Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉིས་པ་རང་རྒྱལ།
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ་རང་རྒྱལ།next

གཉིས་པ་རང་རྒྱལ།

གཉིས་པ་རང་རྒྱལ་ནི།

མདོ་ལུགས་མ་ལས། རང་སངས་རྒྱས་ཞེས་པ་ནི། སྲིད་པ་ཐ་མའི་ཚེ་སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་བསྒོམས་པས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། དེ་བས་ན་རང་སངས་རྒྱས་ཞེས་བྱའོ། །ཉན་རང་དེ་རྣམས་ཞི་བ་མྱང་འདས་ཚོལ་བས་ན་ཞི་བ་ཚོལ་རྣམས་སོ། །ཞེས་གསུངས་སོ། །རང་རྒྱལ་གྱི་མཚན་ཉིད་དབྱེ་བ་སོགས་སྐབས་གཉིས་པར་འཆད་པར་འགྱུར་རོ། །གཉིས་པ་དབྱེ་བ་ནི། ཉ་ཊཱིཀ་ལས། རྣ༷མས་མང་ཚིག་ཡིན་པས་དབྱེ་བ་བསྟན་ཏེ། དེ་ལ་ཉན་རང་གི་དབྱེ་བ་གཉིས་ལས། དང་པོ་ལ་བཞི་སྟེ། བསྡུ་བར། སྤྲུལ་བའི། མངོན་པའི་ང་རྒྱལ་ཅན་གྱི། བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི། ཞི་བ་བགྲོད་པ་གཅིག་པའི་ཉན་ཐོས་སོ། །ཞེས་དང༌། དཀོན་བརྩེགས་འོད་བསྲུང་ལེའུའི་འགྲེལ་བར་བློ་བརྟན་གྱིས་ཀྱང་དེ་སྐད་བཤད་དོ། །དང་པོ་ནི། བྱང་སེམས་ཆེན་པོ་རྣམས་ཉན་ཐོས་སུ་སྤྲུལ་བ་ཤཱ་རིའི་བུ་ལ་སོགས་པ་སྟེ། དེ་དག་ཉན་ཐོས་བཏགས་པ་སྟེ། འདོགས་པའི་རྒྱུ་མཚན་ནི་ཆ་ལུགས་འདྲ་བས་སམ།ངག་གིས་ཆོས་སྒྲོགས་པར་འདྲ་བས་སོ། །དགོས་པ་བློ་དམན་དྲང་བའི་དོན། གནོད་བྱེད་བྱང་སེམས་ཆེན་པོར་གསུངས་པས་སོ། །གཉིས་པ་ནི། ཆོས་ཀྱི་བདག་མེད་ལ་ལོག་པར་མངོན་ཞེན་ཅན་ཐེག་ཆེན་བཀའ་མིན་ཞེས་འདོད་པ་དེ་ལ་ཟེར་རམ་སྙམ་མོ། །གསུམ་པ་ནི། ཉན་ཐོས་རིགས་མ་ངེས་པ་སྟེ། རྒྱན་ལས། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད། །གཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བསྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་ཏེ་སྐབས་འདིར་ཐེག་དོན་མ་མཐོང་བ་ནི། ད་ལྟ་ཉན་ཐོས་ཀྱི་ལམ་ལ་གནས་ཀྱང་ཕྱིས་དེ་བོར་ནས་སངས་རྒྱས་སུ་འགྱུར་བ་སྟེ། འགྲེལ་བར། བདེན་པ་མ་མཐོང་བ་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་གང་ཡིན་པའོ། །ཞེས་དང༌། དེའི་འགྲེལ་ཆེན་དུ། སོ་སྐྱེ་དང་མོས་སྤྱོད་པའི་གང་ཟག་གོ་ཞེས་པ་ཙམ་ལས་མི་སྣང་ངོ༌། །མཛོད་ལྟར་ན་ཉན་ཐོས་དྲོད་རྩེ་པ་སངས་རྒྱས་སུ་དང་བཟོད་འབྲིང་པ་རང་རྒྱལ་དུ་འགྱུར་བ་གཉིས་ཡོད་ཅིང་བཟོད་ཆེན་ནས་ཉན་ཐོས་ཀྱི་རིགས་སུ་ངེས་པར་འདོད་དེ། ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་སོ། །མཛོད་དུ། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་སོ། །རང་རྒྱལ་ཚོགས་སྤྱོད་འདོད་ན་དེར་མ་ངེས་སོ། །ཐེག་དོན་མཐོང་བ་ལ། འདོད་པ་ལ་འདོད་ཆགས་དང་བྲལ་མ་བྲལ་གཉིས་ལས། དང་པོ་ནི། འཚང་རྒྱ་བར་འགྱུར་བའི་ཕྱིར་མི་འོང་སྟེ་འདོད་པའི་ཉོན་མོངས་དགུ་སྤངས་པས་དེའི་དབང་གིས་སྐྱེ་བ་མི་ལེན་ཡང་ཏིང་ངེ་འཛིན་བསྒོམས་ནས་སྤྲུལ་བས་འདོད་པར་སྐྱེ་བ་འཛིན་ཏོ། །གཉིས་པ་ནི། འཚང་རྒྱ་བར་འགྱུར་བའི་རྒྱུན་ཞུགས་དང་ཕྱིར་འོང་སྟེ་འདོད་པའི་ལས་ཉོན་གྱི་དབང་གིས་འདོད་པར་མི་སྐྱེ་ཡི། ཁམས་གསུམ་སེམས་ཅན་སྡུག་བསྔལ་བ་མཐོང་ནས་གང་དང་གང་དུ་སེམས་ཅན་གྱི་དོན་འགྲུབ་པར་མཐོང་བ་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ་དེའི་དབང་གིས་གཞན་དོན་དུ་འདོད་པར་སྐྱེ་བ་འཛིན་ཏོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ་སྟེ་འཁོར་བར་སྐྱེ་བའི་རྒྱུར་གྱུར་ཅིག་ཅེས་བསྔོས་ནས་འཁོར་བར་སྐྱེ་བའི་ཕྱིར་འཕགས་པའི་ལམ་ཉིད་འཁོར་བར་སྐྱེ་བའི་རྒྱུར་གྱུར་པས་ན་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ལྡན་པའོ། །ཞེས་བློ་བརྟན་གྱིས་འགྲེལ་ཆེན་དུའོ། །བཤད་སྦྱར་དུ། འཕགས་ལམ་ཁོ་ནས་སྐྱེ་བ་མིན་གྱི་ཉོན་མོངས་ལྷག་མ་མ་སྤངས་པ་རྣམས་ཀྱིས་ཞེས་སོ། །དེ་གཉིས་ཡིད་འབྱུང་དང་རང་དོན་མྱང་འདས་འདོད་པ་མང་དུ་གོམས་པ་དང་དང་པོ་ཉན་ཐོས་ཀྱི་འཕགས་ལམ་སྤྱད་ཀྱང༌། དེ་ནས་གྲངས་མེད་གསུམ་དུ་ཐེག་ཆེན་དུ་ཞུགས་ནས་འཚང་རྒྱ་བས་རྟོགས་པ་བུལ་བ་ཞེས་བྱའོ་ཞེས་བློ་བརྟན་ཏེ་བཤད་སྦྱར་དུ་ཅི་ཡང་མི་སྣང་ངོ༌། །ཤཱནྟིས། དབུ་མ་རྣམས་ནི་རྒྱ་ཆེ་བ་དང་བྲལ་བས་བསྐལ་བ་གྲངས་མེད་པ་གསུམ་གྱིས་འབྲས་བུ་ལ་འཇུག་ཅིང་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱང་ངོ༌། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་བསྐལ་བ་གྲངས་མེད་པ་བཞིས་རང་གི་འབྲས་བུ་དམ་པ་ལེན་ལ་ཞེས་བཤད་དེ། བྱང་སེམས་ལས་དང་པོ་པས་གྲངས་མེད་གསུམ། ཉན་རང་འཕགས་པ་ཐེག་ཆེན་དུ་ཞུགས་པས་གྲངས་མེད་བཞི་དགོས་པར་བཤད་པས་གྲངས་མེད་གཅིག་གིས་བུལ་བ་ཡིན་ནོ། །དེ་ལྟར་དུ་ཐུབ་དགོངས་དང༌། ཡེ་ཤེས་གྲགས་པའི་དེ་ཁོ་ན་ཉིད་འཇུག་པར་བཤད་དོ། །དགེ་བ་ལྷས། ཐར་བའི་ཆ་དང་