Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོ་བོ་ཐམས་ཅད་རང་བཞིན་དུ་དབང་བསྐུར་བའི་ལུང་།
   
   
   
   
   
   
   
   
   
   
   
   


 
previousཁྲོ་བོ་ཐམས་ཅད་རང་བཞིན་དུ་དབང་བསྐུར་བའི་ལུང་། next

ཁྲོ་བོ་ཐམས་ཅད་རང་བཞིན་དུ་དབང་བསྐུར་བའི་ལུང་།


DNG003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཨ་བོ་ཀྲོ་ཏ་སུ་ནཱ་མ། བོད་སྐད་དུ། ཁྲོ་བོ་ཐམས་ཅད་རང་བཞིན་དུ་དབང་བསྐུར་བའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་པདྨའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཀྱེ་འདུས་པའི་ཚོགས་བཅས་ཉོན། །ཁྲོ་བོའི་དབང་བསྐུར་རྫོགས་བྱེད་ན། །མཆོད་པའི་གཞུང་རྣམས་རྫོགས་བྱས་ལ། །དཀྱིལ་འཁོར་ཉིད་དང་རྒྱན་ལྡན་ཕྱིར། །ཤིན་ཏུ་དབེན་པའི་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་རྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདེང་། །བྱང་ཉིད་སྐྱོར་བ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ཏུ། །གྲོགས་པོ་སལ་སུལ་མེད་པ་དང་། །ནུབ་ན་གཟུགས་པོ་མེད་པ་དང་། །སེམས་ཅན་ལྟ་བུའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ན་ཤིང་ཏོག་སྣ་ཚོགས་འབར། །མདུན་ན་ནེའུ་སིང་ཆུ་བོ་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །ར་རྒྱུད་རྣམས་ནི་མ་ཆད་པར། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །དེ་ལྟ་བུ་ཡི་གནས་དག་ཏུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །ཛ་གད་ཕུད་ཀྱིས་ཆག་ཆག་གདབ། །དེ་ལྟ་བུ་ཡི་དཀྱིལ་འཁོར་ལ། །ཐིག་ནི་རབ་ཏུ་གདབ་པར་གསུངས། །ནུབ་ནས་ཤར་དུ་ཁ་བལྟ་ལ། །ཚངས་པའི་ཐིག་ནི་འགྱུར་མེད་གདབ། །དེ་ནས་ལྷོ་ནས་བྱང་དུའོ། །ཤར་ལྷོ་ནས་ནི་ནུབ་བྱང་དུ། །ལྷོ་ནུབ་ནས་ནི་བྱང་ཤར་དུ། །ལྷོ་ཡི་ཚངས་ཐིག་སྟེང་དག་ནས། །ནུབ་ཀྱི་ཚངས་ཐིག་སྟེང་དུ་འོ། །ཤར་ཉིད་ནས་ནི་ལྷོ་ཡི་སྟེང་། །བྱང་ཤར་དུ་ནི་སློབ་མས་གདབ། །ནུབ་ནས་


DNG003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་དེ་བཞིན་ནོ། །ནུབ་ནས་ཕྱེད་མར་གཉིས་པོ་ལ། །ཤར་ཕྱོགས་དག་ཏུ་ཟིངས་ཀྱི་གདབ། །ལྷོ་ནས་བྱང་དུ་དེ་བཞིན་ཤེས། །དེ་དག་ལ་ནི་གྲུབ་ལ་གཏུག །དེ་ནས་ཕྱེད་ཕྱེད་ནས་ནིའོ། །དེ་ལྟར་ཡེང་ནི་སྤྲས་ལ་འདྲ། །དེ་ལྟར་ཐིག་ཉིད་རབ་རྫོགས་བྱའོ། །དེ་ནས་ས་ཚོན་བྱིན་གྱིས་བརླབ། །དཀྱིལ་འཁོར་དག་ལ་ཚོན་གྱིས་དགྱེ། །དབུས་ཀྱི་ཐིག་ནི་ཆ་གསུམ་ལ། །ཟླུམ་པོ་མུ་ཁྱུད་ལྗང་གུའོ། །ནང་དུ་གྲུ་གསུམ་མཐིང་ནག་མཛེས། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །ཚངས་ཐིག་ནས་བཙལ་བཞི་པ་ལ། །མུ་ཁྱུད་ཟླུམ་པོ་དག་ཏུ་བྲི། །དེ་ཡི་ནང་དུ་འཁོར་ལོ་བརྒྱད། །ཁ་དོག་སེར་པོ་དག་ཏུ་བྱ། །རྩིབས་མཆན་དག་ནི་མཛེས་ཚོན་ནོ། །ཚངས་ཐིག་དག་ནས་ལྔ་པ་ལ། །གྲུ་བཞི་སྒོ་དང་བཅས་པ་བྲི། །གྲུ་ཆད་ལྗང་གུ་མཛེས་པར་བྱ། །དེ་ནས་ཐིག་གཅིག་སྒོ་ལའོ། །དེ་ལྟར་གྲུབ་ལ་སྒོ་ཡི་ཕྱི། །སྒོ་ནི་རིགས་དང་འདྲ་བར་བཤད། །དེ་ནས་ཐིག་ནི་བཅུ་པ་ལ། །ཕྱི་རིམ་ཟླུམ་པོ་དག་ཏུ་བྲི། །ཟླུམ་པོའི་བར་ནི་ནག་པོས་དགང་། །རྡོ་རྗེའི་ར་བར་བཅས་པའོ། །ཕྱོགས་བཞི་ཟླ་གམ་རིགས་དང་འདྲ། །སྒོ་དང་སྒོ་རྒྱན་རབ་ཏུ་མཛེས་པའོ། །དེ་ལྟར་དཀྱིལ་འཁོར་རབ་བྲིས་ལ། །མངོན་པའི་རྫས་ནི་འདི་ལྟར་དགྲམ། །རྫས་རྣམས་བྱིན་གྱིས་བརླབས་ནས་ནི། །དཀྱིལ་འཁོར་སྟེང་དུ་རྫས་དགྲམ་སྟེ། །དབུས་ཀྱི་གྲུ་གསུམ་སྟེང་དག་དུ། །སྐྱེས་པ་བུད་མེད་བྷནྡྷ་གཉིས། །ཡང་ན་རབས་ཆད་ནག་པོའམ། །སྣེལ་གྲི་མོ་ཡི་ཐོད་པ་སྟེ། །ནལ་བུ་ཡོད་ན་མཆོག་ཏུ་གསུངས། །ཡང་ན་ལོངས་སྤྱོད་ལྡན་པ་ཡི། །ཕོ་ཐོད་དག་ལ་ཡི་གེ་བྷྲཱུཾ། །མོ་ཐོད་དག་ལ་མ་ཞེས་བྲི། །གང་ཡང་རུང་བའི་ཐོད་པ་གཅིག །ཡི་གེ་ཡཾ་དང་ལྡན་པའོ། །མོ་ཐོད་ནང་དུ་བླུག་པའི་རྫས། །བུད་མེད་བུ་མ་སྐྱེས་པའི་ཚིལ། །ཕོ་ཐོད་ནང་དུ་བླུག་པའི་རྫས། །བྱང་ཆུབ་སེམས་ནི་དཀར་དང་དམར། །ཐོད་པ་གཅིག་གི་ནང་དུ་ཡང་། །ཤ་ཁྲག་སྣ་ཚོགས་གཏོར་མའོ། །ཕོ་ཐོད་དར་དཀར་དག་གིས་གཏུམ། །མོ་


