Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
 
  
 
  
 
11   
  
དཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས།
  
  
  
  
  


22 occurrences of གཡོན་རུ་
[Clear Hits]

 
previousདཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས།next

དཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས།

དཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་རྡོ་རྗེ་གཏུམ་པོ་བསྒྲུབས་ནས་མ་རུངས་པ་ཐམས་ཅད་འདུལ་བར་བྱའོ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །རང་ཉིད་སྐད་ཅིག་གིས་རྡོ་རྗེ་གཏུམ་པོར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། བླ་མ་རིགས་ཀྱི་བདག་པོར་བཞུགས་པའི་རྗེ་བཙུན་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་པ་ནི། །དངོས་དང་ཡིད་ལས་བྱུང་བདག །ནམ་མཁའ་མཉམ་པ་སྙེད་ཀྱིས་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། ལན་གསུམ། བཛྭ་མུཿ རང་ཉིད་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཨོཾ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུད་དྷཱོ་ཧཾ། གཟུང་བ་དང་འཛིན་པ་ཐམས་ཅད་དག་ནས་རང་གི་སེམས་ན་ད་ཙམ་དུ་གནས་པ་དེའི་ངང་ལས། སྙིང་རྗེའི་ནུས་པ་དབང་དང་ལྡན་ནས། དེ་ལས་ཐིག་ལེ་ཟླ་ཚེས་ཧ་ཞབས་ཀྱུ་དང་བཅས་པར་ལངས་པའི་ཧཱུྃ་ཡིག་སྔོན་པོ། འོག་ཏུ་པདྨ་ཟླ་ཉི་མཐའ་གཉིས་སྤངས་པའི་གདན་ལ། ཧཱུྃ་ཡོངས་སུ་གྱུར་པས་རྡོ་རྗེ་མཐིང་ཤུན་གྱི་མདངས་ཅན་རྩེ་ལྔ་པ་ལྟེ་བ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་སངས་རྒྱས་ཐམས་ཅད་མཆོད། སླར་འདུས་པ་དེ་ཉིད་ལ་ཐིམ་པ་དང་། ཨོཾ་བཛྭ་པཱ་ཎི་ཧཱུྃ་ཕཊ྄་ཅེས་པའི་སྒྲ་ལྷང་གྲགས་པས་རྡོ་རྗེ་དེ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་བཻཌཱུརྻ་ཆེན་པོའི་ཁམས་ལས་གྲུབ་པ་ལྟ་བུར་མཐིང་བ། སྐུའི་བོངས་དང་གཟི་བརྗིད་ཀྱིས་ས་གསུམ་པོ་ཐམས་ཅད་རྣམ་པར་གནོན་པ། ཞལ་ཅུང་ཟད་ཁྲོ་བ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ། ཕྱག་གཉིས་ཀྱི་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གཡོན་པས་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་བསྐུམ་པས་ལྷ་ཆེན་པོ་ལག་པ་སྟོང་གིས་རང་གི་གདོང་འཚོག་པ་ཁ་བུབ་ཏུ་འགྱེལ་བ་དང་། གཡོན་བརྐྱང་པས་ཨུ་མ་དེ་ཝཱི་གསོལ་བ་འདེབས་པའི་སྙིང་ག་བརྫིས་པ། ཐོད་པ་ལྔ་དང་ནོར་བུའི་ཅོད་པན་སྦྲུལ་རིགས་བརྒྱད། རིན་པོ་ཆེའི་རྒྱན། ལྷའི་གོས་སྔོན་པོ་སྟོད་དང་སྟག་གི་སློག་པ་སྨད་དུ་གསོལ་བ། སྐུ་ལས་མཆེད་པའི་མེ་ཀུན་ཏུ་འཁོར་བ། བསྐལ་པའི་མེ་དཔུང་ལྟ་བུས་བགེགས་དང་ལོག་པར་འདྲེན་པ་ལ་སོགས་པའི་གདོན་གྱི་ཚོགས་ཐམས་ཅད་ཐུལ་ཐུལ་བསྲེག་པ། ཨོཾ་བཛྭ་རཀྵ་ཧཱུྃ། སྤྱི་བོར་སྣ་ཚོགས་རྡོ་རྗེ་སོར་གང་བ་ལས་རྡོ་རྗེའི་ཞུ་ལུགས་འཕྲོས་པ་ཅིས་ཀྱང་གཞིག་པར་མི་ནུས་པ་རྡོ་རྗེའི་གོ་ཁྲབ། སྐུའི་པགས་པ་དང་གཉིས་སུ་མེད་པར་གྱུར། སྐུའི་སྒོར་ཨོཾ། གསུང་གི་སྒོར་ཨཱཿ ཐུགས་ཀྱི་སྒོར་ཧཱུྃ། ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་རང་གི་ལུས་གང་། ཕུང་པོའི་བདུད་བཅོམ། ཕྱིར་ཐོན་པས་སྐུའི་རིགས་ཐམས་ཅད་བསྡུས་ཏེ། སླར་ལོག་པ་དེ་ཉིད་ལ་ཐིམ་པས་སྐུའི་རྡོ་རྗེ་གཏུམ་པོ་སྐུ་མདོག་དཀར་པོ་ཞི་བ་ཆེན་པོ་ཚངས་པ་གདན་དུ་བཏིངས་པ། ཨཱཿལས་འོད་ཟེར་དམར་པོ་འཕྲོས་རང་གི་ལུས་གང་། ཉོན་མོངས་པའི་བདུད་བཅོམ། ཕྱིར་ཐོན་པས་གསུང་གི་རིགས་ཐམས་ཅད་བསྡུས་ཏེ་དེ་ཉིད་ལ་ཐིམ་པས། གསུང་གི་རྡོ་རྗེ་གཏུམ་པོ་སྐུ་མདོག་དམར་པོ་ཆགས་པ་ཆེན་པོ་དབང་ཕྱུག་གདན་དུ་བཏིངས་པ། ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་རང་གི་ལུས་གང་། འཆི་བདག་གི་བདུད་བཅོམ། ཕྱིར་ཐོན་ཐུགས་ཀྱི་རིགས་ཐམས་ཅད་བསྡུས་ཏེ་དེ་ཉིད་ལ་ཐིམ་པས། ཐུགས་ཀྱི་རྡོ་རྗེ་གཏུམ་པོ་སྐུ་མདོག་སྔོན་པོ་དྲག་ཤུལ་ཆེན་པོ་ཁྱབ་འཇུག་གདན་དུ་བཏིངས་པ། ལྟེ་བའི་ཧཱུྃ་ལས་འོད་འཕྲོས། ལྷའི་བུའི་བདུད་བཅོམ། ཡོན་ཏན་དང་འཕྲིན་ལས་ཀྱི་རིགས་ཐམས་ཅད་བསྡུས་ཏེ་སླར་ལོག་དེ་ཉིད་ལ་ཐིམ་པས། འཕྲིན་ལས་ཀྱི་རྡོ་རྗེ་གཏུམ་པོ་ལྗང་ཁུ་ཆེར་བཞད་པ། ཕྱག་གཉིས་ཕུར་བུ་བསྒྲིལ་བ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་སྟན་དུ་བཏིངས་པ། གནས་བཞིའི་ཁྲོ་བོའི་སྐུ་ལས་རིགས་ཀྱི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ་ནམ་མཁའི་ཁམས་ཁྱབ་པ་སྤྲོས། ལྕང་ལོ་ཅན་ནས་བཅོམ་ལྡན་འདས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིགས་ཀྱི་ཁྲོ་བོ་ཕོ་མོས་བསྐོར་བ་བཛྭ་ས་མཱ་ཛཿ ཨོཾ་བཛྭ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ། ཨཉྫྱ་མཱ་ཎཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིས་མཆོད། མཚན་བརྒྱད་དམ་ཉེར་གཅིག་པའམ་བརྒྱ་རྩ་བརྒྱད་པས་བསྟོད་དོ། ཛཿཧཱུྃ་བཾ་ཧོཿ བདག་དང་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གར་གནས་པའི་གཙོ་བོའི་ཐུགས་ཀར་རྡོ་རྗེ་ཁྲོ་བོ་ལྟེ་བར་ཧཱུྃ་སྔོན་པོ་གནས་པ་དེ་ལས་འོད་འཕྲོས་དབང་གི་ལྷ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་རྒྱུན་གྱིས་གང་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བརྗོད་བཞིན་པས་སྤྱི་བོ་ནས་དབང་བསྐུར་ཆུའི་རྒྱུན་དེས་ལུས་ངག་ཡིད་དེ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་ནག་འདུར་གྱིས་དབང་པོའི་སྒོ་བ་སྤུའི་བུ་ག་ནས་བཏོན། དྭངས་མ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་ས་བོན་བཞག་པས་ལུས་གང་བའི་རྒྱུན་སྤྱི་བོར་འཁྱིལ་བ་ངོ་བོ་བླ་མ། རྣམ་པ་མི་བསྐྱོད་པ་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་ཐོད་པ་ལྔའི་ཅོད་པན་ལ་བཞུགས་པར་གྱུར། ཞེས་བསྒོམས་ཏེ། དེའི་རྒྱུན་ལ་རྩེ་གཅིག་ཏུ་བཞག་ལ། དེ་ནས་བཟླས་བརྗོད་ལ་འཇུག་ལ། ཐུན་གྱི་མཐར། གཏོར་མ། ཨོཾ་ཨཱཿཧཱུྃ་ཧོཿསྦྱངས་རྟོགས་སྦར་བདུད་རྩིར་ཞུ། རང་ཉིད་ཀྱི་ཐུགས་ཀ་ནས་འོད་འཕྲོས། བཅོམ་ལྡན་འདས་ས་བླ་ས་སྟེང་ས་འོག་གི་འཇིག་རྟེན་ན་གནས་པའི་འབྱུང་པོ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ བཀུག ཨོཾ་ཨ་ཀཱ་རོ་སོགས་སྔགས་ཀྱིས་ཕུལ་ནས། བདག་ལ་ཚར་བཅད་པ་དང་རྗེས་སུ་འཛིན་པའི་ལས་ཐམས་ཅད་འགྲུབ་པའི་མཆོག་སྩལ་དུ་གསོལ་ཅེས་གསོལ་ཏེ་གཙྪཿརང་གནས་སུ་གཤེགས་ཏེ། བདག་གི་ལུས་མེ་ལོང་ལ་ཧས་བཏབ་པའི་དབུགས་ཡལ་བ་ལྟ་བུར་བསྡུས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། ཅེས་དགེ་བ་བསྔོའོ། །དེ་ལྟར་དཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས་གཟུང་བདེ་བ། རྒྱལ་བྱེད་ཚལ་སློབ་དཔོན་ངག་དབང་འཕྲིན་ལས་རྒྱ་མཚོའི་ངོར་ངག་དབང་ནོར་བུས་བགྱིས་པའོ། །སརྦ་མདྒ་ལཾ།། །།


previousདཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས།next