མཐུན་པའི་དགེ་བ་བྱས་པའི་ཉན་ཐོས་ནི་བསྐལ་བ་བྱེ་བ་གྲངས་མེད་པར་གནས་ཞེས་དང༌། མྱུར་བ་སྲིད་པ་གསུམ་གྱིས་ཐར་བར་འགྱུར་རོ། །བྱང་ཆེན་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་ཉན་ཐོས་དག་ལས་ཀྱང་བྱང་ཆུབ་སེམས་དཔའ་བསྐལ་བ་གྲངས་མེད་པ་བཞི་བཅུར་མྱུར་བར་འགྱུར་རོ་ཞེས་བཤད་པས་ཉན་རང་བསྐལ་བ་གྲངས་མེད་བཞི་བཅུས་བུལ་བར་བཤད་དོ། །གཉལ་བ་སོགས་བསྐལ་བ་བཞི་བཅུས་བུལ་ཞེས་ཟེར་རོ། །ལམ་གྱི་དོན་མ་བྱས་པ་ནི་བདེན་པ་ཡང་མ་མཐོང༌། འདོད་པ་ལ་ཆགས་པ་དང་ཡང་མ་བྲལ་བའི་ཉན་ཐོས་ཏེ་སོ་སྐྱེའམ་མོས་སྤྱོད་པ་སྟེ་དེ་འདོད་པ་ནས་ཤི་འཕོས་ནས་འདོད་ཁམས་ཀྱི་ལྷ་ཚེ་རིང་བོའི་ནང་དུ་སྐྱེའོ། །དེར་འདུག་པ་ལས། ནམ་སངས་རྒྱས་དང་བསྟན་པའི་ཆོས་ནུབ་པ་ན་སླར་འདོད་པར་སྐྱེས་ནས་སྤྲུལ་བ་སྤྲུལ་བར་འདོད་པའི་དོན་དུ་བསམ་གཏན་ལ་བརྩོན་ཞིང་སྤྲུལ་བས་ཁམས་གསུམ་དུ་སེམས་ཅན་གྱི་དོན་བྱས་ཤིང་ཚོགས་གཉིས་བསགས་ཏེ། མཇུག་ཏུ་འཚང་རྒྱའོ། །ཞེས་བློ་བརྟན་གྱིས་འདིའི་འགྲེལ་ཆེན་དུ་བཤད་དེ་འདི་ཞིང་སྟོང་དུ་སྐྱེས་པས་རང་རྒྱལ་གྱི་གནས་སྐབས་བསྟན་པས་ན་གནས་སྐབས་གསུམ་སྟེ་དཔལ་ཕྲེང་མདོར་མེའི་དཔེས་ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་ཞེས་འགྲེལ་བར་དང༌། ལྕི་བའི་མེ་ལས་རྩྭའི་མེར་གྱུར་ནས་རྩྭའི་མེ་ལས་ཤིང་གི་མེར་འགྱུར་བ་ལྟར་ཞེས་བཤད་སྦྱར་རོ། །དང་པོར་ལྕི་བ་ལས་མེ་མཆེད་དོ། །དེ་ནས་དེ་དང་ཉེ་བའི་རྩྭ་ལ། དེ་ནས་ཡུལ་འཁོར་ན་མཆེད་དོ་ཞེས་བློ་བརྟན་ནོ། །འགྲེལ་བ་རྔོག་འགྱུར་དུ་བདེན་པ་མཐོང་བ་འདོད་པ་ལ་ཆགས་པ་དང་མ་བྲལ་བ་ལམ་གྱི་དོན་མ་བྱས་པ་སློབ་པ་ཞེས་བསྒྱུར་ཞིང་བཤད་སྦྱར་དུ་དེ་བཞིན་འཆད་དེ། བརྟག་དགོས་སོ། །བཞི་བ་ནི། ཉན་ཐོས་ཀྱི་ལམ་དུ་ཞུགས་ཤིང་རྫོགས་ནས་མཐར་ཉན་ཐོས་དགྲ་བཅོམ་མངོན་དུ་བྱེད་པར་ངེས་པ་སྟེ། འདི་ཡང་མཐར་སངས་རྒྱས་སུ་འགྱུར་བ་ཁོ་ནའོ་ཞེས་བམ་པོ་བཞི་བཅུ་བར་བཤད་དོ། །དགོངས་འགྲེལ་ལས། མངོན་པར་རྟོགས་པ་དང་ལྡན་པའི་ཉན་ཐོས་སྤྲུལ་བའི་ཉན་ཐོས་དང༌། གཞན་སྔར་བཤད་ཕྱི་མ་གཉིས་དང་འདྲ་བར་བཞིར་བཤད་དོ། །དང་པོ་ནི་བདེན་པ་མངོན་རྟོགས་སམ། ཡང་ན་མངོན་པའི་ང་རྒྱལ་ཅན་དུ་མངོན་ནོ། །ཡང་ལྟ་བ་ཁས་ལེན་གྱི་ཉན་ཐོས་སོགས་བཞིར་འབྱེད་དེ། དང་པོ་ནི། ཐེག་ཆེན་སེམས་བསྐྱེད་དང་ལྡན་ཞིང་ལྟ་བ་ཉན་ཐོས་དང་མཐུན་པར་གཟུང་འཛིན་བདེན་པར་འདོད་པ་ཞིག་ལ་བོད་རྣམས་འཆད་དེ། ཁུངས་མ་ལས་བཤད་ན་ཉན་ཐོས་མདོ་སྡེ་པ་ལ་འདོད་དགོས་ཏེ་བསྔོ་བ་དང་སེམས་བསྐྱེད་དང་ལྡན་པས་ཐེག་ཆེན་པར་ཡང་བགྲང་ངོ་ཞེས་གནས་བརྟན་བྱང་བཟང་གིས་སོ། །འོན་ཀྱང་ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱི་ཆོས་ཀུན་རང་བཞིན་གྱིས་བདེན་པས་སྟོང་པའི་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་སེམས་བསྐྱེད་མིན་ན་ཐེག་ཆེན་སེམས་བསྐྱེད་ཀྱི་གོ་ཆོད་མི་ཆོད་དཔྱད་པར་བྱའོ། །ཞེས་དང༌། མདོ་ལུགས་མ་ལས། རྣམས་ཞེས་པ་ནི་མང་པོའི་ཚིག་སྟེ་དེ་ལས་དེ་དག་གི་དབྱེ་བ་འགྱུར་བ་འདི་ལྟ་སྟེ། ལྟ་བ་ཁས་ལེན་པའི་དང༌། སྤྲུལ་བའི་དང༌། རིགས་མ་ངེས་པའི་དང༌། ངེས་པའི་ཉན་ཐོས་སོ། །དང་པོ་ནི་སེམས་བསྐྱེད་དང་ལྡན་ལ་ཉན་ཐོས་དང་ལྟ་བ་མཐུན་པ་ཕྱི་རོལ་གྱི་གཟུང་འཛིན་བདེན་པར་འདོད་པའོ། །གཉིས་པ་ནི་གདུལ་བྱའི་དོན་དུ་སྤྲུལ་པ་གནས་བརྟན་རབ་འབྱོར་ལྟ་བུ་རྣམས་དེ། ཞེས་པ་ནས། ད་ལྟ་ཉན་ཐོས་ཀྱི་ལམ་ལ་གནས་ཀྱང་ཕྱིས་ལམ་དེ་བོར་ནས་སངས་རྒྱས་སམ་རང་རྒྱལ་དུ་འགྱུར་རོ། །དེ་ལ་འཕགས་པ་དང་སོ་སྐྱེ་གཉིས་ཏེ། སོ་སྐྱེ་དྲོད་རྩེ་ལ་གནས་པ་སངས་རྒྱས་སུ་འགྱུར་བ་དང༌། བཟོད་པ་འབྲིང་ལ་གནས་པ་རང་རྒྱལ་དུ་འགྱུར་བ་གཉིས་སོ། །མཛོད་ལས་ཇི་སྐད་དུ། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་སོ། །འཕགས་པ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དང་བྲལ་བ་གཉིས་སོ། །དང་པོ་ནི་རྒྱུན་དུ་ཞུགས་དང་ལན་ཅིག་ཕྱིར་འོང་སྟེ་སྨོན་ལམ་གྱི་དབང་གིས་འདོད་པར་སྐྱེ་བ་འཛིན་ཏོ། །གཉིས་པ་ཕྱིར་མི་འོང་ནི་འདོད་པར་སྐྱེ་བའི་རྒྱུ་འདོད་པའི་ཉོན་མོངས་པ་དགུ་པོ་སྤངས་ཀྱང༌།སྤྲུལ་པའི་སྟོབས་ཀྱིས་སྐྱེ་བ་འཛིན་ཏོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ་དེ་སྲིད་པའི་སྐྱེ་བ་དག་ཏུ་བསྒྱུར་བའི་ཕྱིར་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ཡང་དག་པར་ལྡན་ནོ། །དེ་གཉིས་རང་སེམས་ཡང་དང་ཡང་དུ་འཁོར་བ་ལ་ཡིད་ཀུན་ཏུ་འབྱུང་བ་དང་ལྡན་པ་ལ་གོམས་པ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བའི་བསམ་པ་ཡང་ཡང་སྐྱེ་བས་གེགས་བྱས་པའི་ཕྱིར། རྟོགས་པ་བུལ་བ་ཡིན་པར་བསྟན་ཏོ། །བདེན་པ་མཐོང་བ་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ལམ་གྱི་དོན་མ་བྱས་པ་ནི་སངས་རྒྱས་མེད་པའི་ཞིང་དུ་སྐྱེས་ནས་སྤྲུལ་པ་དོན་དུ་གཉེར་བས་བསམ་གཏན་ལ་བརྩོན་ཞིང་སྤྲུལ་པ་དེ་བརྟེན་ནས་རང་རྒྱལ་ལམ་དུ་སངས་རྒྱས་སུ་འགྱུར་རོ། །དཔལ་འཕྲེང་གི་མདོར། ཇི་སྐད་དུ།ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྩ་བར། རྣམས་ཞེས་པས་བསྟན་བྱའི་དབྱེ་བ་ལ་བྱང་སེམས་ཡོད་ན་གཞི་ཤེས་ཀྱི་རྣམ་འཇོག་གི་རྟེན་ལ་བྱང་སེམས་ཡོད་པར་འགྱུར་ལ། འདོད་ན། གཞི་ཤེས་ཐེག་དམན་ཁོ་ནའི་ལམ་མ་ཡིན་པར་འགྱུར་རོ། །བྱང་སེམས་མེད་ན་མདོ་ལུགས་མ་དང་ཉ་ཊཱིཀ་གཉིས་ཀར་བྱང་སེམས་ཡོད་པར་བཤད་པ་མ་ཡིན་ནམ་ཟེར་ན་དཔྱད། ཡང་མདོ་ལུགས་མར་མཛོད་ལུང་ཤེས་བྱེད་བཀོད་པ་དང༌། ཉ་ཊཱིཀ་ལས། ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་སོ། །ཞེས་དང༌། མདོ་ལུགས་མ་ལས། རིགས་ཀྱི་ས་ནི་བཟོད་པ་ཆེན་པོའི་སའོ། །ཞེས་དང༌། ཉ་ཊཱིཀ་ལས། དཀར་ས་ནི་མོས་སྤྱོད་ཀྱི་ས། རིགས་ས་ནི་བཟོད་པ་ཆེན་པོའི་ས་ཞེས་བྱའོ་ཞེས་ཆེ་བར་རོ། །ཞེས་གསུངས་པ་ལྟར་བཟོད་པ་ཆེན་པོ་ནས་རིགས་ཀྱི་ས་ཐོབ་ན་རིགས་མ་ངེས་པ་ཐེག་ཆེན་དུ་ཞུགས་པ་ཐེག་དམན་སློབ་པ་འཕགས་པ་ཡོད་པར་མདོ་སྡེ་རྒྱན་ལས་གསུངས་པ་དང་འགལ་བ་ཡོད་མེད་བརྟག་པར་བྱའོ། །ཡུལ་ངེས་ཀྱི་མདོ་དང་འགལ་བ་ཡོད་མེད་འོག་ཏུ་འབྱུང་ངོ༌། །ཡང་ཉ་ཊཱིཀ་ལས། འོན་ཀྱང་ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱི་ཆོས་ཀུན་རང་བཞིན་གྱིས་བདེན་པས་སྟོང་པའི་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་སེམས་བསྐྱེད་མིན་ན་ཐེག་ཆེན་སེམས་བསྐྱེད་ཀྱི་གོ་ཆོད་མི་ཆོད་དཔྱད་པར་བྱའོ། །ཞེས་དང༌། ལྟ་བ་ཁས་ལེན་པའི་བྱང་སེམས་གསུངས་པ་དང༌། ཉ་ཊཱིཀ་ལས། རྩ་བ་ནི། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་མཚོན་བྱ། ཅེས་གསུངས་པ་སོགས་ཀྱིས་སེམས་བསྐྱེད་རྒྱུད་ལ་སྐྱེ་བ་ལ་སྟོང་ཉིད་རྟོགས་དགོས་མི་དགོས་དཔྱད་པར་བྱའོ། །རྒྱན་ལས། དོན་བྱས་མ་ཡིན་དེ་སངས་རྒྱས། །ཞེས་པའི་དོན་ཉ་ཊཱིཀ་ལས། ལམ་གྱི་དོན་མ་བྱས་པ་ནི་བདེན་པ་ཡང་མ་མཐོང༌། འདོད་པ་ལ་ཆགས་པ་དང་ཡང་མ་བྲལ་བའི་ཉན་ཐོས་ཏེ་སོ་སྐྱེའམ་མོས་སྤྱོད་པ་སྟེ་ཞེས་བདེན་པ་མ་མཐོང་བ་ལ་བཤད་ལ། དེ་མི་རིགས་ཏེ། མདོ་ལུགས་མ་ལས། བདེན་པ་མཐོང་བ་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ལམ་གྱི་དོན་མ་བྱས་པ། ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། བདེན་པ་མཐོང་བར་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དགྲ་བཅོམ་པ་ཐོབ་པའི་དོན་བྱས་པ་མ་ཡིན་པ་སློབ་པ་གང་ཡིན་པ་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་ཤཱ་རིའི་བུ་བྱང་སེམས་ཡིན་ཏེ། ཉ་ཊཱིཀ་ལས། བྱང་སེམས་ཆེན་པོ་རྣམས་ཉན་ཐོས་སུ་སྤྲུལ་བ་ཤཱ་རིའི་བུ་ལ་སོགས་པ་སྟེ། ཞེས་དང༌། སྔོན་མེད་ལེགས་བཤད་ལས། ཤཱ་རིའི་བུ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཉན་ཐོས་ཀྱི་ཚུལ་བཟུང་བ་ཡིན་པར་ངེས་པས། ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། སྤྱོད་འཇུག་ས་འགྲེལ་ལས། དེ་ལྟ་ན་པད་དཀར་དུུ་ཤཱ་རིའི་བུས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་སྟོང་ཕྲག་བཅུ་ལ་བསྙེན་བཀུར་བྱས་ཤིང་སེམས་ཅན་གྱི་དོན་ལ་ཞུགས་པ་ན། བདུད་སྡིག་ཅན་བྲམ་ཟེར་སྤྲུལ་པས་ལག་པ་བསླངས་པ་ལ་གཡས་པ་བཅད་དེ་གཡོན་པས་བྱིན་པས་གཡོན་པ་མི་གཙང་བས་བྱིན་པ་མི་ལེན་ཟེར་ནས་བསྐྱུར་བ་ལ་སྐྱོ་བར་གྱུར་ནས་སེམས་བསྐྱེད་བཏང་ཡང་ཐར་བ་ཐོབ་ཅིང་སེམས་ཅན་གྱི་དོན་མཛད་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལྟ་བུ་ལ་སོགས་པའི་མི་གང་དག་རེ་ཞིག་བྱང་ཆུབ་ཀྱི་སེམས་བཏང་ཡང་དེ་དག་ངན་འགྲོར་མ་ལྷུང་བར་ཐར་པ་ཐོབ་ཅིང་གཞན་དག་ཀྱང་ཐར་བར་མཛད་པ་ནི། ལས་ཀྱི་ཚུལ་སྟོབས་ཆེ་ཆུང་སྣ་ཚོགས་པ་རྣམས་ཚུ་རོལ་མཐོང་བས་བསམ་གྱིས་མི་ཁྱབ་སྟེ། ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། མདོ་གང་ལས་ཀུན་དགའ་བོའི་ཐོས་པ་དང་ཤཱ་རིའི་བུའི་ཤེས་རབ་དང་མོའུ་འགལ་གྱི་བུའི་རྫུ་འཕྲུལ་ལ་སོགས་པ་ཉན་ཐོས་ཀྱི་ངོ་མཚར་རྨད་དུ་བྱུང་བ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མདོ་ལམ་ལ་བསྐལ་ཆེན་གྲངས་མེད་གསུམ་དུ་ངེས་པར་ཚོགས་བསགས་ནས་སངས་རྒྱས་པ་ཡིན་ཏེ། བྱང་ས་༤༠༩་ལས། དེ་ལ་བསྐལ་པ་གྲངས་མེད་པ་ནི་གཉིས་སུ་རིག་པར་བྱ་སྟེ། བསྐལ་པ་ཆེན་པོ་གང་ཡིན་པ་དེ་ཡང་ཉིན་མཚན་དང་ཟླ་བ་དང་ཟླ་བ་ཕྱེད་དུ་བགྲང་བའི་ཚུལ་གྱིས་དུས་དཔག་ཏུ་མེད་པའི་ཕྱིར་གྲངས་མེད་པ་ཞེས་བྱའོ། །བསྐལ་བ་ཆེན་པོ་དེ་དག་གི་བགྲང་བའི་ཚུལ་གྱིས་བགྲང་བ་ཐམས་ཅད་ལས་འདས་པའི་གྲངས་གང་ཡིན་པ་དེ་ཡང་གྲངས་མེད་པ་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པ་སྔ་མ་ཤོས་ཀྱིས་ནི་བསྐལ་བ་གྲངས་མེད་པ་མི་ཉུང་བ་ཞིག་གིས་བྱང་