Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་འཕྲུལ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ། སློབ་དཔོན་བི་མ་ལ་མི་ཏྲ།
   
   
   
   
   
   


 
previousསྒྱུ་འཕྲུལ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ། སློབ་དཔོན་བི་མ་ལ་མི་ཏྲ།next

སྒྱུ་འཕྲུལ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ། སློབ་དཔོན་བི་མ་ལ་མི་ཏྲ།

སྒྱུ་འཕྲུལ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་ས་ཏྭ་མཱ་ཡ་ཛ་ལ་ཀྲ་མ་པྲ་བྷཱ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་འོད་ཀྱི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་དག་གིས། །མཐར་ཕྱིན་ལྷ་ཡི་རྣལ་འབྱོར་གྱི། །སྒོམ་ཐབས་རིམ་པ་མདོ་ཙམ་ཞིག །ལེགས་པར་བསྡུས་ཏེ་བསྟན་པར་བྱ། ༈ །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲས་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་གནས་ཕྱིར། །མཉེས་པའི་ཐབས་ཀྱིས་ཟིན་པར་བྱ། །ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུངས། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གང་ན་གསང་ཆེན་འདི་ཡོད་པར། །མེ་མ་མུར་གྱི་འོབ་འབོགས་ཤིང་། །སྤུ་གྲི་སོ་ནི་གཏམས་པ་ལ། །འཛེགས་ནས་ཕུ་དག་འགྲོ་བར་བྱོས། །ཁོང་ན་གནས་པའི་ཡང་ཁོང་དུ། །ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། ༈ །སློབ་དཔོན་ངེས་པར་མཉེས་བྱས་ཤིང་། །སྒྱུ་འཕྲུལ་རི་མོའི་དཀྱིལ་འཁོར་དུ། །དབང་རྣམས་ཐོབ་པར་བྱས་པ་དང་། །སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །སྔགས་དང་ཆོ་ག་ཡན་ལག་ཀུན། །ཚང་ཞིང་ལམ་ལ་གོམས་འདོད་པས། །ཁེང་དྲེགས་འདོད་པ་ཀུན་སྤངས་ཏེ། །དཀའ་ཐུབ་གདུང་པས་མ་ཉེན་པར། །གནས་དང་ལོངས་སྤྱོད་ཅི་བདེ་བར། །མ་ཉམས་བློ་ལྡན་ཚོགས་པས་འགྲུབ། །རི་བོ་དབེན་པའི་ས་ཕྱོགས་ནི། །མེ་ཏོག་ཤིང་དང་བཀྲ་ཤིས་བྱ། །སྙན་པའི་སྒྲ་ལྡན་བར་ཆད་མེད། །ཆུ་བོ་ནུབ་ནས་ཤར་འབབ་ཅིང་། །བར་སྣང་མཚན་ལྡན་བསམ་སྒོ་ཉུང་། །རྣལ་འབྱོར་སྤྱོད་ལ་དོགས་མེད་པར། །ཡོ་བྱད་བཙལ་སླ་མཆོག་ཡིན་ཏེ། །ཡོན་ཏན་བཟློག་པ་སྤང་བར་བྱ། །བསམ་སྤྱོད་མཐུན་པའི་ས་ཕྱོགས་དེར། །ས་ཡི་བྱ་བ་རྒྱས་བྱས་ལ། །སྟོངས་བྱེད་མགོན་ལ་ཚིམ་བྱས་ཏེ། །ཇི་ལྟར་འདོད་པའི་བསྒོ་བ་བྱ། །བུ་མཆོག་གཞུག་མའི་ལས་བརྩམས་ན། །ཉི་ཤུའམ་ཉི་ཤུ་རྩ་ལྔ་ཡི། །ཚད་ལྡན་སྟེགས་བུར་སུམ་ཅུས་བྱུང་། །ཐིག་གཡོག་གྲོགས་མོར་ལྡན་བྱས་ཏེ། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་སྒྲིབས་ཏེ་བྱ། །ཕུར་བུ་སྲེད་བུ་ཚོན་ཕྱེད་ལན། །རབ་ཏུ་གནས་བྱས་བྱིན་ལྡན་པས། །འོག་གཞི་རྩིབས་བཞི་ཕོ་བྲང་ལྔ། །ཆ་ཆེན་ཆ་ཕྲན་གསལ་ཕྱིར་བྱ། །བརྒྱད་ཅུ་གཉིས་ཀྱི་ཕོ་བྲང་དུ། །དཀར་དམར་ཐིག་ལེ་གདན་ལྡན་པས། །རིགས་ཀྱི་དཀྱིལ་འཁོར་ཚང་བར་བསྒོམ། །གཤེགས་གསོལ་བྱིན་ལྡན་རིན་ཆེན་ཚོན། །ཉི་ཤུ་རྩ་ལྔའི་མཆོག་ལྡན་པས། །ལྟེ་བའི་ཆ་ཕྱེ་ཚུལ་བཞིན་བྲི། །བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་ལྟུང་བའི་བྲོ་ལྡན་པས། །དག་པས་སྦྱངས་པའི་དཀྱིལ་འཁོར་ལ། །བདག་གཞན་དོན་ཕྱིར་འབྱོར་པ་དབུལ། །དབང་ཕྱུག་ཐོག་མར་རིག་པས་འཇུག །དཀྱིལ་འཁོར་གསོལ་གདབ་གནང་ཞུགས་པས། །བུ་མཆོག་སེར་སྣ་སངས་པ་ཉིད། །གཞུག་བསྐུར་ལས་བཞིན་རྫོགས་པར་བྱ། །ཡང་ན་དཔག་ཚད་རྒྱང་གྲགས་ཏེ། །ཏིང་འཛིན་གཟུགས་བརྙན་དཀྱིལ་འཁོར་དུའོ། །རྣལ་འབྱོར་འདྲིས་གོམས་འདོད་པ་ཡི། །ཚད་མེད་ཐུགས་རྗེས་འགྲོ་བསྒྲལ་ཞེས། །དམ་བཅས་བསྟན་ཏེ་འཕར་བསྟན་ལ། །ཁམས་བསང་ལུས་ཀྱི་ལུགས་བཞིན་འདུག །རང་གི་ཡི་གེ་ས་བོན་ཟེར། །འཕྲོས་པས་བདེ་གཤེགས་མདུན་གྲངས་དབུར། །བླ་མ་ཀུན་གྱི་ཡབ་ཕྱིར་བསམ། །ཕྱི་རྫོགས་ནང་གི་ལྷ་མོས་མཆོད། །ཕྱག་འཚལ་མཆོད་བསྟོད་བཤགས་པ་དང་། །ཡི་རང་སྐྱབས་གསོལ་སེམས་བསྐྱེད་བསྔོ། །མོས་པའི་དཀྱིལ་འཁོར་མཆོད་ཟིན་ནས། །སེམས་བསྐྱེད་བདག་ལ་བསྡུ་བར་བསམ། ༈ །བར་ཆད་བགེགས་རྣམས་བསལ་བའི་ཕྱིར། །སྟོང་ཆེན་གསལ་བའི་རིག་པ་ཉིད། །སྐད་ཅིག་ས་བོན་རང་གི་ལྷར། །གསལ་བ་ཧཱུཾ་བསྐུལ་འཕྲོ་འདུས་པས། །ཞེ་སྡང་རྡོ་རྗེ་གསལ་བ་ཡི། །ཐུགས་ཀྱི་ས་བོན་འོད་ཟེར་ལས། །མཚོན་ཆ་རིམ་སྤྲོས་བར་ཆོད་བསྐྲད། །སླར་བསྡུས་རིམ་བཞིན་སྟེང་འོག་གུར། །ཛྭ་ལ་རམ་གྱིས་མེ་དཔུང་འབར། །ཅི་ཙམ་ལྕོགས་པས་མཚམས་གཅོད་བྱ། །དམ་རྫས་ཆུ་དག་ས་བོན་གྱིས། །འཕྲོའང་ཟླ་སྟེང་གསལ་བར་བྱ། །ཉམས་ཆག་བར་གཅོད་བསལ་བའི་ཕྱིར། །སྒྲུབ་པའི་རྫས་བསངས་བགེགས་ལ་གཏོར། །མི་མཐུན་ཕྱོགས་ལ་གཏོར་བྱས་ན། །དྲག་པོ་གཏུམ་པོ་ལྷན་ནེར་འགྱུར། །དམ་བཅས་གཉེན་པོར་ཤར་ཕྱིར་རོ། །ༀ་བཛྲ་ཀྲོདྷ་ཨ་མྲྀ་ཏ་ཀུ་ཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། བི་ཤུདྡྷེ་ཨ་མྲྀ་ཏེ་ཧཱུཾ་ཕཊ། དྷརྨ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཐམས་ཅད་དག་གྱུར་བདུད་རྩིར་འགྱུར། ༈ །སྲིད་པ་ཕྱི་ནང་བྱུང་ཚུལ་གྱིས། །སྣོད་བཅུད་དཀྱིལ་འཁོར་བསྐྱེད་བྱས་ཏེ། །ཚེ་འཕོས་ཡུལ་བྲལ་བར་མའི་ལུས། །སྒྱུ་སྣང་མིག་གཟུགས་འབྲེལ་བ་བཞིན། །ཏིང་འཛིན་གསུམ་ཡང་རིམ་བཞིན་བསྒོམ། ༈ །དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུམ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་དོ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ལས་སྙིང་རྗེ་ཆགས་པ་བསྐུལ། །ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་དམིགས་མི་གནས་པ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡི། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཨཿརབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །མི་དམིགས་སྟོང་པའི་གཟུགས་བརྙན་ལ། །ཡིད་ཀྱི་ནམ་མཁར་གསལ་བ་ལ། །སྙིང་ལྐོག་ལྟེ་བ་སྒྲོམ་མདོ་རླུང་། །ལས་བཞིས་ལུས་བཞིན་ཨེ་མཐིང་ལས། །འཕྲོ་འདུ་ཆོས་ཀྱི་འབྱུང་གནས་བསམ། །དེ་སྟེང་ཡཾ་ལས་གཞུ་དབྱིངས་རླུང་། །དུད་ཁ་ཝཾ་དཀར་ཆུ་ཟླུམ་པོ། །ལཾ་སེར་རི་རབ་གསེར་རྒྱས་དབྱིངས། །དེ་སྟེང་རི་ལས་ཡེ་ཤེས་མེ། །དཀྱིལ་དུ་སྣ་ཚོགས་བྷྲཱུྂ་དུ་འཕྲོ། །ཡོངས་གྱུར་ཡེ་ཤེས་གཞལ་ཡས་ཁང་། །ཡེ་ཤེས་རིན་ཆེན་རྒྱུ་ལས་བྱུང་། །ཚད་མེད་རྩིབས་བཞིའི་འཁོར་ལོ་ལ། །རྩིབས་བཞི་མུ་ཁྱུད་པཉྩར་ལྡན། །གྲུ་ཆད་གློ་འབུར་བར་འཁྱམས་ལྡན། །མུ་ཁྱུད་བཞི་ལྡན་རྟ་བབས་བཅས། །བསྟི་གནས་ལམ་གྱི་བགྲོད་ཕྱིར་རོ། །འབྲས་བུ་ཡོན་ཏན་བརྒྱད་རྫོགས་ཕྱིར། །རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །སྣ་འཕྱོང་བཞི་ལས་ཟ་ར་ཚགས། །རིན་ཆེན་སྒྲིལ་འཕྱང་ཤར་བུ་ཁྱུང་། །རིམ་བཞིན་དབྱིབས་མདོག་མཛེས་པར་བྱ། །ཐ་སྙད་སེམས་ཕྱིར་བུམ་པ་གཅིག །རྨ་བྱའི་མདོངས་ལྟར་ཅིར་ཡང་སྣང་། །མཐོ་དམན་ཚད་མེད་བྱ་འདབ་ལྡན། །ཐུགས་རྗེ་ཀུན་སྙོམས་ཁྱབ་ཕྱིར་རོ། །ཡང་ཐོག་མཐོ་དམན་རིམ་ལྡན་པའི། །ཐ་མའི་འདབ་མས་ཀུན་གཡོགས་པར། །ཡེ་ཤེས་རྩིག་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧཱར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲྭ་བ་དྲྭ་ཕྱེད་མགུལ་འཁོར་ལྡན། །གཟུགས་སོགས་ལྷ་མོས་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་སུ་སྤྲིང་ཕུང་བཞིན། །སྒོ་བཞི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཙོང་ཙོང་སྦྲེལ། །དྲིལ་བུ་གཡེར་ཁ་ཐེག་ཆེན་སྒྲོག །བཀྲ་ཤིས་བྱ་སྙན་སྒྲ་སྒྲོགས་ལྡན། །ཡིད་བཞིན་རིན་ཆེན་རྒྱན་བསྐོར་བ། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། །ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །ལྷ་ཆེན་ཕྱོགས་སྐྱོང་བརྒྱད་ཀྱིས་བསྐོར། །འཁོར་ལོ་རྩིབས་ཆེན་མུ་ཁྱུད་གཉིས། །རྩིབས་ལྡན་ཕོ་བྲང་ལྔ་པ་ཉིད། །བར་ཁྱམས་སྒོ་ཁྱུད་ལྡན་པ་ལ། །དཀྱིལ་འཁོར་བཅུ་ཕྲག་བརྒྱད་གཉིས་ལྡན། ༈ །ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །མི་འཇིགས་སེང་གེ་བརྒྱད་དང་ལྡན། །ཤར་ཕྱོགས་ལྟེ་བར་སྟོབས་གླང་ཆེན། །ལྷོ་རུ་རྫུ་འཕྲུལ་རྟ་བརྒྱད་གཏིང་། །ནུབ་ཀྱི་ཕོ་བྲང་རྨ་བྱ་དབང་། །བྱང་དུ་ཕྲིན་ལས་ཤང་ཤང་བརྒྱད། །ཁྲི་རྐང་འབར་མཛེས་པད་ལྡན་པ། །ཉི་མ་ཟླ་བ་ལྔ་བརྩེགས་ལྡན། །ཉི་ཟླ་ཆུ་སྐྱེས་སུམ་བརྩེགས་སེམས། ཉི་རྐྱང་ཁྲོ་དང་པད་རྐྱང་ཐུབ། །བྱ་བྱེད་ཀུན་བཟང་ཡབ་ཡུམ་ལ། །ཉི་ཟླ་པདྨ་རིན་ཆེན་རྒྱས། །གདན་ལ་མཉམ་པའི་སྐྱིལ་ཀྲུང་བཞུགས། །བདུན་ཕྲག་སུམ་ཅུ་རྩ་བརྒྱད་རླུང་། །ལས་ཀྱི་རིམ་བཞིན་རྣམ་སྨིན་ལུས། །རྫོགས་བཞིན་ངམ་པའི་ས་བོན་ལས། །འཕྲོ་འདུ་གསུམ་གྱི་སྐུ་རྫོགས་བསྐྱེད། །རྒྱུ་ཡི་ཨ་ལས་ༀ་ཧཱུྃ་ཏྲཱཾ། །ཨཱཾ་ཧཱ་མཱུཾ་སོགས་ཡི་གེ་བཅུ། །ཕོ་བྲང་ལྔ་ལ་རིམ་བཞིན་བསམ། །རྩིབས་བཞིན་ཡི་གེ་ༀ་ཏྲཱཾ་ཧཱུཾ། །ཨཱ་དང་ཛཿཧཱུཾ་བཾ་སོགས་དང་། །ཏྲཱཾ་དང་ཧྲཱིཾ་དང་ཧཱ་སོགས་པའམ། །ཡང་ན་ས་བོན་ཟུང་བཅས་པའོ། །ཨ་ཀྵ་ཧཱུཾ་དྲུག་བར་ཁྱམས་ལ། །ཛཿཧཱུཾ་བཾ་ཧོཿསྒོ་བཞིར་ཏེ། ཧཱུཾ་ཆེན་ཉི་ཤུ་ཕྱི་རོལ་ཏུ། །བསྐལ་པའི་མེ་ལ་རིམ་བཞིན་བསམ། །ས་བོན་ཡི་གེ་སྤྱི་རུ་ཐིམ། །དེ་དག་འཕྲོས་འདུས་ཡོངས་གྱུར་པས། །སོ་སོའི་ཕྱག་མཚན་འབར་བར་གྱུར། །ཡོངས་གྱུར་ཕྲ་མོ་སྐུ་འཕྲོ་འདུས། ཕྱག་རྒྱ་ཆེན་པོ་རྫོགས་པར་བསྐྱེད། །ཐ་སྙད་གདགས་ཕྱིར་རྒྱུ་ལས་སྐྱེད། །བདེ་གཤེགས་རིག་ལས་ཤར་བའི་ཕྱིར། །རྒྱལ་བའང་བདག་གི་སྲས་འགྱུར་ཏེ། །རྒྱུ་ཡི་འཁོར་ལོ་བསྐྱེད་པའོ། ༈ །འབྲས་བུའི་འཁོར་ལོ་བསམ་པ་ནི། །གཙོ་བོའི་ཐུགས་ལས་ཤར་བའི་བདག །འཇིག་རྟེན་མེས་པོ་སྲས་ཀྱི་ཆ། །བདག་གིས་གཟུང་སྟེ་གསོལ་བ་གདབ། །ཧོཿ སེམས་ཉིད་ཐེག་པར་རབ་ངེས་པས། །དཀྱིལ་འཁོར་བརྒྱད་ཅུ་རྩ་གཉིས་རྫོགས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡི། །ཚོམ་བུའི་དཀྱིལ་འཁོར་བསམ་ཡས་པའི། །སྐུ་གསུང་ཐུགས་སུ་བདག་སྦྱོར་ཅིག །བསྐུལ་བས་གནས་གསུམ་ཟེར་འཕྲོས་ཏེ། །དངོས་གསུམ་སྦྱངས་པ་ལུགས་ཁ་བཞིན། །གྱུར་པས་འཕྲོས་ཕྱིར་ཡི་གེ་གསུམ། །སྐུ་གསུམ་ཡི་གེ་ཧཱུཾ་གྱུར་པ། །ཟླ་རླུང་སྦྱོར་བས་བཏེག་ནས་ནི། །བསྐོར་ཏེ་གཙོ་བོའི་ཐུགས་ཀར་ཐིམ། །རྡོ་རྗེ་ལམ་བྱུང་ཡུམ་གྱི་མཁའ། །རྒྱུ་ཡི་ཆོས་སྐུ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྒྲ་བྱུང་རོལ། །ཀུན་ཀྱང་འོད་ཕུང་སྣ་ཚོགས་མདོག །སྐད་ཅིག་དྲན་པས་ཨ་ཀྵ་སྟེ། །ཡོངས་གྱུར་རྡོ་རྗེ་འབར་བ་བསམ། །འཕྲོ་འདུས་འགྲོ་དོན་འཕགས་མཆོད་ནས། །སླར་འདུས་ཕྲ་མོའི་སྐུ་འཕྲོ་འདུས། །ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །བྱེད་པ་རྡོ་རྗེ་ཡབ་ཡུམ་གཉིས། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །རང་རྟགས་རྡོ་རྗེ་དྲིལ་བུ་འཛིན། །འཁྲིལ་བ་ཆེན་པོའི་ཚུལ་དུ་བསམ། །ནུས་མཐུ་ལྡན་ཕྱིར་བྱིན་རླབས་དབང་། །ཐུགས་ཀའི་འོད་ཟེར་ཁྱབ་བསྐུལ་ནས། །ཕྱོགས་དུས་བདེ་གཤེགས་རིགས་ལྔར་བཞེངས། །ཡེ་ཤེས་ལྔ་རྫོགས་དབུ་བརྒྱན་དབང་། །དེ་ཉིད་རྐྱེན་གྱིས་སྔགས་ཀྱི་བསྐུལ། གནས་གསུམ་འབྲུ་གསུམ་འཕྲོ་འདུ་ལས། །སྐུ་གསུང་ཐུགས་ལྡན་ལྷ་བསྐྱེད་དེ། །གསུམ་པའི་སྔགས་ཀྱི་ང་རྒྱལ་བྱ། །མཚོན་གང་དཀར་དམར་མཐིང་ག་ཤར། །སྲས་ཀྱི་དཀྱིལ་འཁོར་བདོན་པོའི་ཕྱིར། །རྡོ་རྗེ་སྐྱེ་མཆེད་གསང་གནས་བསྐྱེད། །ཀུན་བཟང་སྤྱི་བོ་ལྗགས་སྟེང་སྙིང་། །ལྟེ་བ་ནང་གི་གསང་བ་ལ། །ༀ་ཧཱུཾ་སྭཱ་ཨཱཾ་ཧཱ་རིམ་བཞིན། །གནས་དེར་ཡུམ་ལ་མཱུཾ་ལཱཾ་མཱཾ། །པཱཾ་ཏཱཾ་བསམ་པ་ཡབ་ཡུམ་བཅུ། །མིག་རྣ་སྣ་ལྕེ་ཕྱི་ནང་ལ། །ཀྵིཾ་ཏྲཾ་ཧྲཱིཾ་ཛིཾ་མཾ་ཐླྷིཾ་ཧཱུཾ། མཱུཾ་སོགས་བརྒྱད་པོ་རིམ་བཞིན་བསམ། །གཡས་གཡོན་ཡན་ལག་མཁའ་གསང་ལ། །ཧཱུཾ་བཞི་ཁྲོ་བོ་བཞི་རུ་བསམ། །ཡུམ་ལ་ཛཿཧཱུཾ་བཾ་ཧོཿལས། །སྒོ་མ་བཞི་བསམ་བཅོ་བརྒྱད་གཉིས། །ཡབ་ཡུམ་གཉིས་ལ་རྫོགས་པར་བྱ། །དེ་ནས་གསང་གནས་བྱིན་བརླབ་པ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་ཕཊ། །པཾ་ལས་འདབ་བརྒྱད་པདྨ་ཨཾ། །རྗེས་སུ་ཆགས་པ་ཚུལ་བཞིན་བསྐུལ། །ཕྱག་རྒྱ་བཞི་རོལ་དགྱེས་སྤྲིན་འཕྲོ། །མཁའ་ལ་ཐིག་གདབ་གཞལ་ཡས་གདན། །བསམས་ཏེ་སྐུ་རྫོགས་གནས་པ་ཉིད། །གཙོ་འཁོར་རིམ་བཞིན་ཛཿཡིས་གདོན། །ཕྱི་རོལ་གནས་སུ་ཁྱབ་པར་སྦྱར། ༈ །བྷྲཱུྂ་བི་ཤྭ་བི་ཤུདྡྷེ། ཛྙཱ་ན་ཙཀྲ། ངུ་ཏི་ཙཀྲ་ནན། སཱུརྱ་ཙནྡྲ་རཏྣ་པདྨ་མཎྜ་ལ། ཧཱུཾ་བཛྲ་དྷྲི་ཀ །མཱུཾ་དྷཱ་ཏཱེ་ཤྭ་རི། ༀ་ས་ཏྭ་བཛྲ་ཧྲཱུཾ། ༀ་ཏིཀྵྞ་བཛྲ་ཧཱུཾ། ༀ་རཏྣ་བཛྲ་ཏྲཱཾ། ༀ་བཛྲ་ཛྭ་ལ་ཧཱུཾ། ༀ་བཛྲ་དྷརྨ་ཧྲཱིཿ ༀ་བཛྲ་སཾ་གྲ་བཛྲ་ཧཱུཾ། ༀ་ཀརྨ་བཛྲ་ཧ། ༀ་ཙནྡྲ་ལ་བཛྲ་ཧཱུཾ། ༈ ༀ་ཛི་ན་ཛིཀ །ལཱཾ་དེ་ཥ་ར་ཏི། ༀ་བཛྲ་ས་ཏྭ་ༀ། ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་རཱ་ཛ་ༀ། ༀ་བཛྲ་དྷཱུ་པེ་ༀ། ༀ་བཛྲ་ར་ག་ༀ། ༀ་བཛྲ་ཨཾ་ཀུ་ཤ་ༀ། ༀ་བཛྲ་སཱ་དྷཱུ་ཧཱུཾ། ༀ་བཛྲ་དྭེ་ཥ་ར་ཏི་ༀ། སྭཱ་རཏྣ་དྷྲིཀ །མཱཾ་མོ་ཧ་ར་ཏི། ༀ་བཛྲ་རཏྣ་ཏྲཾ། ༀ་བཛྲ་མཱ་ལེ་ཏྲཾ། ༀ་བཛྲ་སཱུརྱ་ཏྲཾ། ༀ་བཛྲ་པུཥྤེ་ཏྲཾ། ༀ་བཛྲ་ཀེ་ཏུ་ཏྲཾ། ༀ་བཛྲ་པཱ་ཤ་ཏྲཾ། ༀ་བཛྲ་ཧ་ས་ཏྲཾ། ༀ་བཛྲ་རཏྣ་ཏི་ཏྲཾ། ༈ ཨཱོཾ་ཨ་རོ་ལི་ཀ །པཱཾ་ར་ག་ར་ཏི། ༀ་བཛྲ་དྷརྨ་ཧྲི། ༀ་བཛྲ་གཱི་ཏྲི་ཧྲཱི། ༀ་བཛྲ་ཏི་ཀྵྞ་ཧྲཱི། ༀ་བཛྲ་ཨ་ལོ་ཀེ་ཧྲཱི། ༀ་བཛྲ་ཙཀྲ་ཧྲཱི། ༀ་བཛྲ་སྥོ་ཊ་ཧྲཱི། ༀ་བཛྲ་བྷཱ་ཥ་ཧྲཱི། ༀ་བཛྲ་ཨ་ལོ་ཀེ་ཧྲཱི། ༈ ཧཱ་པྲ་ཛྙཱ་དྷྲཱིཀ །ཏཱཾ་བཛྲ་ར་ཏི། ༀ་བཛྲ་ཀརྨཱ་ཧཱ། ༀ་བཛྲ་ནྲྀ་ཏི་ཨ། ༀ་བཛྲ་རཀྵ་ཨ། ༀ་བཛྲ་གནྜེ་ཧོཾ། ༀ་བཛྲ་ཡཀྵ་ཧཱ། ༀ་བཛྲ་གནྜེ་ཨ། ༀ་བཛྲ་སནྡྷི་ཧཱ། ༀ་བཛྲ་ཨ་བེ་ཤ་ཧཱ། ༈ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གནྜེ་ཧོཿ ༈ ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱ་བྷ་ཏྲ་ས་མནྟ་ཨ། ༈ ༀ་མུ་ནེ་ཀྲཱིཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ༀ་མུ་ནེ་པྲཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་ཕཊ། ༀ་ཀྲོ་དྷཱི་ཤྭ་རཱི་དཱི་བ་ཡ་ཏེ་ཧཱུཾ། ༀ་བཛྲ་ཀྲོ་དྷ་བི་ཛཱ་ཡ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ལ་སེ་ཀི་ཧཱུཾ། ༀ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ཏཱི་ཏཱ་དུ་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རི་ཤཱ་ཤ་པ་ཏི་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རི་མུ་ཧ་ལ་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ཙནྜ་ཡ་ཏི་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཨ་རཱ་ཛི་ཏ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རི་བྱ་ཏི་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རི་ས་བྱ་མ་ཏི་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛྲ་ཡ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རི་མཱ་ར་ཎི་ཧཱུཾ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རི་མུཎྜེ་མཾ་ཧཱུཾ། དེ་ལྟར་དཀྱིལ་འཁོར་གསལ་བཏོན་ནས། སོ་སོའི་གནས་སུ་རྒྱས་པར་དགོད། །གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཇོམས་དང་ཐུབ་པ་བརྐྱང་བསྐུམ་བཞེངས། །འཁོར་ལོ་དབུས་ལྔར་རྒྱལ་པོ་ཡུལ། །མདུན་རྒྱབ་གཡས་གཡོན་ཕྱོགས་བཞི་རུ། །སེམས་དཔའ་སེམས་མ་རིམ་བཞིན་བསམ། །བར་ཁྱམས་ལ་ནི་ཐུབ་པ་དྲུག །རྒྱུད་དྲུག་སྦྱོང་བའི་ཕྱག་རྒྱར་གནས། །ཤར་ལྷོ་ལྷ་དང་ལྷོ་ཕྱོགས་མི། །ལྷོ་ནུབ་བྱང་ནུབ་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །མདུན་རྒྱབ་བྱེད་པ་ཡབ་ཡུམ་གཉིས། །སྒོ་ཁྱུད་བསྲུང་བ་ཕོ་མོ་བཞི། །བསྐལ་པའི་མེ་ལ་ཁྲོ་ཟུང་བཅུ། །ཕྱོགས་མཚམས་བསྲུང་བའི་ཚུལ་དུ་གནས། །དེ་ཀུན་བྱིན་བརླབ་ནུས་ལྡན་པས། །འགྲོ་དོན་བྱ་ཕྱིར་ཚུལ་བཞིན་བསམ། །ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱཱེ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲི་ཏྱ་ཨ་ནུཥྠཱ་ན་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༈ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱ་མ་ཀོ྅་ཧཾ། ༈ དཀྱིལ་འཁོར་དབང་བསྐུར་ཐིམ་པར་གྱུར། །བྱིན་རླབས་རབ་ཏུ་གསལ་བར་གྱུར། །རིན་ཆེན་སྨུག་པོ་གནས་གཅིག་ཏུ། །མཚོན་གང་སེམས་དཔའ་འོད་ལྡན་པ། །ཐུགས་ཀྱི་ས་བོན་བཟླས་པས་བསྐོར། །ཀུན་གྱི་བདག་ཕྱིར་དཀྱིལ་དུ་བསམ། །ཐུབ་དྲུག་སྤྲུལ་བ་རབ་བྱུང་ཕྱིར། །བྱིན་རླབས་དབུ་རྒྱན་མ་གསུངས་སོ། ༈ །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ཁ་དོག་གསལ་འཚེར་བ། །སེམས་དཔའ་རྣམས་ནི་རིགས་ཀྱི་ཚུལ། །སེར་དང་དཀར་མཐིང་སེར་ནག་དང་། །དམར་ནག་དུད་ཁ་ཐུབ་པའི་སྐུ། །སྔོ་སེར་དམར་ལྗང་སྒོ་བསྲུང་ལྷ། །ཁྲོས་པས་བསྲུང་ཕྱིར་རྩ་ནག་པོ། །མཐིང་ག་ཧཱུཾ་ཆེན་རྣམ་རྒྱལ་དཀར། །དབྱུག་པ་ནཱི་ལ་གཤེད་མཐིང་ནག །མི་གཡོ་རྟ་མགྲིན་ལྗང་སྔོ་དམར། །འདོད་རྒྱལ་བདུད་རྩི་དུང་དཀར་ལྗང་། །ཁམས་གསུམ་སྟོབས་ཆེན་དཀར་ལྗང་དུད། །ཁྲོ་མོ་རྣམས་ནི་ཁྲོ་དང་མཐུན། །ཀུན་ཀྱང་དུར་ཁྲོད་ཆས་ལྡན་པས། །མེ་དཔུང་འཕྲོ་འདུ་ལྡན་པའོ། །སྐུ་ཡི་མཚན་ཉིད་དགུར་ལྡན་ཏེ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུག་སྡུག་གཟི་བྱིན་ལྡན། ༈ །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །གཙོ་གཟུངས་འབྲེལ་བའི་ཕྱག་རྒྱའོ། །སོར་རྩེ་འཆང་བ་ཐུགས་ཀར་ལྡན། །རྡོ་རྗེ་རིན་ཆེན་པདྨ་དྲིལ། །རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་དགྱེས། །རིན་ཆེན་མྱུ་གུ་ཉི་མ་དང་། །རྒྱལ་མཚན་སོ་འཕྲེང་འཛིན་པ་དང་། །པདྨ་ཁ་འབྱེད་རལ་གྲི་དང་། །འཁོར་ལོ་རྡོ་རྗེ་ལྕེ་འཛིན་པ། །རལ་གྲི་རྡོ་རྗེ་ཕྲེང་བ་དང་། །མཆེ་བ་ཞུ་ཚུར་ཐོགས་པའོ། །མེ་ལོང་ལྕགས་ཀྱུ་སོག་པོར་ཕྲེང་། །རིན་ཆ ེན་མེ་ཏོག་ཞགས་བསིལ་ཡབ། །པི་ཝང་མར་མེ་ལྕགས་སྒྲོག་འདོགས། །གར་མཛད་སྤོས་དྲིལ་དམའ་བྱང་བུམ། ༈ །གསེར་ཤང་པར་བུ་པི་ཝང་དང་། །གོ་ཆ་བུ་སྟིམ་མདུང་ཐུང་སོགས། །རིན་ཆེན་སྒྲོམ་བུ་མེ་དང་ཆུ། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་པདྨོའི་དཀྱིལ། །ཡང་ན་རྡོ་རྗེ་དྲིལ་བུ་ཉིད། ༈ །ལྕགས་ཀྱུ་ཞགས་པ་སྤོ་ཊ་ཧོ། །འཁོར་ལོ་རྡོ་རྗེ་མགོ་དང་ཏིར། །ཞུགས་ལིང་དང་ནི་དྲང་སྲོང་ཉིད། །ཞིང་དབྱུག་གཤེགས་རྗེའི་རྐང་བཟུང་བ། །རལ་གྲི་བདེན་བྲལ་ཏིར་དབྱུག་གཤོལ། །བ་དན་ལྕེ་བརྒྱད་པ་རེ་ཐོང་། །རིན་ཆེན་མགོ་དང་གསུམ་གྱི་དབྱུག །རྡོ་རྗེ་རྩེ་གསུམ་ནྲྀ་མགོ་གདེངས། །ཐོང་གཤོལ་གཏུན་ཤིང་གཡས་གཡོན་ཐོགས། །ཡང་ན་ཕྱག་དྲུག་མངོན་པར་རོལ། །ཁྲོ་མོ་གཡས་ནི་གཙོ་ལ་འཁྱུད། །གཡོན་པ་རཀྟ་གཙོ་ལ་སྟོབ། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བ། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ༀ་ཨེ་ཧྱེ་ཧི་བྷ་ག་བྷཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་ཌི་ཤྱ་ཧོཿ ས་མ་ཡ་སྟཱཾ། ཛཿཧཱུཾ་བཾ་ཧོཿ ༈ ༀ་ཨཱཿཧཱུཾ་སྭཱ་ཧཱ། བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། ༀ་ཨཱཿཧཱུཾ་སྭཱ་ཧཱ། ༈ ༀ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་སྟཱཾ། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་ཧོ། ༈ སྒོ་བཞི་སྤྱོན་བསྟིམ་བརྟན་བྱས་ལ། །གཉིས་མེད་ཕྱག་འཚལ་ཚོགས་ཕྱིར་མཆོད། ༈ །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཚོམ་བུའི་དཀྱིལ་འཁོར་གསལ་བསྒོམས་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །རིགས་བཞི་ཀུན་ཀྱང་གཙོ་བོ་བཞིན། །གཡས་གཡོན་མཛུབ་མོ་ༀ་ལཾ་ལ། །འཁོར་ལོ་དྲིལ་བུ་འབར་བ་བལྟ། །མཐེ་བོང་གཉིས་ལ་སྭཱ་མ་སྟེ། །རིན་ཆེན་དྲིལ་བུ་འབར་བ་ཡི། །སྲིན་ལག་གཡས་གཡོན་ཨཱཾ་པཾ་སྟེ། །པདྨ་དྲིལ་བུ་རྩེ་ལ་འབར། །མཐེའུ་ཆུང་ཧཱ་ཏཱཾ་རལ་གྲི་དྲིལ། །འབྲུ་སྦས་པ་དང་བརྟེན་འཁྲིལ་བའོ། །ཡང་ན་རྩ་བསྐྱེད་སྔགས་ཀྱིས་སོ། །གཡས་གཡོན་སོར་རྩེ་ཧཱུཾ་ཏྲཱཾ་ཧྲཱིཿ ཨ་སོགས་ཟུང་བཞི་ཉི་ཟླ་སྟེ། །རིམ་བསམ་གུང་མོ་རྩེ་སྤྲད་པ། །སེམས་དཔའ་རྡོ་རྗེ་ཡབ་ཡུམ་མོ། །མཛུབ་མོ་རྩེ་སྤྲད་རིན་ཆེན་ནོ། །སྲིན་ལག་རྩེ་སྤྲད་ཆོས་རྡོ་རྗེ། །མཐེ་ཆུང་རྩེ་སྤྲད་ལས་རྡོ་རྗེ། །མཐེ་བོང་མཛུབ་མ་རྡོ་རྗེ་འཛིན། །མཐེ་བོང་གུང་མོ་རྒྱལ་བ་འཛིན། །སྲིན་ལག་མཐེ་བོང་ཆགས་པ་ཆེ། །མཐེ་ཆུང་མཐེ་བོང་ལེགས་པ་མཆོག །གཡས་ཧཱུཾ་ཛ་དང་ཧོ་ད་སྭཱ། ༈ །མཛུབ་མོ་གཉིས་སྦྱར་རིན་ཆེན་མཆོག །གུང་མོ་གཉིས་སྦྱར་རིན་ཆེན་དོན། །སྲིན་ལག་གཉིས་སྦྱར་རྒྱལ་བ་སྟེ། །རྡོ་རྗེ་བཞད་པ་མཐེ་ཆུང་སྤྲད། །ཏྲཾ་དང་ཧེ་རུ་ཧེ་རིམ་བཞིན། ༈ །མཛུབ་མོ་སྟེང་འོག་རྡོ་རྗེ་ཆོས། །གུང་མོ་སྟེང་འོག་འཇམ་དཔལ་དབྱངས། །སྲིན་ལག་སྟེང་འོག་འཁོར་ལོ་མཆོག །མཐེ་ཆུང་སྟེང་འོག་རྡོ་རྗེ་སྨྲ། །དྷཱི་བྷཱཾ་ཏྲཾ་ནི་ཧྲཱིཿབཞི་བསམ། ༈ །མཛུབ་མོ་རྒྱ་གྲམ་རྡོ་རྗེའི་ལས། །གུང་མོ་རྒྱ་གྲམ་རྡོ་རྗེ་བསྲུང་། །སྲིན་ལག་རྒྱ་གྲམ་གནོད་སྦྱིན་མཆོག །མཐེ་ཆུང་རྒྱ་གྲམ་ཁུ་ཚུར་རེ། །ཧ་ཧཱུཾ་ཨ་བཾ་སོར་དེར་བསམ། །ཛཿདང་ཧོཿལ་སོགས་པ་ཡི། །གར་དུ་བསྒྱུར་བས་རྡོ་རྗེ་འཆང་། །ཕྱག་རྒྱ་བརྡ་ཚིག་ཆེན་པོ་འདིས། །སངས་རྒྱས་དཀྱིལ་འཁོར་མཉེས་པར་སྣང་། །རང་བཞིན་དཀྱིལ་འཁོར་ཕུན་སུམ་ཚོགས། །གླུ་གཉིས་ཕྱག་རྒྱ་ལྡན་པ་ཡི། །སལ་ལེར་གསལ་བའི་དཀྱིལ་འཁོར་འབེབས། །ཕྱག་རྒྱ་སྤྲོས་པ་ཆེན་པོ་ནི། །གཟུང་དང་འཛིན་པ་རྣམ་གཉིས་ལ། །དག་པར་གསལ་བ་ཕྱག་རྒྱ་ཡི། །ཡི་གེ་སོ་སོར་གསལ་བ་ཡི། །གར་དུ་སྒྱུར་བས་མྱ་ངན་འདས། །གསེག་པར་པི་ཝང་གོ་ཆ་དང་། །པུ་སྟི་སྒྲོམ་དང་མེ་ཆུ་སྒྲ། །ཇི་ལྟར་གནས་བཞིན་བཅའ་བ་སྟེ། ༈ །ལྕགས་ཀྱུ་ཞགས་པ་དྲིལ་བུ་སྒྲོག །ཡི་གེ་གསལ་བས་གཟུང་བཅིངས་ཚུལ། །ཁྲོ་བཅུ་གཡས་གཡོན་ཉི་ཧཱུཾ་གིས། །གར་དུ་བསྒྱུར་ཞིང་རིམ་བཞིན་བསམ། །སྤེལ་ནས་ཞལ་བསིལ་གསོལ་མཆོད་བྱ། ༈ །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །ལྷ་ལ་རྟག་ཏུ་མཆོད་བྱས་ན། །བདག་དང་གཉིས་སུ་མེད་པར་འགྱུར། ༈ །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། ༈ །རི་རབ་ཆེན་པོ་གླིང་བཞི་ལ། །གནས་པའི་སེམས་ཅན་ཐམས་ཅད་ཀུན། །བདག་ཉིད་ཆེན་པོར་རྟོགས་པ་ཡིས། །དབྱིངས་སུ་ཡང་ནི་སྦ་བར་བྱ། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཐིག་ལེ་འདྲེན་པས་ཕྱི་ནང་གི། །ལྷ་མོ་སྤོས་པས་བདག་ཉིད་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༈ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །སྣོད་དང་བཅུད་ཀྱི་དངོས་པོ་ཀུན། །ཇི་ལྟར་འདོད་པ་སེམས་ཕྱིར་དབུལ། །འབྲས་བུ་དོན་ཕྱིར་དགྱེས་བྱའི་ཕྱིར། །གླུ་ཡི་མཆོད་པ་ཚུལ་བཞིན་མཆོད། ༈ །འཕགས་བསྟོད་སེམས་ཅན་གྲོལ་བྱའི་ཕྱིར། །དུང་དང་ཟངས་དང་མུ་ཙ་ར། །པི་ཝང་གླིང་བུ་ཀ་རྐོ་ཏ། །ཕེབ་རྡོབ་རྫ་རྔ་པི་ཝང་དང་། །གོ་བོ་རྒྱུད་མངས་སྒྲ་སྒྲོག་སྦྱར། །རྒྱལ་བ་འཁོར་བཅས་དགོངས་གསོལ་ཏེ། །ཚོགས་འབྱོར་མཆོད་པ་རྒྱ་མཚོ་འབུལ། །རྣལ་འབྱོར་དབང་ཕྱུག་ཉམས་ཆག་བཤགས། །ལས་ལ་དོན་ཕྱིར་ཕྲིན་ལས་གསོལ། །སྒྲུབ་པའི་དོན་འདོད་གསོལ་བ་གདབ། །ཕྱི་དང་ནང་གི་འཕྲོ་འདུ་ཡི། །རྣལ་འབྱོར་བསྒྲུབ་ཕྱིར་བཟླས་པ་བྱ། །ཕྱི་རོལ་ཡན་ལག་བརྒྱད་ལྡན་པའི། །དམ་ཚིག་ཡེ་ཤེས་ཡིག་གསལ་བའི། །རྣམ་གསུམ་མ་འཁྲུགས་ཚུལ་གྱིས་བཟླས། །ༀ་ཧཱུྃ་བཛྲ་ས་ཏྭ་ཧཱུཾ། བཛྲ་པྲ་བ་ན་ཧཱུཾ། མཱུཾ་བཛྲ་གནྡྷ་མཱུཾ། ༀ་བཛྲ་ཙཀྲ་མཎྜལ་ༀ། ལཱཾ་བཛྲ་གནྡྷ་པ་ཤ་ལཾ། སྭཱ་རཏྣ་པྲ་བ་ནི་སྭཱ། མཱུཾ་བཛྲ་གནྡྷ་བཛྲ་པ་ཤ་མཱུཾ། ༀ་པདྨ་པྲ་བ་ན་ༀ། པཱཾ་བཛྲ་གནྡྷ་པྲ་བ་ན་པཱཾ། ཧཱཾ་ཁཾ་ཏིཀྵྞ་པྲ་བ་ན་ཧཱུཾ། ཏཱཾ་བཛྲ་གནྡྷ་བྲ་བ་ན་ཏཱཾ། ཡང་ན་བསྐྱེད་དང་བཟླས་ཐུན་མོང་། །ནང་དུ་ཡབ་ཡུམ་ཞལ་སྤྲོད་དེ། །སྒྲ་བཅོམ་མེད་པའི་བཟླས་པ་ཡི། །དབུས་ཀྱི་རྩ་གཉིས་འཕྲོ་འདུའི་ལམ། །ཞལ་ནས་ཞལ་དང་མཁའ་ནས་མཁའ། །སྐོར་བ་དུག་ལོག་བདེ་མྱོང་འགྱུར། །བསྙེན་པ་གྲངས་དུས་མཚན་མ་ཡིས། །ཐབས་ཀྱི་མཆོག་ཏུ་དེ་གསུངས་སོ། །རིམ་པར་གོམས་ཉམས་ལྡན་པ་ཡིས། །རྫུས་སྐྱེས་ཚུལ་དུ་སྐད་ཅིག་ལ། །ཡོངས་སུ་རྫོགས་པར་བསྐྱེད་བྱས་ཏེ། །དེ་གོམས་གྲངས་མེད་སློབ་བྱེད་པས། །བདག་གཞན་ལས་ཀུན་རྩོམ་པའི་ཕྱིར། །སྐབས་ཀྱི་དང་པོར་བརྗོད་པ་ཡིན། །དེ་གོམས་རིག་འཛིན་ཚེ་ལ་སྦྱོར། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ལུས་དང་ཕུང་པོ་བཅས་པ་ཡི། །ཚེ་ལ་དབང་བའི་རིག་འཛིན་འགྲུབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ལྷག་མ་བཅས་དང་ལྷག་མེད་པའི། །མྱ་ངན་འདས་པའི་ཚུལ་གྱིས་ནི། །འདི་དང་བར་མར་སྦྱོར་བ་སྟེ། །དཔེར་ན་ཁྱུང་དང་སེང་གེ་བཞིན། །རྣམ་སྨིན་འབྲས་བུ་གྲོལ་མ་ཐག །བར་མ་ཡེ་ཤེས་སྒྱུ་མའི་སྐུ། །མངོན་ཐོབ་རིག་པའི་ས་ལ་གནས། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་བསམ་ཡས་མཆོག །མངོན་གྱུར་ཆུ་དང་མེ་ལོང་བཞིན། ༈ །དེ་ནས་ལོངས་སྤྱོད་བདེ་ལྡན་པས། །ཚོགས་གཉིས་རྫོགས་ཕྱིར་ཡོ་བྱད་ལྔས། །སྣ་ཚོགས་མཆོད་པ་རྒྱས་མཆོད་ལ། །རྣལ་འབྱོར་དབང་ཕྱུག་ལོངས་སྤྱོད་དེ། །སེམས་ཕྱིར་ཧཱུྃ་གིས་ལོངས་སྤྱོད་པ། །ཡེ་ཤེས་རོལ་པའི་ཚུལ་བྱས་ནས། །ཐ་མལ་འཛིན་གྲོལ་བདེ་ལ་སྦྱོར། །དེ་ཕྱིར་འབྱོར་པའི་ནན་ཏན་བསྐྱེད། ༈ །བདག་ཉིད་མཁའ་འགྲོ་འདུལ་བྱེད་པ། །དབང་ཕྱུག་རྒྱལ་བ་རིགས་ལྔ་ཡི། །བསམ་དང་ལྡན་པས་ལྷག་མ་ཉིད། །གཞུང་བཞིན་སྩལ་ཏེ་ཚིམ་བྱས་ལ། །རྗེས་སུ་མཐུན་པའི་ལས་བཅོལ་ཏེ། །རང་རང་གནས་སུ་རྒྱས་པར་དགྱེ། །རྟག་ཆད་མཐའ་ལས་གྲོལ་བྱའི་ཕྱིར། །དཀྱིལ་འཁོར་རིམ་བཞིན་སྙིང་ལ་བསྡུ། །མི་དམིགས་ངང་ལས་གཙོ་བོར་བསྐྱེད། །བསྐྱེད་པའི་རྫོགས་པ་བསྟན་པའོ། །བར་ཆོད་རྒྱུན་ལས་གྲོལ་བྱའི་ཕྱིར། །རྒྱ་གྲམ་གོ་དང་ཁྲོ་ལུས་བསྲུང་། །དེ་ཉིད་འགྲོ་དོན་ནུས་ལྡན་ཕྱིར། །དབང་བསྐུར་དབུ་རྒྱན་ཅོད་པཎ་ལྡན། །བདག་ཉིད་སྤྱོད་ལམ་འགྲོ་འདུག་ཉལ། །ལོངས་སྤྱོད་དུས་བཞི་མཉམ་ལང་ཚོ། །རིག་ཕྱིར་ཐམས་ཅད་དཀྱིལ་འཁོར་ལྷ། །གསལ་བས་ཐ་སྙད་ཞེན་ལས་འདས། །ཕྱག་རྒྱ་ཆེན་པོ་ཉིད་དུ་འགྱུར། །དེ་ཕྱིར་ལེ་ལོ་གཉིས་སྤངས་འབད། །དེ་ལྟའི་ཏིང་འཛིན་སྐྱོ་ལྡང་ན། །རྫོགས་པའི་བསམ་པ་སངས་བྱས་ཏེ། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་གཤེགས། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་ལྟ་ཞིང་། །སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་དབུལ། ༈ །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །དེ་ལ་སོགས་པའི་གདམས་ངག་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། ༈ །དེ་གོམས་འཁོར་ལོ་རིམ་བསྡུས་ཏེ། །ནཱ་དའི་སྒྲ་ལ་དམིགས་ཏེ་འདུག །བདེ་ཡི་ངང་ལས་ནང་པར་འདུག །སྐད་ཅིག་ལྷ་ཀུན་རྫོགས་བསམ་སྟེ། །མཆོད་བསྟོད་ལ་སོགས་རྫོགས་པར་བྱ། ༈ །རྫོགས་པ་ཉིད་དུ་སྦྱོར་བ་ཡིས། །ནཱ་དའི་སྒྲ་ཡང་མི་དམིགས་འདུག །སྟོབས་འགྱུར་ཐམས་ཅད་ཡེ་ཤེས་སྐུ། །སྐད་ཅིག་རིག་ལ་གསལ་མཐོང་བའོ། །རྫོགས་པའི་རྫོགས་པར་བཤད་པ་ཡི། ༈ །བདག་ཉིད་ནམ་ཞིག་འཕོ་བའི་ཚེ། །ཡེ་ཤེས་སྐུ་གཉིས་གསལ་བརྟན་ནས། །འཕོ་བའི་སེམས་སྟོབས་དྲག་པོ་ཡི། །བར་མ་ཡེ་ཤེས་གཟུགས་སྐུར་སྦྱོར། ༈ །དེ་ལྟར་གོམས་པ་སྔ་མ་བཞིན། །ཚེ་དང་ཕྱག་རྒྱ་ལྷུན་གྲུབ་རིགས། །ངེས་ཐོབ་རྫོགས་པའི་ས་སྦྱོར་བ། །ཡེ་ཤེས་ལྷ་མོར་རོལ་སྤྱོད་དང་། །གསང་བའི་རྫོགས་སྐུ་བྱིན་རླབས་ཀྱིས། །སྐད་ཅིག་ལྷུན་གྲུབ་ས་ལ་འགྲོ། །ལོག་པར་རྟོགས་རྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་སྣང་བ་ཡང་། ༈ །མཐོ་དམན་ཀུན་གྱིས་གཟུགས་སྣང་དང་། བླ་མེད་བྱང་ཆུབ་སྐུ་སྣང་བ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ལྷུན་གྲུབ་སྐུ་ལས་མ་གཡོས་བཞིན། །སོ་སོ་ཇི་ལྟར་འདུལ་བ་ལྟར། །རྟོགས་པ་རྣམས་ལ་འཁོར་བའི་ལུས། །ཐར་པའི་ཆ་སྟོན་རྒྱལ་པོ་དང་། །ཚངས་དང་ལ་ཆེན་ཐ་དད་སྣང་། །ཐར་པ་རྣམས་ལ་དག་པའི་སྐུ། །ཉན་ཐོས་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུ་ཚུལ། །མོས་སྤྱོད་མདོ་སྡེ་ཤཱཀྱ་ཐུབ། །བྱང་ཆུབ་སེམས་ལ་རྫོགས་ལོངས་སྤྱོད། །ལྷུན་གྲུབ་རྣམས་ལ་རྡོ་རྗེ་དབྱིངས། །ཞི་ཁྲོ་རྣམས་ལ་ཚོགས་ཆེན་ལ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །འགྲོ་འོང་མེད་ལ་ཀུན་ཏུ་གསལ། །གསལ་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཐར་པ་བསྐུལ་ཞིང་ངན་སོང་སྦྱོང་། །ཞི་བ་ཕྱོགས་གཅིག་ཤེས་བྱ་སྦྱོང་། །ས་བཅུ་མཉམ་པར་སྦྱོར་བྱེད་ཅིང་། །ཚོགས་གཉིས་ཡང་དག་རྫོགས་བྱེད་པའི །རྒྱལ་བའི་རྒྱལ་བ་ཉིད་ཀྱི་སྐུ། །ཀུན་ཏུ་རིན་ཆེན་ལྟ་བུའོ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་རྒྱ་མཚོ་ལས། །ངང་པས་འོ་མའི་ཚུལ་བཞིན་འོད་ཀྱི་སྐས། །རིམ་པའི་སྒྲུབ་ཐབས་གསལ་བྱེད་ཡི་གེ་འདི། །ཤེས་ཆུང་ཕྱོགས་ཤར་བདག་གིས་ལེགས་པར་བསྡུས། །འདི་ལ་ནོངས་འགལ་ར་ཆོད་གྱུར་པ་དག །མི་དམིགས་སེམས་ཀྱིས་དག་པའི་ཀློང་དུ་བཤགས། །དེ་ལྟར་དགེ་རྩས་ལམ་གནས་རྣལ་འབྱོར་ཀུན། །བསྐྱེད་རིམ་མཐར་ཕྱིན་ཡང་དག་ཤེས་ནས་ཀུན་གྱི་མཐར་ལམ་མངོན་གྱུར་དོན་རྫོགས་ཏེ། ཐར་ལམ་འགྲོ་དོན་ཚུལ་བཞིན་བྱེད་པར་རྫོགས་པར་ཤོག །སྒྱུ་འཕྲུལ་དྲྭ་བའི་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་དཀྱིལ་འཁོར་ལྔའི་དབང་དུ་བྱས་ལ། འོད་ཀྱི་རིམ་པ་ཞེས་བྱ་བའི་མན་ངག་རྫོགས་སོ། །སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་སྒྱུ་འཕྲུལ་རྒྱས་པའི་སྒྲུབ་ཐབས་ཨཐྎ།། །།མངྒ་ལཾ།།


previousསྒྱུ་འཕྲུལ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ། སློབ་དཔོན་བི་མ་ལ་མི་ཏྲ།next