DNG003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་དར་དམར་དག་གིས་དགབ། །ཟླ་གམ་གསུམ་གྱི་སྟེང་དུ་ཡང་། །རིན་ཆེན་བུམ་པ་གསུམ་བཞག་སྟེ། །རིན་པོ་ཆེ་ཡི་སྙིང་པོ་གསལ། །སྨན་ནི་སྣ་ཚོགས་ནང་དུའོ། །ཁ་དོག་དམར་པོ་དག་གིས་བྱུགས། །དར་དམར་དག་གིས་མགུལ་ཆིངས་སོ། །འཁོར་ལོའི་སྟེང་དུ་སྐུ་བརྒྱད་དོ། །གྲུ་ཆད་སྟེང་དུ་རྫས་བརྒྱད་དོ། །གྲུ་ཆད་དག་ནི་རེ་རེ་ལ། །མེ་ལོང་རེ་དང་རྨ་བྱའོ། །ཕྱི་རིམ་ཟླ་གམ་སྟེང་དག་ཏུ། །ཤར་ཕྱོགས་ཟླ་གམ་སྟེང་དག་ཏུ། །བྷནྡྷ་བཞི་གླིང་མཚན་ལྡན་དུ། །གཏོར་མར་བདུད་རྩི་བྲན་པའོ། །མཐིང་ནག་དར་གྱིས་ཁ་བཅད་དོ། །ལྷོ་ཕྱོགས་ཚིལ་གྱི་མར་མེ་སྟེ། །དར་སེར་དག་གི་ཡོལ་བ་སྟེ། །ནུབ་ཏུ་སེང་ལྡིང་ཕུར་བུ་ལ། །ལེ་བརྒན་དར་གྱི་གདུགས་ཀྱིས་དགབ། །བྱང་དུ་མར་མེ་ལྔ་ཉིད་བལྟམ། །དར་ལྗང་དག་གིས་ཡོལ་བ་བྱ། །དེ་ལྟར་རྫས་རྣམས་ཚོགས་པ་དང་། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །དར་དཀར་དག་གིས་ཞལ་ཉིད་དགབ། །རས་སེར་ཁ་ཚར་མ་ཉམས་པས། །དཀྱིལ་འཁོར་དེ་ཉིད་ཕྱི་ཡོལ་བྱ། །དེ་ནས་རྫས་རྣམས་བཀོད་པ་དང་། །དབང་དང་རིམ་པ་རྫོགས་པར་བྱ། །དེ་ནས་སློབ་དཔོན་དབང་ལྡན་དེས། །དབང་བསྐུར་མན་ངག་ལུང་བསྟན་པས། །ཚིག་འདི་རྣམས་ཀྱིས་དབང་རྫོགས་བྱའོ། །དབང་གི་ཆས་ཀྱིས་རབ་བརྒྱན་པའི། །ལས་ཀྱི་རྡོ་རྗེ་རྒྱལ་པོ་ལ། །དཔྲལ་བར་ཐལ་ཆེན་མཚོན་པ་བྲི། །ལྕེ་ལ་རཀྟའི་ཐིག་ལེའོ། །སྙིང་གར་ཞག་གི་ཟོ་རིས་ཏེ། །མགོ་ལ་དབང་ཞུ་ལེགས་པར་བརྒྱན། །ལག་ན་རྡོ་རྗེ་དྲིལ་བུའམ། །ཁ་ཊྭཱཾ་རྔེའུ་ཆུང་གིས་མཚན་པའོ། །དེ་ནས་བུ་ལ་དབང་རྫོགས་བྱའོ། །དེ་ནས་དབང་རྣམས་རྫོགས་བྱ་ཡི། །མཚན་མ་རྟགས་ཀྱི་ཐིག་ལེ་བྱ། །དེ་ལྟར་མཚན་མ་བསྟན་ནས་ནི། །འདི་ལྟར་ཚིག་དབང་བསྟན་པའོ། །ཁྲོ་རྒྱལ་ཡབ་དང་ཡུམ་དུ་བཅས། །ཐམས་ཅད་གནས་འདིར་གཤེགས་སུ་གསོལ། །བགེགས་དང་ལོག་འདྲེན་ཐམས་ཅད་ཀུན། །ཁྲོ་བོའི་མཚན་ཐོས་ཙམ་གྱིས་ཀྱང་། །ཐམས་ཅད་བརྒྱལ་ཞིང་


DNG003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འོ་དོད་འབོད། །སྡུག་བསྔལ་ཆེན་པོས་ཟིན་པས་ན། །གནས་འདིར་མ་འདུག་གཞན་དུ་དེངས། །ཧོ་དགོངས་ཤིག་རོལ་ཅིག་ཁྲོ་རྒྱལ་རྣམས། །སློབ་མ་ཆུག་ཅིག་གནས་པར་མཛད་དུ་གསོལ། །དུག་གསུམ་རྩད་གཅོད་འཁོར་བ་དབྱིངས་ནས་ཐོན། །ང་ནི་ཁྲོ་རྒྱལ་པདྨ་སྟེ། །ང་ནི་དཀྱིལ་འཁོར་རྫས་སྟོན་གྱིས། །འབྱུང་པོའི་ཚོགས་རྣམས་རབ་དུ་དེངས། །ཁྱེད་ལ་དབང་གི་སྐལ་བ་མེད། །དབང་མཆོག་ཐོབ་པར་མི་འགྱུར་གྱིས། །ཕྱི་མ་དུས་ཀྱི་ཐ་མ་ལ། །སྟོན་པ་རྡོ་རྗེ་མི་བསྐྱོད་པས། །ཁྱེད་ལ་དབང་གིས་བརྡ་སྟོན་གྱིས། །འདི་ལ་སྐལ་མེད་དེར་དེངས་ཤིག །ཧོ་དབང་གི་སྐལ་བ་དང་མི་ལྡན་པ་རྣམས་ནི། དབང་གི་དཀྱིལ་འཁོར་འདི་ཡང་། ས་ཚོན་གྱི་དཀྱིལ་འཁོར་འཇིགས་པ་དང་བཅས་པར་མཐོང་བ་ཡིན་ནོ། །རྫས་རྣམས་ཀྱང་དཔའ་བརྟུལ་དང་མི་ལྡན་པ་ཡིན་ནོ། །གསང་བའི་དབང་གི་དཀྱིལ་འཁོར་འདི་ལ་ཡིད་མི་ཆེས་པ་དང་། དེ་ལྟ་བུ་ཡི་འདུ་ཤེས་དང་ལྡན་པ་རྣམས་ལ། རིན་པོ་ཆེ་འདི་ཡི་སྐལ་བ་མེད་པས། དབང་བསྐུར་ཡང་དབང་གི་ནུས་པ་མི་འབྱུང་བས། རིགས་ཀྱི་བུ་རྣམས་དེ་ལྟར་མ་བྱེད་ཅིག །ཐུགས་རྗེའི་འོད་དང་མཉམ་པར་གྱུར་པ་ཡིས། །སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔ་ཡི་འོད། །འབྱུང་བ་ལྔ་ལ་ཡེ་ཤེས་ལྔ་ཡིས་ཁྱབ། །ཡེ་ཤེས་ལྔ་ལས་བྱུང་བའི་འོད་ལྔ་འདིས། །གཉིས་མེད་སྦྱོར་བ་གཞལ་ཡས་ཁང་། །ཡབ་ལྔའི་དངོས་གྲུབ་བླང་བའི་ཕྱིར། །འབྱུང་བ་དག་པའི་མར་མེ་དམ་པ་འདིས། །སེམས་ཅན་འདི་ལ་དབང་བསྐུར་བས། །རྣམ་པར་དག་པའི་ཞིང་ཁམས་སུ། །རྒྱལ་བ་ཡབ་དང་མཉམ་པར་ཤོག །ཨོཾ་པུ་ཏི་ཤ་སྟོམ་ཤ་ནི། ཡེ་ཤེས་ལྔ་དང་འོད་ལྔ་དང་། །ཡབ་ལྔ་དང་ནི་ཡུམ་ལྔ་ཡི། །དབང་བསྐུར་དམ་པ་ནོད་པའི་ཕྱིར། །ཡེ་ཤེས་རང་ལུས་དཀྱིལ་འཁོར་ལྡན། །རྡོ་རྗེའི་དོན་དང་གཉིས་མེད་བརྗིད་པའི་འོད། །དབང་གི་ཡེ་ཤེས་འོད་མཆོག་དམ་པ་དང་། །རང་གི་ཙིཏྟའི་དཀྱིལ་ན་གནས་པའི་འོད། །ངས་བསྟན་ཁྱེད་ཀྱིས་ཉེ་བར་ཡོངས། །འདི་བསྟན་པ་ཡི་ཡོན་ཏན་


