འཕོ་བའི་དམིགས་སྐོར་ཟིན་བྲིས། ལོ་ཆེན་ཆོས་དཔལ་རྒྱ་མཚོ།
༄༅། །འཕོ་བའི་དམིགས་སྐོར་ཟིན་བྲིས་བཞུགས་སོ། །སྐྱབས་སེམས་སྔོན་དུ་འགྲོ་བས། དམིགས་སྐོར་དང་པོ་སྟོང་ར་སྦྱང་བ་ནི། རང་ལུས་ཕྱི་པགས་པའི་སྐྱ་རིས་ལས་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བར་སྒོམ་པའོ། །གཉིས་པ་ངན་འགྲོའི་སྒོ་དགག་པ་ནི། སྙིང་གར་ཧཱུྃ་ཡིག་མཐིང་ག་འོད་ཟེར་འཕྲོ་བ་ཞིག་བསྒོམས་ནས། ངག་ཏུ་ཧཱུྃ་རེ་བརྗོད་པ་ལས་སྙིང་གའི་ཧཱུྃ་ལས་ཧཱུྃ་རེ་རེ་མཆེད་དེ་སྒོ་དགུ་པོ་བཀག་སྟེ་སྙིང་གའི་ཧཱུྃ་ཡིག་མི་དམིགས་པར་བསམ་པའོ། །གསུམ་པ་རླུང་སེམས་བསྡུ་བ་ནི། ལུས་ཀྱི་དབུས་སུ་རྩ་ཨ་ཝ་དྷཱུ་ཏི་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཡར་སྣ་ཚངས་བུག་ལ་ཟུག་པ། མར་སྣ་ཇེ་ཕྲར་སོང་བ་ལྟེ་བའི་འོག་སོར་བཞིའི་ཐད་ཙམ་དུ་སླེབས་པ། དེའི་འོག་ཏུ་རླུང་དཀྱིལ་ཡང་ཞིང་གཡོ་བའི་སྟེང་དུ་རྣམ་ཤེས་མི་འགྱུར་བའི་ཐིག་ལེ་འཕར་གཡོ་བྱེད་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་མཉམ་པར་བཞག་གོ། དེ་ལས་རྐྱེན་གྱིས་མི་འཕྲོག་པར་རྩེ་གཅིག་ཏུ་སེམས་ཟིན་པ་ནི་རླུང་སེམས་འདུས་པའོ། །བཞི་པ་སྦྱང་བ་ནི། སྔར་ལྟར་ལས་དབུ་མའི་ཡར་སྣ་ཚངས་བུག་ཧཾ་ཡིག་དཀར་པོ་བདུད་རྩིའི་རང་བཞིན་ཅན་མགོ་ཐུར་བསྟན་ཞིག་གིས་བཀག །སྤྱི་བོའི་གཙུག་ཏུ་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་རྡོར་སྐྱིལ་དང་། དར་དང་རིན་པོ་ཆེས་བརྒྱན་པ་ཞིག་བསམ་ལ་མོས་གུས་ཆིག་དྲིལ་གྱིས་གསོལ་བ་བཏབ་རྗེས། ངག་ཏུ་ཧི་ཧིཀ་ཅེས་བརྗོད་ཅིང་མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ་བས། རླུང་དཀྱིལ་གྱི་སྟེང་གི་ཐིག་ལེ་དེ་ཉིད་དབུ་མའི་ནང་ནས་ཡར་མདའ་འཕངས་པ་ལྟར་སོང་བ་ཧཾ་དང་རོ་གཅིག་ཏུ་སྤྱི་བོ་ཚངས་བུག་ནས་རྒྱངས་ཀྱིས་ཐོན་པ་བླ་མའི་ཐུགས་ཀར་བསྟིམས་ནས་མཉམ་པར་བཞག །ཡང་ངག་ཏུ་ཀ་ཞེས་བརྗོད་ཅིང་མིག་ཐུར་དུ་ཕབ་ལྟོ་བ་ཆིར་གྱིས་ནོན་པ་དང་མཉམ་དུ། ཐིག་ལེ་དེ་ཉིད་བླ་མའི་ཐུགས་ཀ་ནས་མར་ཚངས་བུག་ཏུ་བརྒྱུད་ལྕི་འཐེན་གྱིས་བབས་པ་དེ་རླུང་དཀྱིལ་དེ་ཉིད་ཆིར་གྱིས་མནན་པར་བསམ། དེ་ལྟ་བུའི་བསུ་སྐྱེལ་ལ་ཡང་ཡང་བསླབ་པའོ། །དམིགས་པ་འདི་ཐུན་བཅུག་ནས་ཆིག་དྲིལ་དུ་སྦྱོང་བའི་ཚེ་གེགས་ཆུང་ཁྱད། ཡར་སྤར་བའི་ཚེ་ཐིག་ལེ་ཚངས་བུག་ནས་མི་འདོན་པར་ཧཾ་ལ་བསྲེས་ནས་བཞག །དེ་ལ་བསུ་སྐྱེལ་གྱིས་སྦྱོང་བའོ། །མཇུག་ཏུ་གེགས་སེལ་རྡོར་བཟླས་ལ་འབད་དོ། །ལྔ་པ་ལས་ལ་སྦྱར་བ་ནི། འཆི་ལྟས་མཐོང་ན་བླུ་བའི་ཆོ་ག་བྱ་ཞིང་། མི་བླུ་བའི་མཚན་མ་མཐོང་ན། དམ་ཚིག་ཉམས་ཆག་རྣམས་བཤགས། ཡོ་བྱད་ཐམས་ཅད་སྤོང་དག་ལ་གཏོང་། གང་ལའང་མ་ཆགས་པར་བྱས་ལ། གང་དུ་འཕོ་བའི་གནས་སུ་བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་སིང་བ་བྱས་ལ། དུས་ལ་བབ་པ་ན་རྡོ་རྗེ་སེམས་དཔའི་ཐུགས་ཀར་བསྟིམ་པའི་བར་སྔར་ལྟར་ལས། མི་དམིགས་པ་སྤྲོས་པ་དང་བྲལ་བ་འོད་གསལ་རྣམ་པར་མི་རྟོག་པའི་ངང་ལ་བསྐྱལ་ལོ།། །།