་རྗེ་འཆང་མི་ཡི་གཟུགས་སུ་བྱོན་པ་རྒྱལ་ཚབ་རིན་པོ་ཆེས། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་སྨིན་ཁྲིད་གནང་བ་དབུ་ཚུགས་པས་མཁའ་ལ་འཇའ་སྤྲིན་དང་། བར་སྣང་ལ་མེ་ཏོག་གི་ཆར་འབབས་པ་སོགས་དགེ་བའི་ལྟས་བཟང་ཡ་མཚན་པ་དང་བཅས་བསྩལ། དེ་མཉམ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་སོགས་མང་དུ་གསུངས་པ་ཐམས་ཅད་གསན་བཞེས་མཛད། དེ་ནས་ཟླ་བ་བདུན་པའི་ནང་དུ་རྒྱུད་བཤད་པ་རྣམས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་རྒྱས་པ་བསྐུར། དེའི་ཚེས་བཅོ་བརྒྱད་ལ་ལྷོ་ཁོག་ཡབ་ཡུལ་དུ་ཆིབས་བསྐྱོད་ཀྱི་སྒར་བཏེགས། རང་ཡུལ་དུ་འབྱོན་དུས་ཕོ་ཏེ་འབུམ་དྷིས་མ་གཏོགས་གཞན་ཉེ་འབྲེལ་རིགས་ཀྱིས་ཞབས་ཏོག་སོགས་ཅི་ཡང་མ་བྱས། ཨ་ཞང་ལྷ་བླ་དང་། བླ་མ་ཨ་ལྷུན་སྐུ་མཆེད་ཀྱིས་ཉེ་འདུན་གཟིགས་པའི་ངོ་ལེན་རྒྱས་པར་མཛད་པ་སོགས་ཐུགས་བསམ་ཤིན་ཏུ་དཀར་བ་ཡིན་གསུངས། སིབ་དགོན་བླ་སྤྲུལ་ཚང་མ་ལྷ་ས་ལ་ཕེབས་ཤུལ་ཡིན་ཡང་། ཤུལ་སྡོད་མགར་རས་ངེས་དོན་གྱིས་གསོལ་སྟོན་རང་ངོས་ནས་གཟབ་རྒྱས་ལྟ་བུ་བྱས། ཟུར་མང་དུ་རྗེ་བླ་མ་གཏེར་དྲུང་རྣམ་གཉིས་མཇལ། གཏེར་སྟོན་རིན་པོ་ཆེའི་མདུན་ནས་དྲག་ཁྲོས་དབང་ལུང་རྫོགས་པར་གསན། ཚེ་དབང་མཛད་ཐོག་རྟ་ཆིབས་རོལ་གྱིས་མཚོན་ལེགས་འབུལ་མཛད། ཤང་ཐོ་དགོན་དུ་བྱོན་བླ་གྲྭ་ཚང་མས་བསྙེན་བཀུར་བཟང་བ་བསྟོབས། དེ་སྐབས་ཡུལ་སྲོལ་དང་དུས་ནམ་ལ་བསྟུན་པའི་གདུལ་བྱ་སྐྱོན་མེད་ཙམ་བྱུང་ནས་རང་གནས་དགོན་དུ་དབུ་ཐོན་ལེགས་ལམ་གྱིས་བྱོན།


GTN006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རང་བབ་སྙོམ་ལས་སུ་མ་སོང་བར། དགོན་པ་རང་ལུགས་ལ་མཁོ་བའི་འདོན་རྒྱུགས་དང་པོ། གཉིས་པ། གསུམ་པ་རྣམས་ཡང་བསྐྱར་དང་། ལོ་མཇུག་གི་དགུ་ཆེན་རྒྱས་སྤྲོས་ཆེན་མོའི་འཆམ་ལ། རྔ་འཆམ། རིགས་བསྡུས། སྒོ་བཞི། བྱ་འུག །ཟོར་འཆམ་ཚང་མ། སྒྲུབ་མཆོད་སུ་ར་ཏྭ་བཅུ་དྲུག་གི་མཆོད་གར། རྩ་འཆམ། རྔ་གིང་། ཊཱ་ཀི་བཅས་དང་། གུ་རུའི་དུས་དྲན་སྤྲོས་བཅས་ཚེས་བཅུ་ཆེན་མོའི་འཆམ། མཚམས་གཅོད། གཏུམ་རྔམ། གསེར་སྐྱེམས། ཚོགས་ལེན། བྱིན་འབེབས། བཀའ་དྲིན་ཅན། མཚན་བརྒྱད། གིང་ཆེན་བཅུ་དྲུག་རྣམས་དང་། གཞན་ཡང་། དུང་ཆེན་འབུད་ཚིགས། དེ་མཚུངས་རྒྱ་གླིང་། རྐང་གླིང་བཅས་དགོན་དེར་བླ་མ་གོང་མ་རྣམས་ཀྱིས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྒྲིགས་ལམ་གྱི་རིམ་པ་ཇི་སྙེད་ཅིག་བཞག་པ་ཐམས་ཅད་ལ་སློབ་སྦྱོང་རྡོ་རུས་སྤྲད་ནས་བླ་མ་ཆོས་ཁྲིམས་བྱང་འདྲེན་པ་རྣམས་ལ་རྒྱུགས་འབུལ་ཞུས་ཏེ་ཕྱིན་ཆད་གཞན་ལ་བསླབ་པ་དང་རང་གིས་ཀྱང་བྱང་འདྲེན་པ་ལ་ཉམས་ང་བ་མེད་པ་དང་། དེ་མཚམས་ནས་གུར་དྲག་གི་བསྙེན་མཚམས་ཤིག་མཛད། མེ་སྟག་ལོ་དགུང་གྲངས་ཉི་ཤུ་བཞེས་པའི་ཚེ་རྒྱལ་བས་ཆོས་འཁོར་དང་པོ་བསྐོར་བའི་དུས་ཆེན་ཆུ་སྟོད་ཟླ་བའི་ནང་། རྡོ་རྗེ་འཆང་རྒྱལ་ཚབ་རིན་པོ་ཆེས་བཀའ་འགྱུར་ལྗགས་ལུང་གནང་བ་མཐའ་ལེགས་པར་རྫོགས་ཏེ། གནམ་སྟོང་ཉིན་ཉི་མ་བཞི་ཆ་ཤར་བ། གྲིབ་ཚོད་སྐྱེས་བུ་གསུམ་གྱི་དུས་སུ། དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གཟིམས་ཆུང་ཉི་འོད་དུ། ཐུབ་སྐུ་མེ་རྡུགས་མའི་
སྤྱན་སྔར། མཁན་སློབ་སྦྲགས་མ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་ཞལ་ཚབ། བླ་ཆེན་དགོངས་པ་རབ་གསལ་དམ་པའི་ཆོས་འདུལ་བ་གངས་ཅན་དུ་སྤེལ་བའི་ཕྱིར་མིའི་སྲིད་པ་སླར་ཡང་བཟུང་བ་འཁྲུལ་པ་སྤངས་པ་མཁན་ཆེན་༧པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་གསུམ་བར་མ་ཆད་པར་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོ་བཞེས་ནས། མཚན་སྔ་མ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལ་དཔལ་བཟང་པོས་བརྒྱན་པའི་གྲགས་སྙན་སྔ་འགྱུར་བསྟན་པའི་དཔལ་དུ་མངོན་པར་མཛེས་པའོ། །


previousཀུན་ཤེས་ཀྱི་མཚན་གྱི་ཅོད་པན་དང་མངའ་གསོལ་གཟེངས་བསྟོད།next