DNG003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །རང་སྣང་དག་པ་མཐོང་བར་ཤོག །ཨོཾ་མ་ཧཱ་སུ་གད་ཤ་སྟྭམ་བྷག་ཤ་ཧཱུཾ། འབྱུང་ཆེན་རྣམ་ལྔ་ཡེ་ཤེས་ལྔ་ལས་བྱུང་། །རིག་པ་ཉིད་མཚོན་ཡེ་ཤེས་རྫས། །ཀུན་དང་མི་མཉམ་ཡེ་ཤེས་ལྔ་འོད་ཀྱིས། །འགྱུར་མེད་ཕོ་བྲང་བསྟན་གྱིས་ཉེ་བར་ལོངས། །འབྱུང་བ་ཡེ་ཤེས་དག་པའི་རྫས་ཆེན་འདིས། །སེམས་ཅན་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་གཅིག་ཆོད་འཆར་བར་ཤོག །ཨོཾ་འདུ་ཀ་ཤ་ཏི་ཏམ་བཀ་ཤ་ཧཱུཾ། འབྱུང་བ་ཐམས་ཅད་དབང་གི་དཀྱིལ་འཁོར་ཏེ། །དྲི་མེད་དབང་གི་ཡེ་ཤེས་རོལ་པ་ཡི། །དབང་བསྐུར་སངས་རྒྱས་ཀུན་དང་མཉམ་པའི་འོད། །འོད་ལྔ་ཉིད་ལ་རིག་པའི་སྐུ་ལྔ་གསལ། །ཡེ་ཤེས་དུས་དང་ལྡན་པའི་རྫས་ཆེན་འདིས། །སེམས་ཅན་འདི་ལ་དབང་བསྐུར་བས། །ངོ་བོའི་སྣང་བ་མཐོང་བར་ཤོག །ཨོཾ་ཛྙཱ་ན་སྟྭམ་བག་ཤ་ཧཱུཾ། རྡོ་རྗེའི་རིགས་དང་བུཌྜྷའི་རིགས། །རིན་ཆེན་རིགས་དང་པདྨའི་རིགས། །ལས་ཀྱི་རིགས་ལ་སོགས་པ་ཡི། །སངས་རྒྱས་ཀུན་གྱི་བྱིན་བརླབས་ཀྱིས། །བདག་ཅག་ཡང་དག་མཐོང་གྲོལ་ཤོག །ཨོཾ་ད་དུ་ཤ་སྟྭམ་བག་ཤ་ཧཱུཾ། བྷན་དྷ་ཡེ་ཤེས་རྣམ་པར་དག །ལྕང་ལོ་དབྱིངས་དང་འདུ་འབྲལ་མེད། །རྣམ་དག་ཡེ་ཤེས་གཞལ་ཡས་ཁང་། །སེམས་ཅན་འདི་ལ་དབང་བསྐུར་བྱ། །འདི་ལ་བསྐུར་བའི་ཡོན་ཏན་གྱིས། །འདི་ཡི་བར་ཆད་བསལ་བ་དང་། །ཕྱི་མར་གཞལ་ཡས་ཁང་ལྡན་ཤོག །ཨོཾ་བྷནྡ་སིདྡྷི་ཧཱུཾ། དགྲ་དང་བགེགས་བཟློག་ཕུར་པ་འདིས། །གང་ལ་བཏབ་པ་རླག་པར་བྱེད། །ཐལ་བ་བཞིན་དུ་བརླགས་ནས་ཀྱང་། །བགེགས་ཞེས་བྱ་བའི་མིང་ཡང་མེད། །རིག་པ་འདི་དང་དབྱེར་མེད་ཚུལ། །རང་ལ་ཡོད་པའི་ཡེ་ཤེས་དེ། །བར་ཆད་བསལ་ནས་མཐོང་བར་འགྱུར། །དེས་ན་ཕུར་པའི་དབང་བསྐུར་ལོངས། །ཨོཾ་བཛྲ་ཏ་ཀཱི་ལི་ཀཱི་ལ་ཡ་ཀ་ས་ཡ་ནི་ཧཱུཾ། རྒྱལ་བ་ཀུན་གྱི་དབང་བསྐུར་མཛད་པ་ཡི། །ཐོད་པ་མར་མེ་ཚིལ་ཆེན་རྣམ་གསུམ་གྱིས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །དབང་བསྐུར་བདག་ལ་རྫོགས་པར་མཛོད། །ཨོཾ་ཨགྣེ་བྷྲཱུཾ། རིག་པ་དང་ནི་


DNG003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི། །སྣང་བ་དམ་པ་འདི་ཡིན་པས། །རིགས་ཀྱི་བུ་ཁྱོད་མྱུར་དུ་ལྟོས། །ཕྱི་ཡི་དབྱིངས་དང་རིག་པ་གཉིས། །འདུ་འབྲལ་མེད་པ་དེ་བཞིན་ནོ། །རྫས་ཀྱི་དབྱིངས་དང་རིག་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །རྣམ་དག་དབྱིངས་དང་ཡེ་ཤེས་ཀྱི། །དབང་བསྐུར་དམ་པ་འཐོབ་པར་ཤོག །ཨོཾ། ཡེ་ཤེས་རིག་པའི་ཀློང་དཀྱིལ་ནས། །ཐུགས་རྗེའི་སྟོབས་ནི་ཁྱོད་ལ་སྣང་། །དྲི་མེད་འདུ་འབྲལ་མེད་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བྱའོ། །ཨཱོཾ། གསང་བ་དག་པས་ཤེས་རབ་ཐབས་ལྟར་སྣང་། །དབྱིངས་དང་རིག་པ་གཉིས་མེད་ཤེས་རབ་ཐབས། །རྡོ་རྗེའི་དོན་ཉིད་རྣམ་སྦྱར་རིག་པར་ལྡན། །རྟོགས་པའི་དོན་ལྡན་ཤེས་རབ་དབྱིངས་དང་ལྡན། །དོ་ནུབ་ཁྱོད་ལ་དབང་བསྐུར་བར་བྱའོ། །ཨཱིཾ། ཐབས་འདི་ཀུན་ལ་དཀོན་པའི་ཐབས། །ཤེས་རབ་ཀུན་ལ་ཁྱབ་པའི་རྟགས། །ང་ཡིས་ཐབས་བསྟན་ཁྱེད་ཀྱིས་ལོངས། །གསང་སྔགས་རྒྱལ་པོའི་ཐབས་འདི་དག །དོ་ནུབ་ཁྱོད་ལ་དབང་བསྐུར་བར་བྱའོ། །ཨཱ། དབྱིངས་དང་རིག་པ་གཅིག་གྱུར་ནས། །རིགས་ལྔ་རྒྱལ་བ་ཡབ་ཡུམ་བཅུར། །དབང་བསྐུར་རྡོ་རྗེའི་དཀྱིལ་འཁོར་རྫོགས། །དབང་ནི་རང་རང་ཙིཏྟའི་དཀྱིལ། །རྡོ་རྗེའི་དཀྱིལ་འཁོར་བསྟན་གྱིས་གུས་ཕྱག་འཚོལ། །ཨ། ཡང་དག་བདེ་བའི་ས་ལ་མི་འགྱུར་འཁོར་ལོ་བསྐོར། །འདི་ཡང་ཁྱོད་ཀྱི་རང་རྟགས་ཏེ། །དོ་ནུབ་ང་ཡིས་བསྟན་པར་བྱ། །ཨོཾ་ཙཀྲ་སི་ཏི་ཧཱུཾ། ཐེག་པ་དགུ་དང་ཡེ་ཤེས་དགུ། །ས་དགུ་ལམ་དགུ་སྟོན་པའི་རྒྱུ། །མ་རིགས་པ་ལས་ཐར་པའི་ཡེ་ཤེས་ཏེ། །འགྲོ་བ་འདུལ་བྱེད་སྤྲུལ་པའི་སྐུ་ཐོབ་སྟེ། །ཀུན་གྱི་མཚོན་བྱེད་མཆོད་རྟེན་དམ་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །སྤྲུལ་པ་སྐུ་ཡི་ས་ཐོབ་ཤོག །ཨོཾ་པྲ་ཏི་ཤ་ཛ། སྤྲུལ་པའི་སྐུ་ལས་ཐུགས་རྗེ་འབྱུང་བའི་ཕྱིར། །སྤྲུལ་སྐུར་གྱུར་ནས་འགྲོ་བ་འདྲེན་པ་དང་། །ཡེ་ཤེས་ཐབས་ཀྱི་ཕ་རོལ་སྒྲོལ་གྱུར་


