Nitartha Digital Library
Tibetan
 
previousམཁན་ཆེན་བླ་མ་མཆོག་གི་གཟིགས་སྣང་།no next

མཁན་ཆེན་བླ་མ་མཆོག་གི་གཟིགས་སྣང་།


MLP003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་བླ་མ་མཆོག་གི་གཟིགས་སྣང་བཞུགས་སོ། །
ཤིང་རྟ་ལོ་ཁྲུམས་ཟླར་གར་དབང་ཚེ་དཔག་མེད་ཀྱི་བསྙེན་མཚམས་ཟླ་གཅིག་བགྱིས་དུས་ཀྱི་རྨི་ལམ་མཚར་འདྲ་སྙམ་པ་རྣམས་ཟིན་ཐོར་བཀོད་པ་ལ། ཟླ་བ་བརྒྱད་པའི་ཚེས་བཞིའི་ནམ་སྨད་ཐོར་ཐུན་ལ་ལྡང་ཉེའི་དུས། དར་གླིང་འདོད་རྒུ་གླིང་གི་སྐར་ཁུང་སུམ་རལ་མའི་འཁྲིས་དེར། ཨ་མ་དྲུང་གིས་བདག་རང་ལ་རྒྱ་ནག་གི་སྒམ་ཆེ་ཆུང་དྲེལ་སྒམ་ཙམ་པ་སྒོ་ལྕགས་བཅུག་པ་ཞིག་གནང་ནས། འདི་གཡུ་སྒྲ་སྙིང་པོའི་ཕྱག་སྒམ་ཡིན་པར་འདུག །ངས་ཞེན་རང་གིས་ཉོས་པ་ཡིན་པས་ཁྱེད་རང་གི་གཟིམས་ཆུང་དུ་སྒྲིག་པ་ཞུ་གསུངས་བར། སེམས་ལ་གཏོར་སྟེགས་ཀྱི་དོམ་སྒམ་གོག་པོ་དེ་བརྗེས་ན་ཡོང་འདྲ་སྙམ་པ་ལ། ཁ་ནས་ང་ལ་འདིར་འཇུག་རྒྱུའི་ཆས་མེད་ཀྱང་དེ་ག་ཞུ་ཞེས་བདག་གིར་བྱས་པ་རྨིས། ཚེས་དགུའི་གྲྭ་ཚང་གི་ཚེས་བཅུ་ཡིན། དགོང་ཐུན་ཚུགས་པའི་འགོའི་སྐྱབས་ཡུལ་གྱིས་དྲན་པ་གསོས་པའི་ཚེ་རྗེ་བླ་མ་དམ་པ་དྲན་པའི་གདུང་ཤུགས་བཟོད་མེད་དུ་འབར་བ་དེ་ག་ཇེ་རྒྱས་སུ་སོང་བའི་བཟླས་པ་ཚུགས་ནས་འཕྲེང་སྐོར་གསུམ་ཙམ་སླེབས་དུས་གདུང་ཤུགས་ཀྱི་དད་པ་ནོན་ཐབས་མེད་པའི་ངང་ལ། སྒྲུབ་རྫས་ཀྱི་སྟེང་གི་བར་སྣང་ལ་རྗེ་བླ་མ་སྟན་མེད་འཇའ་འོད་ཀྱི་གུར་ཁྱིམ་ཉིས་རིམ་གྱི་ནང་དུ་སྐུ་ངོ་བོ་ཁྲུ་གང་ཙམ་པ་ཕྱག་གཡོན་མཉམ་བཞགགཡས་པ་ས་གནོན་མཉམ་བཞག་གང་ཡིན་ད་ལྟ་རྣམ་པ་བློར་མི་གསལ། ཞབས་སྐྱིལ་ཀྲུང་ཅན་ཆེས་གསལ་བ་ལྷག་གིས་ཤར་བ་ལ་མོས་གདུང་གི་སེམས་འདྲེས་པ་ལྟ་བུའི་མི་རྟོག་པའི་ངང་དུ་ཐིམ་སོང་བ་དང་སྣང་བ་དེ་ཡལ། ཆུ་བུར་གྱི་མིག་གི་སྒོར་ཡེ་ཤེས་ཀྱི་སྐུ་ཅན་མཇལ་བ་དེས་དར་ཅིག་གཟིགས་པས་མོས་པས་དྲངས་པའི་བཟང་རྟོག་གི་མཐུ་བརྟས་པའི་ཉམས་ཙམ་དུ་ཟད་དོ། །


