Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་པའི་དམིགས་སྡོམ་ལྷན་སྐྱེས་གྲུབ་སྟེར།
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousབཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་པའི་དམིགས་སྡོམ་ལྷན་སྐྱེས་གྲུབ་སྟེར།next

བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་པའི་དམིགས་སྡོམ་ལྷན་སྐྱེས་གྲུབ་སྟེར།


LT36_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་པའི་དམིགས་སྡོམ་ལྷན་སྐྱེས་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ། །


LT36_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲཱ་ཡ། འདིར་ལུས་ཀྱི་གནས་ལུགས་ལྷ་སྐུ་དང་། སེམས་ཀྱི་གནས་ལུགས་བདེ་བར་ཤེས་ཏེ་སྤྲོས་པ་ལ་མི་དགའ་བར་ཡེ་ཤེས་ཀྱི་ལྷ་སྐུ་དང་རྣམ་པ་མཚུངས་པའི་རྫོགས་པའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །ལན་གསུམ། །དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧོ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །


LT36_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་བདེ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་རྣམ་པར་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །ལུས་ཐོགས་བཅས་རྡུལ་ཆོས་ཀྱི་དབྱིབས་སྤངས་པ་དང་། སེམས་ཏོག་བཅས་བློས་བཏགས་ཀྱི་སྒྲིབ་པ་སྤངས་པ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་དང་། སྲིད་པ་གསུམ་ན་གནས་པ་མཐའ་དག་གཟིགས་པའི་སྟོང་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་ངོ་བོ་དབྱེར་མེད་པ་ཁ་སྦྱོར་ལྷན་ཅིག་སྐྱེས་པའི་སྐུས་མཚོན་པ་ནི། འབྱུང་བཞི་རི་རབ་པདྨ་ཟླ་ཉི་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ།


LT36_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་སྤྱན་གསུམ་པ། དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང་། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་གུ། ཕྱག་སོར་རྣམས་ཀྱི་ཚིགས་ཕྲེང་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། རྡོ་རྗེ་སེམས་དཔའ་རང་ཉིད་དུ་མཚོན་པའི་དབུ་རྒྱན་ཅན། རལ་པའི་ཐོར་ཚུགས་ཡིད་བཞིན་གྱི་ནོར་བུ་དང་། ཟླ་ཕྱེད་རྡོ་རྗེས་བརྒྱན་པ། རྡོ་རྗེའི་རྒྱན་སྣ་ཚོགས་དང་། སྟག་གི་པགས་བའི་ཤམ་ཐབས་ཅན། ཞབས་གཡོན་པ་དཀར་པོ་བསྐུམས་པས་དྲག་པོ་དཀར་པོ་དང་། གཡས་པ་དམར་པོ་བརྐྱངས་པས་འདོད་ལྷ་དམར་པོའི་སྙིང་གར་མནན་པ་གཉིས་ཀའང་མཚོན་ཆ་སྤངས་པའི་ལག་པ་གཉིས་པ་དམན་པའི་ཚུལ་ཅན། ཁ་དོག་ལྔ་པའི་མེའི་དབུས་ན་ཁྲོ་ཆགས་འདྲེས་པའི་ཉམས་ཀྱིས་བཞུགས་པའོ། དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་འཛིན་པ། གཅེར་མོ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་དབུ་སྐྲ་ཕྱེད་གྲོལ་བ། གཡོན་བརྐྱང་གིས་བཅོམ་ལྡན་འདས་ལ་སྙོམས་པར་ཞུགས་པའོ། །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧོཿསེར་པོ་གཙུག་ཏོར་དུ་ཧཾ་ལྗང་གུ། གསང་བར་ཀྵཿསྔོན་པོ་རྒྱལ་བ་


LT36_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་གི་དཀྱིལ་འཁོར་མ་ལུས་པ་འདུས་པའི་བདག་ཉིད་དུ་གྱུར། ཡང་ན། གསང་བར་སྭཱ་སྔོན་པོ། གཙུག་ཏོར་དུ་ཧཱ་ལྗང་གུ་བསྒོམ། ཐུགས་ཀར་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་བརྟན་གཡོ་འཁོར་འདས་མ་ལུས་པ་གཅིག་ཏུ་འདུས་པ་དུས་ཀྱི་འཁོར་ལོའི་རྩ་བའི་སྙིང་པོ་རྣམ་བཅུ་དབང་ལྡན་བརྩེགས་པ་མཆོག་གི་དོན་ཏུ་སྔོན་པོའམ། ལས་ཐམས་ཅད་པར་ཁ་དོག་ལྗང་གུར་གནས་པ་ལས་འོད་ཟེར་འཕྲོས། འབགས་པ་མཆོད། སེམས་ཅན་གྱི་དོན་བྱས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གསལ། སླར་འདུས་ཏེ་སྙིང་པོར་ཐིམ་པར་བསམ། ཨོཾ།།།སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། སྣོད་བཅུད་སྟོང་ཉིད་འོད་གསལ་དུ་བསྡུས་ནས་མཉམ་པར་བཞག་ཅིང་། སླར་གཉུག་མའི་ལྷ་སྐུ་རུ་ལྡང་། རིགས་སུ་སྐྱེ་དང་སོགས། ལག་པས་རྡོ་རྗེ་སོགས། ལྷ་མོ་ཚད་མ་སོགས་ཐུན་མོང་མིན་པའི་སྨོན་ལམ་དང་། དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་སོགས་དགེ་བསྔོ་བྱའོ། །འདི་ནི་བསྐྱེད་རྫོགས་ཐུན་མོངས་ལ་ལྟོས་པ་སྟེ། རྫོགས་རིམ་ཁོ་ནའི་སྔོན་འགྲོར་ལྷན་སྐྱེས་བསྒོམས་ན་སྣོད་བཅུད་སྦྱངས་བསྡུའི་རྗེས་སུ་ལྷ་སྐུ་ལ་སེམས་འཛིན་པ་མ་གཏོགས་བཟླས་པའི་རྩོལ་བ་མི་དགོས་སོ། །ཞེས་པ་ནི་བསྡུས་པའི་ཚུལ་གྱིས་ལྷན་སྐྱེས་བསྒོམ་པའི་ཐབས་སོ།། ༈ །།སྤྲོས་པ་བྲལ་ཡང་འོད་དུ་གསལ། །གཅིག་ཉིད་རྣམ་པ་ཐམས་ཅད་པ། །རྟོག་པ་མེད་ལ་འགྱུར་མེད་བདེ། །ཟུང་འཇུག་དེ་ལ་ཕྱག་འཚལ་ལོ། །དབེན་པར་འཆི་བས་རྒྱུད་བསྐུལ་ཏེ། །གསུམ་ལ་སྐྱབས་སུ་འགྲོ་བ་བརྩམ། །སེམས་བསྐྱེད་པས་ནི་གཞན་


LT36_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉེར། །ཚོགས་བསགས་སྒྲིབ་པ་སྦྱོང་བའི་ཐབས། །བྱང་ཆུབ་འདོད་པས་དེ་འདོད་བྱ། །ཁྱད་པར་རྡོ་རྗེ་ཐེག་པའི་ལམ། །བླ་མའི་རིམ་པ་ལས་འོངས་པས། །གང་ལ་མོས་པའི་ཤུགས་ཡོད་པས། །དེ་ལ་ཡེ་ཤེས་ལྷག་པར་འབར། །ཉོན་མོངས་རླན་དང་མ་བྲལ་བའི། །ལུས་སེམས་ཚང་ཚིང་མྱུར་དུ་སྲེག །དམ་པའི་དོན་ཉིད་མཐོང་བར་འགྱུར། །རྗེས་སུ་དཔག་པའི་འདྲ་འབག་གིས། །མངོན་སུམ་ལམ་གྱི་གཞི་བཏིང་སྟེ། གཉུག་མ་ལྷན་ཅིག་སྐྱེས་པའི་སྐུ། །བསྐྱེད་པའི་རིམ་པས་རྟོག་བཅས་བསྒོམ། །ལུས་ངག་སེམས་དང་འཕོ་བ་ལ། །རྣམ་པར་མི་རྟོག་ལྟོས་མེད་པར། །བྱ་བྱེད་སྨྲ་བརྗོད་རྣམ་རྟོག་གིས། །དབེན་པ་གསུམ་ལ་ཐོག་མར་བསླབ། །ཕྱིས་ནས་རྡོ་རྗེའི་རྣལ་འབྱོར་ནི། །དྭངས་པའི་ཆུ་ལ་གཟུགས་བརྙན་བཞིན། །དབེན་ལས་རབ་ཏུ་སྐྱེ་བར་འགྱུར། །ལམ་གྱི་གཞི་དགོད་པ་རྣམས་སོ། །དང་པོར་མུན་པའི་ཁང་བུ་རུ། །རྡོར་སྐྱིལ་ཁུ་ཚུལ་བརླ་སྟེང་བཞག །སྒལ་ཚིགས་བསྲང་ལ་རོ་སྟོད་དགྱེད། །མགྲིན་དགུག་ལྕེ་རྩེ་རྐན་ལ་སྦྱར། །ཧ་ཅང་འབྱེད་འཛུམ་བྲལ་བ་ཡི། །མིག་དག་སྟེང་དུ་བཟློག་ནས་ནི། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །སྨིན་མའི་དབུས་སུ་སེམས་བྱས་ཏེ། །མི་བཟད་མུན་པ་ལྟ་བུར་ནི། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །དུ་བ་སྨྲིག་རྒྱུ་མཁའ་མར་མེ། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །དེ་ནས་སྤྲིན་བྲལ་ནམ་མཁའ་ལ།


LT36_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ཟླ་ཉི་རྡོ་རྗེ་དང་། །མཆོག་གི་ཆ་དང་ཐིག་ལེའོ། །རླུང་སེམས་འགྱུ་བ་སོ་སོར་བཅད། །ངག་ལ་སྔགས་ཀྱི་བྱིན་གྱིས་བརླབ། ཡན་ལག་དང་པོའོ། །སྟོང་པའི་གཟུགས་ལ་སེམས་བསྡུས་ཏེ། །དེ་ཉིད་བློ་ཡིས་མ་རེག་པར། །མཉམ་རྗེས་ངོ་བོ་གོམས་པ་ལས། །སྤྲོས་བྲལ་ཤེས་རབ་དང་པོར་སྐྱེ། །སེམས་སུ་རྟོག་པ་གཉིས་པའོ། །མཚན་བྲལ་དཔྱོད་པ་གསུམ་པ་སྟེ། །ལུས་སེམས་དགའ་བ་བཞི་པའོ། །འདྲེས་ལས་ཤིན་ཏུ་སྦྱངས་པ་ཡི། །བདེ་བས་བསམ་གཏན་ཡན་ལག་རྫོགས། །ཆོས་ལྔ་ལྡན་པའི་ཐིག་ལེའི་དབུས། །སངས་རྒྱས་གཟུགས་སུ་དུ་མར་སྣང་། །མངོན་ཤེས་ལྔ་པོ་འགྲུབ་པར་འགྱུར། །ཡན་ལག་གཉིས་པའོ། །བྱེད་བཅིངས་བགེགས་མཐར་བྱེད་པས་བལྟ། །རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང་། །རླུང་གཟུགས་སེམས་གསུམ་ཆ་མཉམ་སྟེ། །འཇམ་རྩུབ་དགང་བཏང་བུམ་ཅན་གྱིས། །སྲོག་ནི་དབུ་མར་གཞུག་ཅིང་འཆིང་། །བཙན་ཐབས་སྦྱོང་བས་ཉི་ཟླ་བཀག །ཟླ་བ་དྲུག་གིས་ཡོན་པོ་འགག །ཡེ་ཤེས་སྣང་བའི་ཡོན་ཏན་སྤྱོད། །ཡན་ལག་གསུམ་པའོ། །འཁོར་ལོ་ལྔ་རུ་བུམ་ཅན་བསྒྲུབ། །རླུང་སེམས་ཨ་བ་དྷཱུ་ཏིར་བཀག །མི་ཤིགས་པ་ཡི་ཐིག་ལེར་བསྟིམ། །གཏུམ་མོ་སྦར་བས་སྲོག་ཐུར་བསྲེ། །ལྕེ་གསུམ་བསྐྱོད་པའི་སྦྱོར་བ་ཡིས། །ནང་གི་བདུད་རྩིའི་བཅུད་མྱོང་བྱ། །བདེ་དྲོད་ཉམས་དང་གཞོམ་མེད་སྒྲ། །སྲིད་གསུམ་


LT36_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བརྙན་རབ་འབྱམས་མཐོང་། །ཡན་ལག་བཞི་པའོ། །འདུག་སྟངས་འཁྲུལ་འཁོར་བཟུང་བཟློག་ནམས། །འབྱོངས་ནས་ཡེ་ཤེས་རང་གི་ལུས། །ལས་ཀྱི་ཕྱག་རྒྱར་དབང་པོ་གཉིས། །བསྲུབས་པའི་སྦྱོར་བས་ལུགས་འབྱུང་དང་། །ལུགས་ཟློག་སྐད་ཅིག་མ་བཞི་པོ། །སྟོང་གཟུགས་ཕྱག་རྒྱ་ཆེན་པོར་བསྲེ། །ཞུ་བདེ་འཛག་པ་མེད་ལ་བསླབ། །རྩ་འདབ་སྐ་བའི་ཐིག་ལེས་གང་། །རང་ལུས་འོད་ཀྱི་དཀྱིལ་འཁོར་དང་། །རང་སེམས་ལྷ་སྐུ་ཕྱག་རྒྱར་གྲུབ། ཡན་ལག་ལྔ་པའོ། །སྤྲོས་བཅས་སྤྱོད་ལ་རྟག་གནས་པས། །ཆགས་པ་ཆེན་པོའི་ཐིག་ལེ་ཡི། །འགྲོས་ལས་ཤར་བའི་ལྷན་སྐྱེས་དང་། །སྟོང་གཟུགས་ཕྱག་རྒྱ་ཆེན་མོ་འདྲེས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །འགགས་པས་ཁྱབ་བདག་དེ་ཉིད་འཕེལ། །འཕོ་བ་བཅུ་གཉིས་འགགས་པ་འདས། །ཀུན་ཏུ་འོད་ལ་སོགས་པ་ཐོབ། །ཡས་མར་དཀར་དམར་བརྟན་པ་ལས། །བདེན་དོན་བཅུ་གཉིས་དེ་ཉིད་ནི། །རྣམ་པ་བཅུ་དྲུག་མངོན་ཏུ་འགྱུར། །ཡན་ལག་དྲུག་པ་སྟེ་རྫོགས་སོ། །ཐོག་མཐའ་བར་དུ་དགེ་བ་ཡི། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི། །ཡན་ལག་དྲུག་གི་རྣལ་འབྱོར་གྱིས། །རྡུལ་མུན་སྙིང་སྟོབས་འཛག་བདེ་དག །མི་ཕྱེད་རྡོ་རྗེ་བཞི་ཡི་དངོས། །སེམས་དཔའ་སྲིད་པ་གསུམ་གྱི་བདག །སྐྱེ་འདི་ཉིད་ལ་མངོན་ཏུ་འགྱུར། །དད་བརྩོན་བརྟུལ་ཞུགས་ལྡན་པས་སོ། །གལ་ཏེ་དམ་ཚིག་ལ་གནས་ན། །གཡེང་བས་འབྲས་བུ་མ་ཐོབ་ཀྱང་། །


LT36_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲིད་བདུན་ལས་མི་འདའ་བར། །མཆོག་གི་གོ་འཕང་ཉིད་ལ་སྦྱོར། །སྟོན་པའི་བསྟན་པ་མཁའ་འདྲ་ཡང་། །འདི་ལས་ཟབ་པའི་རྣལ་འབྱོར་མེད། །རྩ་བའི་རྒྱུད་ལས་ཤིན་ཏུ་གསལ། །ས་བཅུ་པ་ཡི་འགྲེལ་པས་བཀྲལ། །གྲུབ་བརྙེས་དུ་མས་ཐུགས་སུ་བསྟར། །བྱིན་རླབས་བརྒྱུད་པ་བར་མ་ཆད། །བསྒོམས་ན་ཡིད་ཆེས་རྟགས་ཚད་སྐྱེ། །འདི་འདྲར་འཇུག་པ་སྐལ་པ་རབ། །དགེ་བས་བརྟན་གཡོ་ཀུན་གྱི་སྲོག །ཟུང་འཇུག་རྡོ་རྗེ་སེམས་དཔའ་ཡི། །གོ་འཕང་བདག་གཞན་མ་ལུས་པས། །རྩོལ་བ་མེད་པར་འགྲུབ་པར་ཤོག །ཅེས་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་། རྡོ་རྗེའི་རྣལ་འབྱོར་གྱི་བསྒོམ་དོན་རྩ་བའི་ཚིག་ཐོ་ཙམ་བཀོད་པ་འདི་དག་ཀྱང་། ཞབས་དྲུང་རིན་པོ་ཆེའི་བཀའ་ལྟར་བློ་གྲོས་མཐའ་ཡས་ད་རི་དྲཱས་ས་ཟླའི་ཚེས་བཅོ་ལྔའི་ཐུན་མཚམས་སུ་དབེན་ཁྲོད་ཀུན་བདེ་གླིང་དུ་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ། །


previousབཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་པའི་དམིགས་སྡོམ་ལྷན་སྐྱེས་གྲུབ་སྟེར།next