DNG003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཨོཾ་བཛྲ་ཙཎྜ་ནི་ཤ་ཡ་ན་ཧཱུཾ། ཡེ་ཤེས་བསྐྱེད་པའི་ཤེས་རབ་མེ་ཆེན་འདིས། །འགྲོ་བ་མ་རིག་སྒྲོན་མར་གསལ། །སྐྱེ་མེད་དབྱིངས་སུ་སྒྲོལ་བྱེད་མེ་ཆེན་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །སྐྱེ་མེད་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་ཨགྣེ་ཀ་ལ་ཤ་ཨ། རིག་པའི་ཡེ་ཤེས་དགོས་འདོད་སྐོང་མཛད་པའི། །ཡེ་ཤེས་འགག་མེད་ཤེས་རབ་དོན་ལྡན་ཞིང་། །སྣ་ཚོགས་ཅིར་ཡང་སྟོན་པ་རིག་པའི་དབང་། །དགོས་འདོད་སྐོངས་མཛད་རིན་ཆེན་དབང་བསྐུར་བས། །རིག་པ་ངོ་བོ་ཉིད་དང་ལྡན་གྱུར་ཅིག །ཨོཾ་རཏྣ་ཨེ་བམ་ཧཱུཾ། དྲི་མེད་སྐྱོན་བྲལ་ཡེ་ཤེས་དག་པའི་རྫས། །རིག་པ་ཆགས་མེད་སེམས་ལས་གྲོལ་བ་སྟེ། །རྣམ་རྟོག་མེད་པའི་རིག་པ་ཆོས་ཀྱི་སྐུ། །དྲི་མེད་སྐྱོན་བྲལ་པདྨའི་སྡོང་པོ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །ཨོཾ་པདྨ་ཀྲོ་ཏི་ནི་ཧཱུཾ། ཤེས་རབ་དང་ནི་གཉིས་མེད་སྦྱོར་བ་མཛད། །དཀྱིལ་འཁོར་ཉིད་དང་ཡེ་ཤེས་རྒྱུ་ལ་རོལ། །གཉིས་མེད་མཚོན་པའི་ཤེས་རབ་རལ་གྲི་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཤེས་རབ་ཆེན་པོས་རང་རྒྱུད་གྲོལ་བར་གྱིས། །ཨོཾ་པྲཛྙཱ་ཀཱ་ཡ་སིདྡྷི་ཧཱུཾ། དཀྱིལ་འཁོར་དང་ནི་དབྱིངས་ཀྱི་ཡེ་ཤེས་དང་། །དབྱིངས་དང་ཡེ་ཤེས་དོན་སྦྱར་བས། །ཕྱི་དབྱིངས་དང་ནི་ནང་ཡེ་ཤེས། །གསང་བའི་ཡེ་ཤེས་ཆོས་ཉིད་དབང་དུ་འདུས། །དབྱེར་མེད་ཚུལ་གྱིས་དེ་བཞིན་གནས་པ་རྣམས། །ང་ཡིས་བསྟན་གྱིས་ང་ལ་ལེགས་པར་ཉོན། །ཡེ་ཤེས་དག་པའི་རྫས་ཀྱི་སྤྲིན་ཆེན་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །དབྱིངས་དང་ཡེ་ཤེས་རྟོགས་ནས་ཀྱང་། །ཐུགས་རྗེ་ཕྱོགས་བཅུར་མཛད་པར་ཤོག །ཨོཾ་དྷཱ་ཏུ་ཛྙཱ་ན་ཧྲཱྀ་ཏྲཱཾ། སྟོང་པ་ཉིད་དང་ཡེ་ཤེས་སྐུ། །སྣ་ཚོགས་འབྱུང་བ་རོལ་པའི་སྐུ། །ཆོས་སྐུ་མཚན་མའི་སྐུ་མཆོག་འདིས། །སེམས་ཅན་ཁྱོད་ལ་དབང་བསྐུར་བས། །མཐར་ཕྱིན་འབྲས་བུ་ཐོབ་པར་ཤོག །ཨོཾ་བཛྲ་ཀཱ་ཡ་ཧཱུཾ། སྐྱེ་དང་འཆི་མེད་རྡོ་རྗེའི་སྐུ། །སྟོང་


DNG003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྡོ་རྗེའི་སྙིང་པོ་ཅན། །དག་པའི་ཡེ་ཤེས་མཚོན་པའི་ཕྱིར། །དྲི་མ་དང་བའི་གཟུགས་སྐུར་ལྡན། །ཆོས་དབྱིངས་དག་པའི་ཡེ་ཤེས་མཚོན། །སྐྱེ་མེད་མཚོན་པའི་སྐུ་མཆོག་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨ་ཀ་ཤ་ཡ་ནི་ཧཱུཾ། རྡོ་རྗེ་འགྱུར་མེད་རིག་པའི་དུས། །རང་རྟགས་མཚན་པ་དབང་གི་སྐུ། །འགྱུར་མེད་ཀུན་རྫོགས་སངས་རྒྱས་ཀྱི། །ས་ལམ་མཐར་ཕྱིན་གྲོལ་བར་ཤོག །ཨོཾ་བཛྲ་ཀྲ་ས་མ་ཧཱུཾ། སྙིང་པོའི་དོན་ཉིད་རྣམ་སྦྱང་ཕྱིར། །ཡེ་ཤེས་དག་པའི་ལམ་ཆེན་དང་། །སྙིང་པོ་རང་ཆས་རྡོ་རྗེའི་དོན། །སངས་རྒྱས་བཞི་ཡི་སྙིང་པོར་བཅས། །དེ་བཞིན་ཀུན་ལ་གནས་པ་ཡིན། །སྙིང་པོའི་དོན་ཉིད་འདི་བསྟན་པས། །རྟོགས་པ་རྒྱུད་ལ་སྐྱེ་འགྱུར་ཤོག །ཨོཾ་བཛྲ་ཙིཏྟ་ཀཱ་ཡ་ཧཱུཾ། སངས་རྒྱས་ཀུན་གྱི་དབང་བསྐུར་ནི། །བུམ་པ་འདི་ལ་མཛད་པ་ཡིན། །དབང་བསྐུར་འདི་ལ་བྱིན་གྱིས་བརླབ། །ཆོ་འཕྲུལ་རྒྱས་པར་སྟོན་པ་ཡི། །བུམ་པ་འདི་ལ་ཕྲིན་ལས་རྫོགས། །ཡེ་ཤེས་དག་པའི་དབང་བསྐུར་འདིས། །མ་རིག་འཁོར་བའི་རྒྱུན་གཅད་ཕྱིར། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་དོ་ཤ་ཧཱུཾ། ཐབས་དང་ཤེས་རབ་གཉིས་མེད་པས། །རྒྱལ་བ་ཡབ་ལྔ་ཡུམ་ལྔར་གསལ། །ཐབས་དང་ཤེས་རབ་དོན་ལྡན་པས། །ལོངས་སྤྱོད་རྫོགས་སྐུ་སྣང་བར་གསལ། །རྣམ་དག་སངས་རྒྱས་མཛད་སྤྱོད་དེ། །དེ་གནས་བརྟན་པ་ཐོབ་བྱ་སྟེ། །སངས་རྒྱས་ཀུན་དང་མཉམ་པ་ཡི། །ཡེ་ཤེས་དག་པའི་ཚོམ་བུ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །རང་སྣང་བར་དོར་བརྟན་པར་ཤོག །ཨོཾ་བཛྲ་སི་ཏ་ཀ་ཧཱུཾ། ཡེ་ཤེས་རང་རྟགས་རྡོ་རྗེའི་དོན་ཉིད་ལྡན། །སྐྱེ་འཇིག་བྲལ་བའི་སྐུ་ཡང་འོད་གསལ་བཞུགས། །འཆི་དང་བྲལ་བའི་གསུང་གི་ཟེར་ལ་རོལ། །སྐྱེ་དང་འཆི་མེད་རྡོ་རྗེ་དུས་མཚོན་སྐུ། །སྐྱེ་བ་མེད་པའི་ཡི་གེ་ཨ་དཀར་འདི། །སེམས་ཅན་རྣམས་ལ་རྟག་པར་ཡོད་པ་སྟེ། །དེ་ཡི་དོན་ནི་མཚོན་པའི་འོད་ལྔ་གསལ། །ཡང་དག་པ་དང་དབྱེར་མེད་མཉམ་པ་ཡིན། །དོན་མཚོན་