MLP003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚེས་བཅུ་གཅིག་ནུབ་ཁང་པ་ཉི་འོད་རྒྱ་མཐོངས་ཅན་སྒམ་སྐོར་ཡོད་པ་ཞིག་གི་འཁྲིས་སུ་༧ཞབས་དྲུང་སྐུ་བགྲེས་པ་འགན་ཕྱར་ངུར་སྨྲིག་ཅིག་བསྣམས་ནས་མཉེས་སྟབས་ཀྱིས་རབ་གནས་ཀྱི་ཆོ་གའི་སྡོམ་ཚིག་སྔར་ཐོས་མ་མྱོང་པ་ཞིག་ཞལ་འདོན་དུ་གནང་། དེའི་སྐུའི་གཡས་འཁྲིས་དེར། བྱང་འདྲེན་པ་ཡིན་གྱུ་བའི་བཙུན་པ་ཞི་དུལ་ཅན་བྱད་ཨ་ཇོ་རྫོང་དཔོན་སློབ་འདྲ་བ་ནང་གཟན་ལེ་སྣ་ངུར་སྨྲིག་དང་། ཕྱི་གོས་ངུར་གྱི་ཕྱར་བུ་གྱོན་པ་ཞིག་སྤྱོད་ལམ་བསྟུན་པའི་འདུག་སྟངས་ཀྱིས་འདུག་པར་བདག་གིས་སྡོམ་ཚིག་དེ་གང་ཡིན་ཞུས་པར་བྱང་འདྲེན་པ་ཡིན་གྱུ་བ་དེས། ཞབས་དྲུང་རིན་པོ་ཆེ་ཐུགས་རབ་རྩལ་ཆེ་དྲགས་པས། ད་གདུང་འབུམ་གྱི་རབ་གནས་གནང་རྩིས་ལ་སྡོམ་ཚིག་འདིས་སྲོག་བཟུང་ནས་ཆོ་ག་ཕྲལ་ཕྲལ་གསར་བཟོས་ཀྱིས་གནང་གི་ཡིན་འདུག་ཅིང་། ཕྱག་ནས་འཐོར་བར་སྐུ་ཞབས་དེ་ཉིད་རང་ཕེབས་རྒྱུ་ཡིན་འདུག་ལགས་ཟེར་བ་ལ། རང་ཡང་མཇལ་འོང་སྙམ་དགའ་ཚོར་བྱེད་པ་རྨིས། ཚེས་བཅུ་གཉིས་ཀྱི་ནུབ་ཞབས་དྲུང་སྐུ་མཆེད་དང་། ཨ་ཁུ་ལགས་བཅས་ང་རང་གི་མཚམས་ནང་དུ་ཕེབས་ནས་གཉེན་གཤིན་པའི་གསུང་འཕྲོས་མང་པོ་དང་། བཀྲ་ཤིས་རྫས་བརྒྱད་དངུལ་ལས་བཟོས་པ་དེ་འདྲ་བསྣམས་ནས་འདུག་པ་ལ་ལྟད་མོ་བལྟ། ཚེས་བཅུ་བཞིའི་ནུབ་ལུང་པ་ཤར་ནས་ཁ་ལྷོ་ནུབ་ཕྱོགས་སུ་བལྟ་བའི་ལུང་པའི་དབུས་དེར། རི་བོ་ནས་ཕུང་སྒྱུར་བ་ལྟ་བུ། དབྱིབས་དུང་གཡས་འཁྱིལ་གྱི་རྣམ་པ་ཤིན་ཏུ་དོད་པ། དེ་ག་ནས་བརྒྱུད་ཁྲིད་པའི། གཡས་ཀྱི་རི་ལོགས་དེར་ནགས་ཚལ་ལྗོན་ཤིང་གིས་བརྒྱན་པའི་རི་སྤོས་ཤིག་གི་སྟེང་སྔར་གྱི་དགོན་པ་བྱུང་ཤུལ་དེར་ངེད་རང་སླེབ་ནས་འདི་སྔར་ཀློང་ཆེན་པའི་དགོན་ཤུལ་ཡིན་གྱུ་བས། དེར་དགོན་པ་ཞིག་འདེབས་རྩིས་དང་། དེ་ཡང་གྲྭ་གཤོག་པའི་གྲྭ་པ་ལྟ་བུ་མི་བྱེད། རི་སྤོས་སྟེང་འདིར་འདུ་ཁང་ཞིག་དང་། དེའི་གཡོན་ལོགས་སུ་བླ་བྲང་ཐོག་གཅིག་མ་ར་མ་སྟེང་ཤོད་ཡོད་པ། མཐའ་མ་མཚམས་སྤྱིལ་ཆུང་ངུས་བསྐོར་བ་མཚམས་གྲྭའི་ཐུགས་དམ་བྱེད་མི་ཁོ་ན་སྡོད་ཆོག་པ་ཞིག་བྱེད་ཟེར། དེ་དུས་ཉི་མའི་དཀྱིལ་འཁོར་ནམ་མཁའི་དགུང་དུ་ཡོད་པ་ཤིན་ཏུ་གསལ། ཚེས་བཅོ་ལྔའི་ནུབ་ཁང་པ་ར་མ་སྟེང་ཤོད་ནག་ཡུག་ཡོད་པ་ཞིག་


MLP003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟེང་དུ་རང་བསྡད། མཐིལ་དེར་མཆོད་དཔོན་རྒན་བུ་འདུག་པར། མཆོད་རྟེན་གྱི་གཟུངས་དྲིལ་ལ་དཔོན་སློབ་ཐ་གོང་པས་ཀྱང་རབ་གནས་གནང་གི་ཡིན་འདུག་པས་ལོང་ལ་ཕུལ་བྱས་པར། ང་ལ་ལོང་མེད། རབ་གནས་ཀྱི་གཏོར་མ་ཁྱད་ཐོན་སྔར་བཟོ་མ་མྱོང་བ་ཞིག་བཟོ་དགོས་པ་ཡོད་ཟེར། དེར་ང་རང་གིས་ལེན་དུ་ཕྱིན་པ་གཏོར་ཆ་དམར་པོ་ཞིག་ཏུ་གཟུངས་དྲིལ་ཆུང་ངུ་མང་པོས་གང་བ་ཁྱེར་ནས། ཐོག་མར་སྐུ་ཞབས་སུ་བསླབ་སྟོན་ཞུ་དགོས་སྙམ། སྐས་གཉིས་འཛེགས་ཏེ་སོང་། བཟང་ཡུལ་གྱི་ཚོམས་ཆེན་འགག་འདྲ་བའི་བར་ཁྱམས་ཀྱི་ཕུགས་སུ་ཁང་པ་ཀ་བཞི་མ་ལེགས་པ། ལྷོར་མཆོད་རྩེ་ཡོད་པ་ཞིག་གི་མདུན་དུ་ཁྲིའི་བཀོད་པ་ཡ་མཚན་པའི་ཁར་རྗེ་བླ་མ་བཞུགས་པའི་སྐུ་མདུན་དུ་བུད་མེད་སྐྲ་ཆེན་མ་དང་དཔྲལ་ཚེར་ཅན་རེ་གཉིས་ལས་བྱིངས་སྐྲ་རྒྱབ་བསྙིལ་དར་དམར་གྱིས་བསྡམས་པ་མང་པོས་བསྐོར་ཏེ་གུས་འདུད་ཀྱིས་འདུག་པར་སྲོལ་གཉིས་ཀ་དང་ཆོ་གའི་བབས་མི་འདྲ་བའི་སེམས་བསྐྱེད་ཅིག་འབོགས་པ་གནང་བ་ང་རང་གིས་ཀྱང་ཉན། ཁྱད་པར་སེམས་བསྐྱེད་དངོས་གཞིའི་སྐབས། སེམས་ཅན་ཐམས་ཅད་ཚེ་རབས་ཀྱི་ཕ་མ་ཡིན་པའི་བྱམས་སྙིང་རྗེས་དྲངས་པའི་བྱང་སེམས་ཀྱི་ཀུན་སློང་གསལ་འདེབས་ངོས། བརྗོད་པ་གསུམ་རེ་རེ་བཞིན་གྱི་མཚམས་སྦྱོར་དུ། ཕར་གྱུར་པའི་སེམས་ཅན་ཐམས་ཅད་ཚད་མེད་པའི་དོན་དུ། མར་གྱུར་པའི་སེམས་ཅན་ཐམས་ཅད་ཚད་མེད་པའི་དོན་དུ། ཕ་མ་གཉིས་ཀར་གྱུར་པའི་སེམས་ཅན་ཚད་མེད་པའི་དོན་དུ་ཞེས་སོགས་དང་། མཐར་བསྔོ་སྨོན་བཅས་གནང་བ་གྲུབ་སོང་བ་དང་། བདག་གིས་གཟུངས་འདི་རྣམས་ཐ་གོང་བར་ཕུལ་ཆོག་གམ་ཞུས་སོང་བར། ཕུལ་ཤོག་གསུང་པ་ལྟར། བདག་རང་སྐས་ཤིག་བབས་པའི་དཀར་ཕུབ་ཅིག་ཏུ་སླེབས་པ་དང་། ད་ལྟའི་མཆོད་དཔོན་འདུག་པ་འབུལ་དུ་བཏང་སོང་། རང་གི་བསམ་པར། ད་རེས་ཀྱི་སེམས་བསྐྱེད་དེ་ལུགས་གང་ཡིན་ཞུ་བ་མ་བྱུང་། ད་མཇལ་མི་ཡོང་སྙམ་བློ་སྐྱོ་བར་བྱེད། ཚེས་བཅོ་བརྒྱད་ཀྱི་ནུབ་གཙུག་ལག་ཁང་རྡོ་སྐས་རིང་པོ་འཛེག་དགོས་པ་ཞིག་གི་སྟེང་ནས་དུང་བུས་བྱུང་བ་ཚོགས་སུ་འགྲོ་སྙམ་ཕྱིན་པ་ན། མི་བྱིས་པ་སྦད་མགོ་ཅན། ཞིག་གིས་དོ་ནུབ་གཟིམས་པའང་འདི་


MLP003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གར་གནང་དགོས་ཀྱི་ཡིན་འདུག་ཟེར་བས། འོ་ན་འཁྱགས་ཡོང་ཟེར་གཟན་བླངས་ནས་ཉིས་བརྩེགས་གྱོན་ནས་སོང་བར། རྡོ་སྐས་འཛེག་དུས་ཆས་རིལ་གྲིལ་བ་ཞིག་སྐྱུར་བྱུང་བར། ལ་འུར་མགོ་ལ་ཕོག །སུའི་ཡིན་ནམ་ཟེར་བར། དགེ་སློང་པད་བསོད་ཀྱི་ཡིན་འདུག་ཅེས་བྱིས་པ་དེས་ཟེར་དེ་ནས་རང་ནང་དུ་སོང་བ་འདུ་ཁང་ཟླུམ་པོའི་ཚོམས་འདྲ་བ་ཀ་བ་བཅུ་གཉིས་ཙམ་ཞིག་གི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་ལྟེ་བ་པད་འདབ་བཞིར་བདེ་མཆོག་ལྷ་ལྔ་བཀོད་པ་ཞིག་བཀྲམ་པར་མཆོད་པ་བག་གྲོ། དེའི་མདུན་གཡས་གྲལ་དུ་བྱང་འདྲེན་པ་སོགས་ངེད་རང་གི་གྲྭ་པ་ཡིན་གྱུ་བ་མང་པོ་ཚོགས། གཡོན་གྱི་འགོར་ཤིང་ཁྲིར་སྟེང་རང་བསྡད་པར་ཐམས་ཅད་ཀྱིས་གྲལ་ཕྱག་གུས་པས་བཙལ་ཏེ་ཚོགས་སོང་། དེར་བདག་གིས་དཀྱིལ་འཁོར་འདི་སུའི་ཡིན་བྱས་སོང་བར། བྱང་འདྲེན་པས་འདི་ཁྱོད་རང་གི་སྐྱེ་བ་སྔ་མའི་དཀྱིལ་འཁོར་ཡིན་འདུགདེར་ཡང་མ་ཟད་མཐའ་ཕྱིའི་སྒམ་སོགས་ཆས་འདི་ཐམས་ཅད་དེ་དུས་ཀྱི་ཡིན་འདུག་ཟེར། ང་རང་གི་བསམ་པར་སྔར་མཚལ་ཡང་དགོན་དུ་སྐྱེས་དུས་ཀྱི་ཆས་ཡིན་པ་འདྲ་སྙམ་བྱེད། ཚེས