ཆུབ་ཐོབ་པར་འགྱུར་རོ། །བསྐལ་བ་གྲངས་མེད་པ་ཕྱི་མ་ཤོས་ཀྱིས་ནི་གསུམ་ཁོ་ནས་ཐོབ་ཀྱི་ལྷག་པས་ནི་མ་ཡིན་ཏེ། སུ་བརྩོན་འགྲུས་རྩོམ་པ་ཆེན་པོའི་ཡང་ཆེན་པོས་སྦྱོར་བ་དེའི་ནང་ན་ལ་ལ་ནི་བར་གྱི་བསྐལ་བ་མང་པོ་ཞིག་འདུམས་པར་བྱེད་དོ། །ལ་ལ་ནི་བསྐལ་བ་ཆེན་པོ་དག་གི་བར་ཏུ་འདུམས་པར་བྱེད་ཀྱི་གྲངས་མེད་པ་འདུམས་པར་བྱེད་པ་ནི་འགའ་ཡང་མེད་པར་རིག་པར་བྱའོ། །ཞེས་དང༌། ཉ་ཊཱིཀ་ལས། དབུ་མ་རྣམས་ནི་རྒྱ་ཆེ་བ་དང་བྲལ་བས་བསྐལ་བ་གྲངས་མེད་པ་གསུམ་གྱིས་འབྲས་བུ་ལ་འཇུག་ཅིང་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱང་ངོ༌། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང༌། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །ཞེས་མོས་སྤྱོད་ཀྱི་སའི་བར་ལ་གྲངས་མེད་དང་པོ་དང༌། མ་དག་ས་བདུན་གྱི་བར་ལ་གྲངས་མེད་གཉིས་པ་དང༌། དག་པ་ས་གསུམ་གྱི་བར་ལ་གྲངས་མེད་གསུམ་པ་སྟེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལ་བརྟེན་ནས་སངས་རྒྱས་ཐོབ་པར་གསུངས་པའི། ཞེས་གསུངས་པའི་ཕྱིར། དེ་འདོད་མི་རིགས་པར་ཐལ། ཐེག་མཆོག་དབུ་མ་ལས། སོ་སྐྱེའི་བསྐལ་པའི་བར་གྱི་ཚོགས་ཀྱི་ཚད། །ས་ཐོབ་པས་ནི་སྐད་ཅིག་རེ་རེར་བསྒྲུབ། །བདུན་པ་མན་ཆད་བསྐལ་པ་སྟོང་གི་ཚོགས། །དག་པའི་ས་ལ་གནས་པའི་སྐད་ཅིག་ལའོ། །དབང་བསྐུར་མ་ཐོབ་བསྐལ་པ་གྲངས་མེད་པའི། །ཚོགས་ཀྱང་དེ་ཐོབ་སྐད་ཅིག་རེ་རེར་བསྒྲུབ། །ཅེས་དང༌།རྒྱུད་བླ་ས་འགྲེལ་ལས། དེ་ལྟ་ན་ཡང་རབ་ཏུ་བརྩོན་པ་ཁྱོད་ལ་དཔག་མེད་དུས་ཀྱང་ཐུང་ངུ་ཉིད་དུ་འདུས། །ཞེས་པ་ལྟར། བརྩོན་འགྲུས་དང་ཐབས་ལ་མཁས་པའི་ཁྱད་པར་གྱིས་ཡུན་ཐུང་ངུ་ལ་ཡང་གྲངས་མེད་མང་པོའི་ཚོགས་འདུམས་པར་གསུངས་པས་ཤིན་ཏུ་འཇིགས་པར་ཡང་མི་བསམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན་གྲངས་མེད་པ་སྔ་མའི་དབང་དུ་བྱས་པ་འདྲའོ། །གཞན་དུ་ན་རྒྱུད་བླའི་འགྲེལ་བ་དེར་གྲངས་མེད་མང་པོའི་ཚོགས་འདུམས་པར་གསུངས། ཞེས་པ་ནང་འགལ་ཡོད་པར་སྣང་ངོ༌། །བྱང་ས་ལས། བསྐལ་བ་གྲངས་མེད་པ་ཕྱི་མ་ཤོས་ཀྱིས་ནི་གསུམ་ཁོ་ནས་ཐོབ་ཀྱི་ལྷག་པས་ནི་མ་ཡིན། ཞེས་པ་དེ་དང་དགྲ་བཅོམ་རྟོགས་པ་སྔོན་སོང་རྟོགས་པ་བུལ་བ་ཡིན་པ་དང་གྲངས་མེད་བཞི་དགོས་པར་གསུངས་པ་དང་འགལ་བ་ཡོད་མེད་དཔྱད་དོ། །ཡང་ཉ་ཊཱིཀ་ལས། གཞན་དོན་དུ་འདོད་པར་སྐྱེ་བ་འཛིན་ཏོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ་སྟེ་འཁོར་བར་སྐྱེ་བའི་རྒྱུར་གྱུར་ཅིག་ཅེས་བསྔོས་ནས་འཁོར་བར་སྐྱེ་བའི་ཕྱིར་འཕགས་པའི་ལམ་ཉིད་འཁོར་བར་སྐྱེ་བའི་རྒྱུར་གྱུར་པས་ན་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ལྡན་པའོ། །ཞེས་བློ་བརྟན་གྱིས་འགྲེལ་ཆེན་དུའོ། །ཞེས་དང༌། མདོ་ལུགས་མ་ལས། ཕྱིར་མི་འོང་ནི་འདོད་པར་སྐྱེ་བའི་རྒྱུ་འདོད་པའི་ཉོན་མོངས་པ་དགུ་པོ་སྤངས་ཀྱང༌། སྤྲུལ་པའི་སྟོབས་ཀྱིས་སྐྱེ་བ་འཛིན་ཏོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ་དེ་སྲིད་པའི་སྐྱེ་བ་དག་ཏུ་བསྒྱུར་བའི་ཕྱིར་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ཡང་དག་པར་ལྡན་ནོ། །ཞེས་ཕྱིར་མི་འོང་ལ་སླར་ཡང་འདོད་པར་སྐྱེ་བ་དང་འཕགས་ལམ་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ་ཡིན་པར་བཤད་པ་མི་འཐད་པར་ཐལ། མདོ་ལུགས་མ་ལས། ཕྱིར་མི་འོང་བའི་དོན་ནི་སྐྱེ་པའི་སྐྱེ་མཆེད་དེ་ཉིད་དུ་ཚེ་གཉིས་པ་འགྲུབ་པར་མི་བྱེད་དེ། ཁྱད་པར་འགྲོ་བའི་ཕྱིར་རོ། །དེ་ལྟར་ན་ཕྱིར་མི་འོང་བ་ཡིན་པ་དེ་གང་དུ་སྐྱེས་པ་དེར་དང་འོག་ཏུ་གཏན་མི་འོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ལ་སྤྱིར་མདོ་ལམ་ཁོ་ན་ལ་བརྟེན་ནས་སངས་རྒྱ་མི་ནུས་པ་འདྲ་སྟེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ལམ་འདི་བསྒོམས་པས་སངས་རྒྱས་པ་ཁོ་ན་ཡིན་ཞེས་པ་སྟེ། དེའི་རྒྱུ་མཚན་ཡང་བྱང་ཆུབ་སེམས་དཔའ་ཐོག་མ་ནས་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་སྨོས་མ་དགོས། རེ་ཞིག་མདོ་ལམ་ཁོ་ན་ལ་ཞུགས་པ་རྣམས་ཀྱང་མཐར་རྫོགས་པའི་སངས་རྒྱས་ཐོབ་ཀར་སྔགས་ལ་མི་འཇུག་པའི་ཐབས་གཏན་ནས་མེད། དེ་ལྟ་བུའི་སྔགས་ལམ་དེ་ཡང་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ཙམ་མམ། རྣལ་འབྱོར་བླ་མེད་ཀྱི་ལམ་བསྐྱེད་རིམ་དང༌། ལས་རབ་འབྱམས་སོགས་ཀྱིས་མ་ཡིན་ཏེ། རྫོགས་པའི་རིམ་པ་མཐར་ཐུག་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་དགོས་པ་ལ། ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་མདོ་ཕར་ཕྱིན་ཐེག་པའི་རང་ལུགས་ལ་ལམ་ལྔ་ཡོད་མེད་དང་རང་གི་གོང་མའི་ཐེག་པ་ཡོད་མེད་དང་སངས་རྒྱ་བ་ལ་སྔགས་ལ་བརྟེན་མི་དགོས་སམ་དེ་དག་ལ་དཔྱད་དོ། །


previousགཉིས་པ་རང་རྒྱལ།next