DNG003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རང་རྟགས་མཉམ་སྦྱར་བས། །སངས་རྒྱས་ཀུན་དང་དགོངས་པ་མཉམ་པ་ཡིན། །རྡོ་རྗེ་སྐྱེ་མེད་རང་རྟགས་མཉམ་པ་འདིས། །སེམས་ཅན་ཁྱོད་ལ་དབང་བསྐུར་བས། །སྐྱེ་མེད་ཡེ་ཤེས་རྟོགས་ནས་སངས་རྒྱས་ཤོག །ཨོཾ་བཛྲ་ཏན་མ་ཀ་ར་ཧཱུཾ། ཆོས་ཉིད་སྟོང་པ་ཡེ་ཤེས་དག་པའི་རྒྱུ། །གསང་སྔགས་ལམ་ལ་སྦྱོར་བ་སྟེ། །སྟོང་ཉིད་བུམ་པ་སྨན་གྱིས་གཏམས། །བདུད་རྩིར་དབང་རྫོགས་དཀྱིལ་འཁོར་རྫོགས་པ་སྟེ། །འཇིག་རྟེན་འདི་ན་ནད་མེད་འཚོ་བ་དང་། །ཕྱི་མ་ཡེ་ཤེས་རྟོགས་ནས་གྲོལ་གྱུར་ཅིག །བདུད་རྩི་དག་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །རྣམ་དག་བདུད་རྩི་ཡེ་ཤེས་དོན་ལྡན་ཤོག །ཨོཾ་ཛྙཱ་ན་ཨཱདྨ་ཀོ྅ཧཾ། སྟོང་པ་ཉིད་དང་ཡེ་ཤེས་ཀྱི། །དབང་བསྐུར་བདག་གིས་བླང་བའི་ཕྱིར། །རྫས་མཆོག་དམ་པ་བདུད་རྩིའི་བུམ་པ་འདི། །སྐྱེ་མེད་དབྱིངས་ནས་ཡེ་ཤེས་མཚོན་པའི་ཕྱིར། །སངས་རྒྱས་ལམ་དང་ཡེ་ཤེས་དག་པའི་ལམ། །ལམ་མཆོག་སྦྱངས་ནས་ཡེ་ཤེས་ལྔ་དང་སྦྱར། །འདུ་འབྲལ་མེད་པའི་རིག་པ་རྟོག་མེད་པར། །དབང་བསྐུར་འཁོར་བའི་ས་ལས་མཐར་ཕྱིན་ནས། །ཡེ་ཤེས་རྟོགས་པའི་དོན་ཆེན་དེ་ཐོབ་ནས། །རིན་ཆེན་ལྷུན་གྱིས་གྲུབ་པའི་ས་ཆེན་དེར། །སྤྲུལ་པ་འགགས་མེད་ཕྱོགས་བཅུར་གསལ་བར་མཛོད། །དེ་ལ་གནས་ནས་སེམས་ཅན་དོན་ལ་སྦྱོར། །དེ་ལྟར་ཡོན་ཏན་ཀུན་ལྡན་བུམ་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །སྟོང་ཉིད་སྙིང་པོ་མཐར་ཕྱིན་ཤོག །ཨོཾ་བཛྲ་བྷི་ཨཱཿཧཱུཾ། ཡེ་ཤེས་རྒྱུ་མཚོན་དག་པའི་རིག་པ་དང་། །གསང་སྔགས་ཀུན་གྱི་ཡེ་ཤེས་མཚོན་པའི་ཕྱིར། །རྫས་ཀྱི་བུམ་པ་སྟོང་ཉིད་དག་པ་འདིས། །གཞོན་ནུ་བུམ་པའི་སྐུ་ལ་མཐར་ཕྱིན་པའི། །རང་བཞིན་མ་འགགས་ཉི་མའི་འོད་བཞིན་གསལ། །ཐུགས་རྗེ་ཀུན་ནས་འགྲོ་བ་ཡོངས་ལ་ཁྱབ། །སྟོང་གསུམ་ལྡན་པས་ཆོས་ཉིད་དག་པའི་དོན། །


DNG003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་དེ་བཞིན་ཉིད་ཀྱི་བུམ་པ་འདི། །དག་པའི་ལམ་མཚོན་བཀྲ་ཤིས་བུམ་པ་དང་། །དག་པའི་དོན་ཉིད་ཡེ་ཤེས་རྣམ་ལྔར་སྦྱར། །རྒྱུ་མཚན་དག་པའི་བཀྲ་ཤིས་བུམ་པ་འདིས། །ཀུན་གྱི་དོན་ཉིད་ཡེ་ཤེས་མཚོན་པའི་ཕྱིར། །དག་པའི་ལམ་དང་ཡེ་ཤེས་གསང་ལམ་དང་། །ལམ་ཆེན་འབྲས་བུའི་དུས་འདིས་མཚོན་པའི་ཕྱིར། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ་ཧྲཱྀཿ། རྣམ་དག་ཡེ་ཤེས་ཐོད་པའི་གཞལ་ཡས་ཁང་། །རིགས་ལྔ་ལྷུན་གྲུབ་ཡེ་ཤེས་ཐོད་པ་འདི། །གང་ཟག་དག་པའི་ཞིང་དུ་ཡཾ་གིས་སྤྱོད། །ཡི་གེ་ཡཾ་ལྡན་གང་དུ་ཡང་བྱུང་རྡོ་རྗེ་ཐོད་པ་སྟེ། །ཡཾ་གྱིས་དེ་བཞིན་མཁའ་ལ་རབ་བསྐྱོད་ནས། །འགྲོ་བ་དབྱིངས་སུ་འདྲེན་མཛད་དབྱིངས་ཀྱི་ཡེ་ཤེས་ཐོད་པ་འདི། །དག་པའི་དོན་ལྡན་གཞལ་ཡས་ཁང་གི་ཚུལ། །རྣམ་དག་དོན་སྤྱོད་རིན་ཆེན་ཐོད་པ་འདི། །དགོས་འདོད་རེ་བ་ཐམས་ཅད་སྐོང་མཛད་པའི། །རིན་ཆེན་ཟུར་བརྒྱད་བཀྲ་ཤིས་ཐོད་པ་འདིས། །སེམས་དང་ཡེ་ཤེས་སོ་སོར་འབྱེད། །རབ་ཏུ་གསང་བྱེད་བཀྲ་ཤིས་ཐོད་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །གཞལ་ཡས་ཁང་དུ་ཡཾ་གིས་བསྐྱོད་གྱུར་ཤོག །ཨོཾ་བཛྲ་བྷནྡ་ཧཱུཾ་ཡཱཾཿ། བསྐྱེད་པའི་ཡེ་ཤེས་མ་ཡིན་ཏེ། །རྫོགས་པ་ཀུན་ལ་ཁྱབ་པའི་དོན། །སངས་རྒྱས་ཀུན་དང་མཉམ་སྦྱར་བས། །ཡི་གེ་འབྲུ་བསྟན་དབྱིངས་སུ་འཁྱིལ། །བྷྲཱུཾ་གྱིས་མ་བསྐྱེད་ཆོས་ཉིད་མཁའ། །ཡེ་ཤེས་དག་པའི་ཐོད་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །དབྱིངས་ལས་ཕྱིར་མི་ལྡོག་པར་ཤོག །ཨོཾ་བྷནྡ་ཛྙཱ་ན་དུ་ཡི་ནི་ཧཱུཾ། ཤེས་རབ་དང་ནི་སྐུ་གསུང་ཐུགས། །ངོ་བོ་འགྱུར་མེད་ཆོས་ཀྱི་དོན། །རང་བཞིན་འགག་མེད་ལོངས་སྐུའི་དོན། །ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འཕྲོ། །སྐུ་གསུམ་དོན་ལྡན་ཡི་གེ་ཨེ། །སྣ་ཚོགས་ཨེ་ཡིས་གཞལ་ཡས་ཁང་། །ཨེ་དང་ལྡན་པའི་ཐོད་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྐུ་གསུམ་འབྲས་བུ་མཐར་ཕྱིན་ཤོག །ཨོཾ་ཨཱཾ་ཏྲཱཾ་ཧཱུཾ་བྷྲཱུཾ་ཕཊ། ཤེས་རབ་དོན་བྱེད་ཡེ་ཤེས་དོན། །རང་རིག་སྒྲོན་མེ་འོད་ཆེན་ལྡན། །ཤེས་རབ་བསྐྱེད་པའི་པོ་ཏི་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །


DNG003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རྟོགས་པའི་དོན་ལྡན་ཤོག །ཨོཾ་པྲཛྙཱ་ཤ་ཡ་ཧཱུཾ། ཧཱུཾ་སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །མ་རྨོངས་ཅི་བཞིན་ཤེས་གྱུར་པའི། །ཕྱི་ནང་སྣང་བའི་ཆོས་རྣམས་ལ། །གང་ལ་ཐོགས་མེད་ཤེས་གྱུར་ནས། །བསམ་གཏན་ལྡན་ཞིང་སྐུ་འབར་དང་། །འགྲོ་བ་ཕ་རོལ་སྒྲོལ་བར་ཤོག །ཨོཾ་བཛྲ་གད་མ་ཧཱུཾ། ཤར་ཉིད་རྡོ་རྗེ་དབྱིངས་ཀྱི་སྒོ། །ཚོམ་བུ་བལྟ་ན་འདི་ལྟོས་ཤིག །ལྷོ་སྒོ་ལོངས་སྤྱོད་རྫོགས་པའི་སྒོ། །ཡེ་ཤེས་བལྟ་ན་འདིར་ལྟོས་ཤིག །ནུབ་སྒོ་སྐུ་ལྔ་མཐར་ཕྱིན་སྒོ། །རིགས་ཉིད་བལྟ་ན་འདིར་ལྟོས་ཤིག །བྱང་སྒོ་རྡོ་རྗེ་སྙིང་པོའི་སྒོ། །རིགས་ལྔ་བལྟ་ན་འདིར་ལྟོས་ཤིག །ཕོ་བྲང་པདྨ་རྣམ་དག་སྐུ། །རང་ལུས་བལྟ་ན་འདིར་ལྟོས་ཤིག །ཨོཾ་མཎྜ་ལ་ཨ་ཧཱུཾ། རང་རྟགས་རྡོ་རྗེའི་དོན་ཉིད་དེ། །དར་དང་འབྲུ་ཡི་རང་རྟགས་ཀྱིས། །འཇིག་རྟེན་འདི་ཡི་བར་ཆད་བསལ་བའི་ཕྱིར། །དབང་རྟགས་རྡོ་རྗེ་ཉིད་དང་འདུ་འབྲལ་མེད། །འཇིག་རྟེན་ལྷ་དང་མཁའ་འགྲོ་རྣམས། །འདི་ལ་བསྲུང་ཞིང་བསྐྱབ་པ་དང་། །དབང་རྟགས་འདི་ནི་མཐོང་བ་ཙམ་གྱིས་ཀྱང་། །བགེགས་རྣམས་བརྒྱལ་ཞིང་གཞན་དུ་འབྲོས། །ཡམས་དང་རིམས་ནད་ཀུན་ལས་ཐར་པ་དང་། །དབང་རྟགས་འདི་ཡིས་རབ་ཏུ་བསྐྱབ་པའི་ཕྱིར། །གནོད་སྦྱིན་རྣམས་དང་གསང་བའི་རིགས་རྣམས་དང་། །དེ་བཞིན་མཁའ་འགྲོའི་རིགས་དང་ནི། །པདྨ་དང་ནི་དེ་བཞིན་ལས་ཀྱི་རིགས། །ས་དང་བར་སྣང་གནས་པ་དང་། །རི་རབ་དང་ནི་མཚོ་ལ་གནས། །མཁའ་འགྲོ་དང་ནི་བཅས་པ་ཡིས། །འདི་ལ་སྐུ་ཡི་བསྲུང་བར་གྱིས། །ནད་དང་ཡམས་ལས་ཐར་པར་མཛོད། །དབང་རྟགས་འདི་ཉིད་བཏགས་པ་ཡིས། །ལམ་ཆེན་ལྔ་པོ་བསྟན་པར་གྱིས། །རྡོ་རྗེ་དོན་དང་འབྲལ་བ་མེད་པ་དང་། །ཡང་དག་ས་ལ་དེ་བཞིན་གནས་པ་དང་། །གསང་


DNG003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀུན་གྱི་དགོངས་པ་ལོན་པར་ཤོག །ཨོཾ་བཛྲ་དུཥྚན་སརྦ་སྭཱ་ཧཱ་ན་ཧཱུཾ། ལས་ཀྱི་རིགས་ཀྱི་གསང་མཚན་གང་ཡིན་པས། །སེམས་དཔའ་ལས་ཀྱི་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །རིན་ཆེན་རིགས་ཀྱི་གསང་མཚན་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །པདྨ་རིགས་ཀྱི་གསང་མཚན་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །རྡོ་རྗེ་རིགས་ཀྱི་གསང་མཚན་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །དེ་བཞིན་རིགས་ཀྱི་གསང་མཚན་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །དེ་ལ་སོགས་པའི་བདེ་གཤེགས་ཐམས་ཅད་ཀྱི། །གསང་མཚན་དམ་པ་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུཌྜྷ་སྟྭཾ། དེ་ལྟར་དབང་རྣམས་རྫོགས་པར་བྱ། །དེ་ནི་ཕྱི་དབང་རྫས་ཀྱིས་བསྐུར། །ལེགས་པར་བཤད་ཅིང་བཀྲོལ་བའོ། །རྫོགས་པ་ཆེན་པོའི་ལུང་བསྟན་པས། །ཏིང་ངེ་འཛིན་ལས་མ་ཡེངས་པར། །ཏིང་འཛིན་བརྟན་ན་དངོས་གྲུབ་འཐོབ། །ཅེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཁྲོ་བོའི་རིགས་ཀྱི་དབང་བསྐུར་བའི་ལེའུ་སྟེ་བཅུ་བདུན་པའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། རཏྣ་ཨཱ་ཡུརྫྙཱ་ན་པྲི་ཏི་ནཱ་མ། བོད་སྐད་དུ། ཚེ་དབང་རིན་པོ་ཆེ་ཡེ་ཤེས་ཀྱི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་པདྨའི་སྐུ་ལ་ཚེ་དཔག་མེད་ཀྱིས་བསྐོར་ཏེ། འདི་སྐད་ཅེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་དབང་ཕྱུག་ཆེ། །ཀླུ་འདུལ་དབང་གི་རྒྱལ་པོ་ཉིད། །ཚེ་དང་ཡེ་ཤེས་ལྷུན་རྫོགས་པས། །ཚེ་དབང་དབང་ཆེན་བདག་གིས་སྨྲ། །དཔའ་བོ་ཉིད་ཀྱིས་གནང་བར་མཛོད། །དེ་ནས་དབང་གི་རྒྱལ་པོ་ཡིས། །ཚེ་མཆོག་ཉིད་ལ་ལུང་བསྟན་ཏེ། །ཀྱེ་ཀྱེ་ཚེ་མཆོག་རིན་ཆེན་ཕྲེང་། །ཁྱོད་ཀྱིས་ལེགས་པར་ཚེ་མཆོག་སྨྲོས། །དེ་ནས་ཉིད་ཀྱིས་རབ་ཏུ་སྨྲས། །ཚེ་དབང་རིན་ཆེན་སྐུར་བྱེད་ན། །འདི་ལྟར་ལས་རྣམས་རྫོགས་པར་བྱ། །ཤིན་ཏུ་དབེན་པའི་གནས་དག་ཏུ། །དཀྱིལ་འཁོར་མདའ་གང་གྲུ་བཞི་སྟེ། །