་ཉི་ཤུའི་ནུབ་དགེ་སློང་ཀུན་བློ་དང་ཚེ་དབང་རྡོ་རྗེ་སོགས་བྱེས་སོང་རྣམས་ཀྱི་རྨི་ལམ་དང་། དེ་རྗེས་བླ་མ་དམ་པས་སྒམ་ཞིག་ལ་ཞབས་སྟེགས་བྱམས་བཞུགས་ཀྱིས་བཞུགས་པའི་དྲུང་དུ། ཞབས་དྲུང་ཁུ་དབོན་རྣམས་དང་ལྕམ་དྲུང་། ངེད་རང་རྣམས་འདུག་པར་བཀའ་ལས་རྒྱུ་འབྲས་འདོར་ལེན་གྱི་བསླབ་བྱ་མང་པོ་དང་། ཁྱད་པར་སྔར་གྱི་བླ་མ་རྣམས་ཀྱི་གསུང་རྒྱུན་ལ། བདེ་འདུས་ཀྱི་རྣལ་འབྱོར་རྒྱུན་དབང་འདིར་ཁྲོ་དབང་རྒྱས་པའི་ཚིག་དོན་བསྡུས་པ་ལྟ་བུའི་དོན་དབང་ཡིན་གསུང་ཡང་། དེར་མ་ངེས་ཏེ། ཁྲོ་དབང་རྒྱས་པ་ནི་སྒྲུབ་སྡེ་རང་ལུགས་གཙོར་སྟོན་གྱི་དབང་ཐུན་མོང་མིན་པ་དང་། རྣལ་འབྱོར་རྒྱུན་དབང་སྒྲུབ་སྡེར་རྒྱུད་སྡེའི་དབང་དང་བབས་འདྲའི་ལུགས་གཙོར་སྟོན་ཡིན་པས་ཐུན་མོང་པ་ཙམ་དུ་ཟད་དོ་ཞེས་གསུངས། རྨི་ལམ་འཁྲུལ་སྣང་ལ་ངེས་བཟུང་དཀའ་ཡང་། དེ་གའི་བཀའ་སྲོལ་བཟུང་ནས་བཤད་ན་ལེགས་པོ་འོང་རྒྱུར་འདུག་པས་རྨི་ལམ་ཞེས་ཀྱང་བརྙས་པར་མི་བྱའོ། །ཚེས་ཉེར་གཅིག་གི་ནུབ། སྟོད་ཁམས་བྱ་རོག་ལྟ་བུའི་ལུང་པའི་ཆུ་གཞུང་


MLP003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་མི་མང་པོ་འདུག་པས་རང་ལ་བལྟ། རང་ཉིད་རྨི་ལམ་ལ་གར་ཡང་བསྒྱུར་དུ་བཏུབ་སྙམ་པས་རི་ཕར་ཚུར་ལ་ཕར་འཕུར་ཚུར་འཕུར་གྱི་འཕུར་ཏེ་འགྲོ་བ། འཕྲེད་མཐུར་ལ་འཕུར་བ་བདེ་ཞིང་། གྱེན་དུ་ས་ལས་ཅུང་འཕགས་ནས་མ་གཏོགས་གནམ་འཕང་གཅོད་དཀའ་བ་དང་། ལན་ཅིག་རང་ལུས་བྲག་གཅིག་གི་སྟེང་དུ་བབས་པ་ན་བྲག་ལ་ཐིམ་སོང་བ་དང་། ཡང་དེ་ལས་ཐོན་ཏེ་འཕུར་བ་རྨིས། ཚེས་ཉེར་ལྔ་ལ་དགེ་སློང་བློ་གསལ་རྒྱ་མཚོ་འོངས་ནས། གུང་རུ་བའི་ཁང་པ་ལ་ཆུ་ཤོར་སོང་ཟེར། གནོད་པ་ཆེ་བ་རང་མ་བྱུང་ངམ་བྱས་པས། དཀའ་མོ་བྱུང་ཟེར། རང་གི་བསམ་བློར་ན་ནིང་གྲོ་བོ་ལུང་ལ་གནོད་ཆེ་བའི་ཚོད་ན། ཁྲ་ཚང་ཁང་རྙིང་ཡིན་པས་གནོད་རང་ཡོད་དམ་སྙམ་བྱེད། དེ་ལས་ཕྱིན་པ་ན། ལྷ་སའི་ཀགྣི་སྒོ་བཞི་འདྲ་བ་ཞིག་གི་འོག་ཏུ་མཛེ་མོ་གདོང་འཐབ་ཤུས་གང་བ་ཞིག་འདུག་པ་དེས། རང་ལ་གུས་པ་དང་བཅས་པས་ངེད་ཀྱི་ནད་འདི་ལ་ལྗགས་སྔགས་ཤིག་ཞུ། ངའི་འདི་ལ་ཕན་ན་མང་པོ་ཞིག་གི་ནད་དྲགས་འགྲོ་བ་ཡོད་ཟེར། ང་རང་ཞེ་འཇིགས་སེ་བའི་ངང་ནས་ནཱ་ག་རཀྴའི་སྔགས་བགྲང་ཞིང་སྔགས་ཆབ་འདེབས་པ་རྨིས། ཚེས་ཉེར་བདུན་ལ་རང་ལུས་གཞན་ལས་ཡང་ཟོར་ཆེ་བས་ཟླུམ་པོའི་སེར་མཐོ་བསྐོར་སའི་ས་ཁྱོན་ལ་བདེ་དོག་མེད་པར་འགྲོ་ཞིང་། ལུང་གཞུང་དེ་ན་ཡོད་པའི་རྡོ་རྩེག་གིས་བརྩིགས་པའི་ཆུ་ཡུར་ལ་ཆུ་དྲངས་འདུག་པར། གང་ཡིན་དྲིས་པས། འདི་ཐུགས་ཐིག་གི་འཁོར་ལོའི་ཆུ་ཡིན། རྒྱུན་ཆད་མེད་པ་འབབ་པས་ཆུ་བརྟན། འདིའི་ཆུ་རྒྱུད་དུ་ཆུ་བཏགས་ཀྱི་འཁོར་ལོ་འཛུགས་སྙམ་ཡང་ཅུང་ཟད་མི་འཁོར་བ་འདྲ་ཟེར། ཚེས་ཉེར་བརྒྱད་ལ་འདུ་ཁང་བཀོད་པས་མཛེས་པའི་ཁོར་ཡུག་ཏུ་ཀ་དར་ཅིག་དོར་བའི་མཚམས་སུ་བླ་སྐུ་མཚར་བ་ཕྲེང་ཚར། དེའི་དབུས་སུ་ཁྲི་བཀོད་པ་མཚར་བར་རྗེ་བླ་མ་བཞུགས། དེའི་མདུན་དུ་གྲལ་གཡས་གཡོན་ལ་གྲྭ་པ་ཚོགས་པར་རོལ་ཆ་གྲ་འགྲིག་ཅན། དེར་བྱམས་གླིང་མཁན་པོའི་བསྔོ་རྟེན་ཡིན་ཁུལ་གྱི་བླ་ཆས་དང་གྲྭ་ཆས་མང་པོ་ཕུལ་བ། བདག་རང་གིས་མགྲོན་གཉེར་བྱས་ནས་ལེན། འབུལ་མི་དྲག་ཤོས་མི་སྐྱ་དེ་གཡོན་ཟུར་དུ་སྟག་གདན་ལ་བཞག་སོང་བར། རྗེས་ཨེམ་ཆིས་དགུང་ལོ་དུ་ལོན་གནང་སོང་བར། ལན་གང་ཡང་ཕུལ་


MLP003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོང་། འབུལ་བ་ཁྱེར་མི་དོན་གྲུབ་བློ་གསལ་ཡང་འདུག །དེའི་མ་དེ་ཡིན་གྱུ་བའི་བཙུན་མ་ཞིག་གིས། འདི་ཁྱི་དེའི་བསྔོ་རྟེན་ཡིན་ད་ཁྱི་རང་བྱས་ན་མི་ཡོང་བ་འདྲ་ཟེར་བསྔོ་བ་ནི་མ་གནང་། ཡང་རང་དེ་ལས་ཕྱིན་པས། གཙུག་ལག་ཁང་གི་གཡོན་ལོགས་འདིར། སྔར་ས་སྐྱའི་བླ་བྲང་ད་ལྟ་རང་རེའི་ཡིན་གྱུ་བའི་ཁང་བཟང་དམར་པོ་བད་སོགས་ལེགས་པ་མཐོ་དམའ་གཙང་ཁང་དབུ་རྩེ་དང་འདྲ་བ་ཞིག་གི་