Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

11 occurrences of གཏེར་སྲུང་
[Clear Hits]


  
  
  
  
 
 
 
  
 
  
 expand section
  
 
  
  
  
  
  
རི་ས་སངས་རྒྱས་ཆོས་འཕེལ་གྱིས་བསྐུར་ངོར།
  
  
  
  
  
  
  
  
  
  
  
  
  


11 occurrences of གཏེར་སྲུང་
[Clear Hits]

 
previousརི་ས་སངས་རྒྱས་ཆོས་འཕེལ་གྱིས་བསྐུར་ངོར།next

རི་ས་སངས་རྒྱས་ཆོས་འཕེལ་གྱིས་བསྐུར་ངོར།

༅། རྗེ་མཆོག་གསུམ་ངོ་བོ་རྡོ་རྗེ་འཆས། །ཕ་འཇིགས་མེད་གླིང་པ་སྤྱི་བོས་མཆོད། །ཁྱེད་གསོན་དང་དམ་པ་རིན་པོ་ཆེ། །ལུས་དལ་འབྱོར་ཐོབ་པའི་སྙིང་པོའི་དོན། །རྩེ་གཅིག་ཏུ་སྒྲུབ་ལ་གཞོལ་འདི་རྨད། །དུས་དེ་སང་གི་བྱིས་དང་སྡིག་གྲོགས་ལ། །བློ་གཏད་ན་མི་དགེ་འཕེལ་བ་ལས། །ཆོས་རྣམས་དཀར་གནས་ལ་ཤུགས་ཀྱིས་རིང་། །དོན་དེ་ཕྱིར་ན་གྲོགས་ངན་ཐབས་ཀྱིས་སྤོངས། །ཁོང་རྒྱལ་པོ་བླ་མཆོད་ཕྲགས་དོག་ཅིང་། །དགའ་མི་དགའ་ཡི་མངོན་རྟོག་བསྲུང་བར་དཀའ། །དོན་དེ་ཕྱིར་ན་མཛའ་ཆེས་མཁོན་ཆེན་སྤངས། །ལར་དམུ་རྒོད་གྱི་བསམ་སྤྱོད་ལྡན་རྣམས་གང་། །ཐབས་ཞི་ཚུལ་གྱིས་ཐུལ་ན་གཏན་རྒྱལ་ཡིན། །སྤྱིར་དུས་ངན་གྱི་སྐྱེ་བོ་ངན་པ་ཡི། །བློ་ངན་གོམས་གྱི་སྤྱོད་ཚུལ་བཅོས་པ་ལས། །རང་འདུ་འཛི་ལས་བྱོལ་དེ་རང་ཉིད་ཀྱི། །སྐྱོན་མཚང་འདོད་ན་ལ་བརྩོན་ན་མཆོག་ཏུ་དགའ། །དཔལ་ཡོན་ཏན་གྱི་བརྒྱན་པའི་རི་ཁྲོད་གངས། །ལས་མི་དགེ་ལས་ཤུགས་ཀྱིས་རང་འགྱུར་ཞིང་། །ཆོས་རྣམ་དཀར་གྱི་དགེ་ཚོགས་གོང་འཕེལ་འགྱུར། །ཚིག་གཏམ་ངན་གྱིས་རྣ་བ་མི་གཙེར་ཞིང་། །བློ་བག་ཕེབས་ཀྱི་བསྟན་མ་གང་གིས་འཕེལ། །ནོར་ཆས་ཀ་ཡི་བསག་བསྲུང་མི་དགོས་པའི། །སྐྱོན་སེར་སྣ་ཡི་གདོན་ལས་གྲོལ་བ་ལ། །མི་ཆེ་ཆུང་གི་ངོ་བསྲུང་ཙམ་བཞག་པའི། །གང་སུ་ཡི་ཀྱང་ཉེ་རིང་ཆགས་སྡང་བྲལ། །ནོར་གཏོང་ལེན་གྱི་ལག་ལེན་མི་དགོས་པའི། །གཞན་རོ་མཁར་ཁང་གི་རོ་དོང་དགོས་དོན་ཅི། །དོན་དེ་ཕྱིར་ན་བཏང་སྙོམས་བསྒོམས་ཀྱང་སླ། །ལར་དམ་པ་ཡི་ཡོན་ཏན་ཀུན་ཚང་ཁྱོད། །ཡོངས་འགྲོ་ཀུན་ལ་སེམས་མཆོག་ལྡན་པ། །ཁོང་ལ་ལ་ཡི་གཤེ་སྐུར་སྨོད་ཅིང་གཤེ། །དེ་སྔོན་ལས་ཀྱི་མཐུ་ལས་དོན་གཞན་དབེན། །དོན་དེ་ཕྱིར་ན་ལས་དེ་འཛད་ཐབས་སུ། །བྱམས་སྙིང་རྗེ་ཡི་གཏོང་ལེན་གནད་དུ་ཆེ། །ནོར་ཡོ་བྱད་ཀྱི་དངོས་པོ་གང་ཡོད་ཀུན། །དཔེ་རླུང་ཁྱེར་གྱི་རྫས་བཞིན་གཏོང་ནུས་ཁྱོད། །སྔོན་དྲི་མེད་ཀུན་ལྡན་རྣམ་ཐར་བཞིན། །བདག་བྱང་སེམས་ཀྱི་རིགས་གཅིག་ཡིན་ངེས་ན། །ཉིད་པན་བདེ་ཡི་ས་བོན་གོང་འཕེལ་མངོན། །སླར་ད་དུང་ཀྱང་འཁོར་གསུམ་དམིགས་མེད་ཀྱིས། །རྫས་ཡོ་བྱད་རིང་ཕག་ཁར་གང་བབས་རྣམས། །དུས་ད་རེས་བཞིན་མཆོག་སྦྱིན་རྒྱུན་ལྡན་མཛོད། །ཚུལ་དེ་ཡིས་ནི་སྦྱིན་པའི་ཕར་ཕྱིན་རྫོང་། །ས་དང་པོ་ཡི་བདེན་པ་མངོན་སུམ་མཐོང་། །ལར་མཆོད་པ་ལས་སྦྱིན་གལ་ཆེ་བ། །ཆོས་ཐེག་ཆེན་གྱི་བཞེད་གཞུང་རྨད་བྱུང་ལང་། །དོན་དེ་ཕྱིར་ན་དམན་ཡུལ་སྙིང་རྗེས་སྐྱོངས། །ཚུལ་དེ་ཡིས་ནི་དགེ་འབྲས་ཚེ་འདིར་མངོན། །ཆོས་དོན་དམ་གྱི་ངོ་བོ་སྤྲོས་བྲལ་ཡང་། །ལམ་ཉམས་ལེན་གྱི་སྐབས་སུ་སྤྲོས་དང་བཅས། །དེ་ཇི་ལྟར་ན་དང་པོ་ལྟ་བྱ་ལ། །བལྟ་བྱེད་ཀྱི་རྟོག་འཇུག་མ་བྱས་ན། །ལྷ་ཡུལ་གྱི་གནས་ཚུལ་མི་ཤེས་པས། །དང་པོའི་ཚེ་རྟོག་དཔྱོད་གལ་དུ་ཆེ། །རྟོག་དཔྱོད་ཀྱིས་སྐྱོན་མཚང་ཕུགས་བཏུགས་ན། །རྟོག་དཔྱོད་ལས་འདས་པ་གདོད་ཤེས་འོང་། །རྟོག་དཔྱོད་ལས་བྲལ་བའི་དྲན་པ་དེ། །རང་བབས་སུ་འཇོག་ལས་གྲོགས་བཅས་མིན་། །གྲོགས་མེད་ཀྱི་རིག་པ་རང་བྱུང་དེ། །མ་བཅོས་པར་བཞག་ཚེ་ལན་རེའི་ཚེ། །ས་ལེ་དགས་སང་ངེ་ཡེ་རེ་བ། །རྒྱ་མཚོ་བཞིན་མེར་རེ་ཁྱི་ལེ་བ། །རྣམ་རྟོག་དང་བྲལ་བའི་ངང་དུ་གནས། །ལན་རོའི་ཚེ་རྣམ་རྟོག་མང་འཕྲོ་ཡང་། །གནས་པའི་གཞི་བསྐྱོད་མེད་དྲན་པའི་ངང་། །དེ་དག་ལ་ཞི་གནས་སྐྱོན་མེད་ཟེར། །དེ་ཉིད་ལ་གོམས་འདྲིས་བྱས་གྱུར་ན། །མཐའ་བྲལ་གྱི་ལྷག་མཐོང་ཡང་དག་རྟོགས་དང་། །དེ་ཉིད་གྱི་ངོ་བོ་གང་ཞེ་ན། །ཞི་གནས་ལ་ཞེན་པའི་བློ་བྲལ་ནས། །བལྟ་བྱ་དང་ལྟ་བྱེད་གཅིག་ཏུ་གོ །གོ་བ་ཡང་རང་བཞིན་མེད་པར་ཤེས། །ཤེས་མཁན་གྱི་རིག་པ་དེ་ཉིད་ལས། །གཞན་མ་ཞིག་མེད་པར་ཁོ་ཐག་ཆོད། །དེ་ཉིད་ཀྱང་སྐྱེ་འགག་གནས་གསུམ་ལས། །བྲལ་བ་ཡི་རིག་པ་བཅོས་མེད་གང་། །རང་བབ་སུ་བཞག་ཚེ་སྒོམ་རྒྱུས་དབེན། །མ་བསྒོམ་ཚེ་དྲན་ཤེས་དེ་གའི་ངང་། །ནན་ཏན་དུ་བསྒོམ་ཚེ་སྒོམ་རྒྱུ་སྡེར། །དེ་ག་ལ་ཐ་མལ་ཤེས་པ་ཟེར། །དེ་ཉིད་ལ་གོམས་འདྲིས་བྱེད་པ་ལས། །གཞན་པ་ཡི་སྐྱོང་ཐབས་ཡོད་པ་མིན། །དེ་གའི་མུར་མུར་ཤིན་ཏུ་གོམས་ཙ་ན། །མ་ཡེངས་ཀྱང་གཏད་སོ་སྤུ་ཙམ་མེད། །ཡེངས་གྱུར་ཡང་ངོ་བོ་འགྱུར་མེད་དོ། །ནམ་མཁའ་བཞིན་མཚན་མས་བཞིག་དུ་མེད། །དེ་ཚུལ་ལ་སླབ་པ་མཐར་ཕྱིན་ནས། །བསྟན་འགྲོ་ལ་ཕན་པ་མཆོག་སྒྲུབ་པའི། །དཔལ་ཡོན་གྱིས་ཡོངས་བརྒྱན་གདན་གསུམ་དལ། །སྲིད་མཐའ་ཡི་བར་དུ་བརྟན་གྱུར་ཅིག །ཅེས་པ་འདིའང་རི་ས་སངས་རྒྱས་ཆོས་འཕེལ་གྱིས་བསྐུར་ངོར། ༧ གཞན་ཕན་ཕྲིན་ལས་འོད་ཟེར་གདམས་པའོ། བཀྲ་ཤིས། དགེའོ།།


previousརི་ས་སངས་རྒྱས་ཆོས་འཕེལ་གྱིས་བསྐུར་ངོར།next