DNG003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་རྣམས་གཞུང་དང་མཐུན་པ་སྟེ། །ཚོན་རྣམས་བྱིན་གྱིས་བརླབ་བྱ་སྟེ། །ཚོན་རྣམས་རབ་ཏུ་དགྱེ་བར་བྱ། །དབུས་སུ་གྲུ་བཞི་ལམ་པ་སྟེ། །ཕྱི་རིམ་དག་ནི་ཟླུམ་པོར་བྱ། །དེ་ཡི་ཕྱི་རིམ་གྲུ་བཞི་སྟེ། །སྒོ་དང་བཅས་པར་རབ་ཏུ་བཤད། །ཕྱི་རིམ་ཟླུམ་པོ་རྡོ་ར་བཅས། །དེ་ལྟར་དཀྱིལ་འཁོར་གསལ་བྲིས་ལ། །དགོད་པའི་རྫས་ནི་འདི་ལྟ་སྟེ། །བུམ་པ་མཛེས་པར་དཀར་གསུམ་སྟེ། །དར་དམར་དག་གིས་མགུལ་ཆིངས་ཏེ། །སྣ་ཚོགས་འབྲུ་ཡི་གདན་ལ་བཞག །འབྲས་ཆང་དག་ནི་ནང་དུའོ། །ཤ་དང་མར་དང་བུ་རམ་དང་། །ཁ་ཟས་རོ་ཞིམ་སྣ་ཚོགས་གཞུག །དེ་ཡི་སྟེང་དུ་བཞག་པའི་རྫས། །ཚེ་ཡི་འབྲང་རྒྱས་མཛེས་པ་ལ། །ཁ་ཟས་རོ་ཞིམ་རྣམས་ཀྱིས་བརྒྱན། །བྱ་རྒོད་སྒྲོ་ཡང་གཟུག་པ་སྟེ། །དར་སྣ་མེ་ལོང་མདའ་ལ་བཏག །མདའ་དེ་ཉིད་ལ་བཏག་པའི་རྫས། །སྐུད་པ་དམར་པོ་སུམ་བསྒྲིལ་ལ། །སྣ་ཚོགས་དར་གྱི་འཕུར་ལྕེ་གདགས། །སྲིན་ལག་བཟུང་ལ་གསང་སྔགས་བཟླས། །གྲུ་བཞི་ཕྱོགས་དང་མཚམས་ཉིད་དུ། །ཚེ་ཡི་འབྲང་རྒྱས་མཛེས་པ་རེ། །མདའ་དང་བཅས་པ་གདགས་པར་བྱ། །སྒོ་བཞིར་མདའ་དང་མེ་ལོང་སྟེ། །གྲུ་བཞིར་རལ་གྲི་རེ་རེའོ། །དེ་ལྟར་དཀྱིལ་འཁོར་རྫས་བཀོད་ལ། །རས་དཀར་གཙང་མའི་ཡོལ་བ་བྱ། །སྟེང་ན་གདུགས་ཀྱང་རབ་ཏུ་བཤད། །མཆོད་པའི་རྫས་ནི་རྫོགས་པར་བྱ། །བདག་ཉིད་དབང་ཆེན་ཏིང་འཛིན་བརྟན། །ཡི་གེ་ནྲྀ་ནི་འོད་འབར་བས། །སློབ་མ་ཚེ་དཔག་མེད་པར་བསམ། །བདག་ཉིད་དབང་ཆེན་བྱིན་བརླབས་ལས། །སངས་རྒྱས་སྐུ་ནི་གྲངས་མེད་བསམ། །སྐུ་དེ་འོད་དུ་གསལ་བ་དང་། །བདག་དང་སློབ་མའི་བར་ཉིད་དུ། །ཡི་གེ་ཨཱཿདཀར་དགུ་ཡང་བསམ། །རྒྱུན་ཆད་མེད་པའི་འོད་དཀར་བསམ། །དེ་ལྟར་ཨཱཿཉིད་གནས་པ་ལས། །ཨཱཿཨཱཿཞེས་ནི་དགུ་བརྗོད་པས། །འོད་ཟེར་དམར་པོ་འོད་འབར་ཏེ། །སློབ་མའི་ལུས་ལ་ཐིམ་པར་བསམ། །


DNG003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་ཚེ་དབང་ཐོབ་པར་བསམ། །གསང་སྔགས་ཚེ་ཡི་དབང་ཐོབ་ཕྱིར། །ཡི་གེ་ཨཱཿདམར་འོད་འཕྲོས་བསམ། །ཡི་གེ་དེ་དག་རེ་རེ་ལས། །ཚེ་དཔག་མེད་པ་རེ་རེ་བསམ། །ཚེ་དཔག་མེད་པའི་སྐུ་མདོག་ནི། །དམར་སྐྱ་མཛེས་པ་རྒྱན་ལྡན་ཏེ། །དཔེར་ན་མཚལ་ཉིད་བཟང་པོ་ལ། །ཁ་བ་དག་ནི་བབ་པ་ལྟར། །དམར་སྐྱ་འོད་ཟེར་འབར་བར་བསྒོམ། །གཡས་ན་ཚེ་ཡི་བུམ་པ་སྟེ། །གཡོན་ན་རིན་ཆེན་འོད་འབར་རོ། །ཡང་ན་སྐུ་མདོག་འདི་ལྟ་སྟེ། །སྐུ་སྟོད་སེར་ལ་འོད་ཟེར་འབར། །ལྟེ་བ་མན་ཆད་ལྗང་གུ་སྟེ། །ཕྱག་མཚན་གོང་དང་མཐུན་པའོ། །དེ་ལྟར་གསལ་བར་རྣམ་པར་བསྒོམ། །ཚེ་ལ་སོགས་པའི་རྫས་རྣམས་ཀྱང་། །འོད་དང་ཁ་དོག་དཀར་ལ་དམར། །སྔགས་པ་དབང་ཆེན་དག་གིས་ཀྱང་། །དཀྱིལ་འཁོར་དེ་ཡི་ཤར་ཉིད་དུ། །གོས་ནི་དམར་པོ་གྱོན་བྱས་ཏེ། །ཁ་ནི་ནུབ་ཕྱོགས་དག་ཏུ་བལྟ། །མཆེད་རྣམས་ཀུན་གྱི་སྔགས་འདིའོ། །ཨོཾ་ཨཱཿཧཱུཾ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བཛྲ་དྷྲིཀ་ཛ་ཧཱུཾ་སྭཱ་ཧཱ། སྔགས་དེ་ཀུན་གྱིས་བརྗོད་པར་བྱ། །སྔགས་ཀྱི་འོད་ཟེར་དམར་པོར་བསམ། །ཆོས་ཀྱི་སྐུ་དང་དབྱེར་མེད་ཕྱིར། །ལྷ་དང་དབྱེར་མེད་ཏིང་འཛིན་ཏེ། །ཨཿདང་དབྱེར་མེད་གནས་པར་བསྒོམ། །ཆོས་ཉིད་འོད་དང་སྐུ་ལྟར་འཕྲོ། །སྐྱེ་བ་མེད་ལ་འཆི་མེད་སྟེ། །འཆི་མེད་རྡོ་རྗེ་ཐོབ་བྱའི་ཕྱིར། །ཚེ་དབང་རིན་ཆེན་རྒྱས་པར་བསྟན། །ཚེ་དབང་རིན་ཆེན་རབ་རྫོགས་ཏེ། །ཚེ་ཡི་རང་བཞིན་ཡི་གེ་ཡུ། །སྐུ་ཡི་རང་བཞིན་ཡི་གེ་ཨཱཿ། །ཨཱཿདང་ཡུཿཡི་མངོན་གསལ་བས། །ཚེ་དབང་ཆེན་པོ་རྫོགས་པར་བཤད། །དེ་ལྟར་ཏིང་འཛིན་མ་ཡེངས་ན། །ཚེ་དབང་དངོས་གྲུབ་ཐོབ་པ་སྟེ། །ཚེ་དང་ཡེ་ཤེས་རབ་གསལ་བས། །ཚེ་དབང་དཀྱིལ་འཁོར་ཉིད་ཀྱང་འཐོབ། །དེ་ལྟར་ཚེ་ཡི་ལས་རྫོགས་ནས། །ཚེ་ཉིད་འགུགས་པའི་ཕྲིན་ལས་བྱ། །ཧཱུཾ་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ཡིད་འཕྲོགས་ཆེན་མོ་སྟེ། །ཚེ་དབང་དཀྱིལ་