མདུན་དུ་སླེབས་པ་དང་གཉིད་སད། ཡང་ཚེས་ཉེར་དགུའི་ནུབ། ངེད་རང་ལ་རྟ་ཁ་ཤས་བཅས་རྟ་ལ་བཞོན་ནས་འགྲོ་བར། ཞིང་ཚིགས་གཅིག་ཏུ་རྟ་ཐབས་ནས་ཇ་བཏུངས། དེ་ནས་རྟ་བཞོན་རྩིས་ལ་རང་གི་རྟ་ཤོར། གཉལ་པ་ཆོས་འཕེལ་སོགས་ཀྱིས་འཛིན་ཕྱིར་རྒྱུགས་ཀྱང་མ་ཟིན། རོགས་ངོ་ཤེས་པ་ཨོ་རྒྱན་གྲགས་པ། གཞན་ངོ་མི་ཤེས་པ་མང་པོ་རྟ་བཞོན་ནས་གཙུག་ལག་ཁང་གི་ལྷོ་འདི་ཡིན་གྱུ་བར་ཆུ་གཙང་པོ་ལྟ་བུ་ཆེན་པོ་ཞིག་འདུག་པ་བརྒལ་ནས་སོང་། རང་ཕྱིར་ལོག་སྟེ་ཁང་པ་དཀར་ཕིབས་ཡོད་པ་ཞིག་ཏུ་སླེབས་པ་དེའི་ཐོག་གི་ཁར་རྗེ་བླ་མའི་ཞབས་ཕྱིར་བླ་མ་རྩེ་ལེ་བ་དང་། ལེགས་གླིང་རྒྱན་རྒྱན་ལགས་སོགས་མང་པོ་དང་བཅས་ཐོག་དབུས་སུ་གསེར་གྱི་གཉྫི་ར་དང་། ཟུར་བཞིར་རྒྱལ་མཚན་འཛུགས་པ་གནང་། བླ་མ་རྩེ་ལེ་བས་རང་ལ་གཉགས་ཀྱིས་མཛད་པའི་སྒྲ་ཊིག་ཡིན་ཞེས་དཔེ་ཆ་མདའ་ཚད་མ་དང་། པུསྟི་ཞིག་བྱིན་ཏེ། འདིར་ཡང་དཔེ་ཆ་ཁྱད་ཅན་མང་པོ་ཡོད་ཟེར། ཡང་ཚེས་སུམ་ཅུ་ལ། དཔོན་སློབ་བྱ་རྒོད་པ་ཡིན་གྱུ་བའི་དགེ་སློང་ཆོས་གོས་གསུམ་པ་ཞི་དུལ་ཅན་དང་སྔགས་ཀྱི་གཞི་ལམ་འབྲས་གསུམ་དང་། ཁྱད་པར་རྡོ་རྗེའི་ལུས་ལས་བརྩམས་པའི་འབེལ་གཏམ་མཚར་བ་མང་པོ་དང་། མི་གཞན་གཉིས་འོངས་ཏེ་བསྔོ་རྟེན་འབུལ་བར་སྔར་བློ་ལ་མེད་པའི་བསྔོ་བ་རྒྱས་པ་ཞིག་བྱས། དེ་ལས་བྱིས་པ་སྐྱེ་མཆེད་མཚར་བ་ཞིག་སྔར་རང་དང་འདྲིས་ཅན་ཡིན་གྱུ་བས་རང་གི་གདན་གཤམ་དུ་བསྡད་ནས་གཉེན་གཤིན་པས་སྐད་ཆ་བྱེད་པ་རྨིས། ཚེས་གཅིག་གི་ནུབ་མོའི་རྨི་ལམ་མཚར་བ་ཞིག་བྱུང་སྟེ་བརྗེད། ཤིང་ལུག་ཟླ་བ་བཅུ་པའི་ནང་དུ་ནུབ་གཅིག་གི་རྨི་ལམ་དུ། རང་གསང་སྔགས་ཕོ་བྲང་གི་ཞལ་རས་ལྷ་ཁང་འདྲ་བ་ལ་ཅུང་ཟད་དེ་ལས་ས་ཁུལ་ཡངས་པ་ཞིག་གི་ད་


MLP003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི་ཀུན་བཟང་གི་སྐུ་ཡོད་ས་དེར། ཚེ་དཔག་མེད་ཀྱི་སྐུ་ཀུན་བཟང་དེ་ལས་སྐུ་ཚད་ཆེ་བ་ཞིག་གི་མདུན་དུ་རང་སྟན་ཁ་གང་མ་བརྩེགས་པ་ལ་བསྡད་འདུག་པར་བླ་མ་ཞིག་ཡིན་གྱུ་བའི་བནྡེ་ན་གཞོན་ཞི་དུལ་ཅན་འཁོར་ཁ་ཤས་ཡོད་པ་ཞིག་གིས་ཆོས་ཡོན་ཡིན་གྱུ་བའི་འབུལ་བ་མང་པོ་བཏོན་པ་ལ། དགེ་སློང་གིས་བླ་མ་དེ་ལ་མཎྜལ་ཞིག་གཏད་སོང་བ་ལ། དེ་གར་དབྱངས་ཅན་ཆོས་འཛོམ་སྔར་གྱི་དེ་ལས་མཛེས་ཉམས་གཞོན་ཤ་ཆགས་པའི་རྣམ་པས་ཐལ་གྱིས་འོངས་ནས་ཕྱག་བྱས་བླ་མའི་མདུན་ནས་མཎྜལ་དེ་བླངས་ནས་མོ་རང་གིས་བྱང་དྲངས་ནས་མཎྜལ་རྒྱས་པར་ཕུལ། དེ་གར་དངུལ་གྱི་ཊཱཾ་ཀའི་དབྱིབས་འདྲ་བ་ལ་ཁ་དོག་དམར་སེར་ཅན་གྱི་དོང་ཙེ་བདུན་མཎྜལ་གྱི་སྟེང་དུ་བཞག་སོང་བར། དེ་ལ་བརྟག་དཔྱད་ཀྱི་མཚན་མ་ཡོད་དམ་སྙམ་པ་བྱེད། དེ་ལ་ཆོས་ཤིག་ཅི་འཆད་དམ་སྙམ་པའི་མུར། རང་ཉེ་བའི་ཚེ་དཔག་མེད་ཀྱི་སྐུ་དེའི་སྐུ་གཟུགས་ཤེལ་ལྟར་དྭངས་པ་ལ་ཡི་གེའི་རྣམ་པ་མེ་ལོང་གི་གཟུགས་བརྙན་ལྟར་ཤར་བ་ཞིག་འདུག་པ་དེ་ཀློག་པའི་ཚུལ་གྱིས་ཆོས་བཤད་སོང་བས། ཡི་གེ་དེ་རྣམས་མཚན་བརྒྱ་སོགས་ཚེ་གཟུངས་བློ་ལ་སྔར་ཡོད་པ་དང་སྔར་མེད་མང་པོ་འདུགཆོས་འབྲེལ་དེ་བྱས་རྗེས་ཐམས་ཅད་གུས་པས་ཕྱག་བྱས་ནས་སོང་། ང་རང་གིས་དོང་རྩེ་ལ་གྲངས་བྱས་ནས་འདི་ཚེའི་མཚན་མ་ཨེ་ཡིན་སྙམ་བྱེད་པ་རྨིས་པས། གལ་ཏེ་རྨི་ལམ་དེ་ལ་ངེས་པ་ཡོད་པ་ཞིག་ཡིན་ན། སྔར་ཤིང་སྤྲེལ་མས་ཚེ་ཚད་ལོ་བཅུ་བཞི་བསྟན་པ་ཁྱི་ལོས་རྫོགས་ཀྱི་ཡིན་པ་དེའི་སྟེང་དུ་བསྣོན་རྒྱུ་ཡིན་ན་ནི་རྟ་སྦྲུལ་ཙམ་ལའམ། རྨི་ལམ་བྱུང་ཆ་ནས་བརྩིས་ན་སྟག་ཡོས་ཙམ་གྱི་བར་ཨེ་ཡིན་སྙམ་ཡང་། འཁྲུལ་པའི་རྨི་ལྟས་ལ་དེ་འདྲའི་ངེས་པ་རང་ཨེ་ཡོང་ངམ། འདི་ནི་ཐུགས་དམ་གནང་བའི་ཟླ་གཅིག་གི་རིང་གཟིགས་སྣང་བྱུང་བ་ཕྱག་ཐོར་གནང་བ་ཡིན་གྱི་གཞན་དུ་ན་ཡོན་ཏན་སྦས་ཚུལ་ཁེངས་སྐྱུང་དབང་གིས་མ་བཀོད་མོད་དོན་དུ་འཕགས་ཆེན་གྱི་དག་པའི་གཟིགས་སྣང་ལ་ཚད་བཟུང་མི་ནུས་པར་ཤེས་དགོས་སོ།། །


previousམཁན་ཆེན་བླ་མ་མཆོག་གི་གཟིགས་སྣང་།no next