DNG003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྟོན་མཛད་མ། །ཤར་གྱི་ཕྱོགས་ནས་ཚེ་ཁུག་ལ། །རྣལ་འབྱོར་བདག་ལ་ཚེ་དབང་སྩོལ། །ཧཱུཾ་ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ཡིད་འཕྲོག་ཆེན་མོ་སྟེ། །ཚེ་ལ་དབང་བའི་རིག་འཛིན་གྱི། །ཚེ་ཁུག་གནས་འདིར་གཤེགས་སུ་གསོལ། །ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ལ། །རྣལ་འབྱོར་བདག་ལ་ཚེ་དབང་སྩོལ། །ཧཱུཾ་ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ཡིད་འཕྲོག་ཆེན་མོ་སྟེ། །ཚེ་དང་བཀྲག་ལ་དབང་བསྒྱུར་མ། །ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ལ། །རྣལ་འབྱོར་བདག་ལ་ཚེ་དབང་སྩོལ། །ཧཱུཾ་བྱང་གི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ཡིད་བསྐྱོད་ཆེན་མོ་སྟེ། །ཚེ་དང་རྫས་ལ་དབང་བསྒྱུར་མ། །བྱང་གི་ཕྱོགས་ནས་ཚེ་ཁུག་ལ། །རྣལ་འབྱོར་བདག་ལ་ཚེ་དབང་སྩོལ། །ཧཱུཾ་དབུས་ཀྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་སྣ་ཚོགས་འབྱུང་མ་སྟེ། །ཕྱོགས་སྐྱོང་བཅུ་ཡི་ལག་པ་ནས། །ཚེ་ཁུག་རྣལ་འབྱོར་བདག་ལ་སྩོལ། །དེ་ལྟར་བརྗོད་ཅིང་ཏིང་འཛིན་གསལ། །ཚེ་རྣམས་འཕེལ་བར་བྱེད་པ་ཡི། །ཆོ་ག་འདི་ནི་རབ་ཏུ་བརྗོད། །ཧཱུཾ་ཤར་ཕྱོགས་ཚེ་ཡི་མངའ་བདག་མོ། །སྐུ་མདོག་དཀར་སེར་འོད་ཟེར་འཕྲོ། །ཆིབས་སུ་འབྱུང་བ་ས་ལ་བཅིབས། །ཕྱག་ན་རྡོ་རྗེ་ཚེ་བུམ་འཛིན། །ཤར་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད། །རྡོ་རྗེའི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ་ལྷོ་ཕྱོགས་ཚེ་ཡི་མངའ་བདག་མོ། །སྐུ་མདོག་དམར་སེར་འོད་ཟེར་འབར། །ཆིབས་སུ་འབྱུང་བ་ཆུ་ལ་བཅིབས། །ཕྱག་ན་རིན་ཆེན་ཚེ་ཡི་བུམ་པ་བསྣམས། །ལྷོ་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད། །རིན་ཆེན་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །ནུབ་ཕྱོགས་ཚེ་ཡི་མངའ་བདག་མོ། །སྐུ་མདོག་དམར་པོ་དབང་གི་སྐུ། །ཆིབས་སུ་འབྱུང་བ་མེ་ལ་བཅིབས། །ཕྱག་ན་པདྨ་ཚེ་བུམ་བསྣམས། །ནུབ་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །པདྨ་ཚེ་ཡི་དཀྱིལ་འཁོར་རྒྱས་པར་མཛོད། །པདྨ་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །བྱང་ཕྱོགས་ཚེ་ཡི་མངའ་བདག་མོ། །


DNG003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་ལྗང་ནག་འབར་བའི་སྐུ། །ཆིབས་སུ་འབྱུང་བ་རླུང་ལ་བཅིབས། །ཕྱག་ན་ལས་གྲུབ་ཚེ་ཡི་བུམ་པ་བསྣམས། །བྱང་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །ལས་གྲུབ་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །དབུས་ཀྱི་ཕྱོགས་ནས་བཅོམ་ལྡན་ཚེ་ཡི་མངའ་བདག་མོ། །སྐུ་མདོག་མཐིང་ནག་འགྱུར་བ་མེད། །ཆིབས་སུ་ནམ་མཁའི་འཇའ་ཚོན་བཅིབས། །ཕྱག་ན་བདུད་རྩི་ཚེ་ཡི་བུམ་པ་བསྣམས། །དབུས་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །བདུད་རྩི་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །ཚེ་མཆོག་དཀྱིལ་འཁོར་དབབ་ཏུ་གསོལ། །ཚེ་ཡི་དབང་ཉིད་བསྐུར་བར་བྱ། །དབང་བསྐུར་གནས་སུ་ཡང་དག་སྟེ། །ཏིང་འཛིན་རབ་ཏུ་རྫོགས་བྱས་ཏེ། །རབ་ཏུ་གསང་བའི་ལས་གང་ཡང་། །གསུམ་དང་རྒྱུ་ཡི་ཡང་དག་སྟེ། །བསྡུ་དང་དམིགས་པ་གསལ་བར་བྱ། །སྐུ་གསུང་ཐུགས་ལ་གཟུང་བར་བྱ། །གནས་སུ་བཞག་པ་འདི་སྐད་དོ། །བཅོམ་ལྡན་རིགས་བཞིའི་སངས་རྒྱས་དང་། །རིགས་བཞིའི་ལྷ་མོ་འཁོར་དང་བཅས། །སེམས་དཔའ་དང་ནི་སེམས་མ་དང་། །བདེ་གཤེགས་ཡབ་ཡུམ་འཁོར་དང་བཅས། །དབང་བསྐུར་གནས་འདིར་གཤེགས་སུ་གསོལ། །དབང་བསྐུར་གནས་འདིར་གཤེགས་ནས་ཀྱང་། །སེམས་ཅན་འདི་ལ་དབང་ཞིག་བསྐུར། །ལོངས་སྤྱོད་རྫོགས་སྐུ་རྡོ་རྗེའི་སྐུ། །ཚེ་དབང་འདི་ལ་བསྐུར་དུ་གསོལ། །དཀྱིལ་འཁོར་འཁོར་ལོའི་ལྟེ་བ་ནས། །བཅོམ་ལྡན་ཚེ་དཔག་མེད་པ་ནི། །སྐུ་ལ་རིན་ཆེན་ཚེ་ཡི་བེར་ཆེན་གསོལ། །ཕྱག་ནས་རིན་ཆེན་ཚེ་ཡི་དངོས་གྲུབ་སྩོལ། །ཞལ་ནས་རིན་ཆེན་ཚེ་ཡི་འོད་ཟེར་འཕྲོ། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །སེམས་ཅན་འདི་ལ་དབང་སྐུར་ཅིག །དབང་གི་དཀྱིལ་འཁོར་བརྟན་པར་མཛད་དུ་གསོལ། །བཅོམ་ལྡན་འཁོར་དང་བཅས་པ་ཡིས། །སེམས་ཅན་ལས་ནི་སད་མ་ལ། །རིན་ཆེན་ཚེ་ཡི་དཀྱིལ་འཁོར་སྤེལ་བའི་ཕྱིར། །ལོ་བརྒྱ་
འཚོ་དང་སྟོན་བརྒྱ་མཐོང་། །ཚེ་ལ་དབང་བའི་རིག་འཛིན་གྱི། །དངོས་གྲུབ་ཆེན་པོ་ཐོབ་པར་ཤོག །ཨོཾ་བུཌྜྷ་ཨཱ་ཡུར་ཛྙཱ་ན་ཧཱུཾ། བཛྲ་ཨཱ་ཡུརྫྙཱ་ན་བྷྲཱུཾ་ཏྲཱཾ། རཏྣ་ཨཱ་ཡུརྫྙཱ་ན་ཨེ། པདྨ་ཨཱ་ཡུརྫྙཱ་ན་ཨཱ། ཀརྨ་ཨཱ་ཡུརྫྙཱ་ན་ཧཱུཾ་ཧྲཱྀཿ། དེ་ལྟར་སྔགས་དང་ཏིང་འཛིན་གསལ། །ཚེ་དང་ཡེ་ཤེས་གསལ་སྣང་བས། །ལྷུན་རྫོགས་བྱང་ཆུབ་སེམས་སུ་སྣང་། །ཚེ་དང་ཡེ་ཤེས་རྒྱས་པའི་སྐུ། །མི་འགྱུར་ཚེ་ཡི་དངོས་གྲུབ་སྟེ། །རྡོ་རྗེ་ཚེ་ཡི་ལས་རྣམས་འགྲུབ། །འགྱུར་མེད་ཚེ་དབང་ཐོབ་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཚེ་དབང་བསྐུར་བའི་ལེའུ་སྟེ་བཅོ་བརྒྱད་པའོ། །རྫོགས་སོའོ།། །།


previousཁྲོ་བོ་ཐམས་ཅད་རང་བཞིན་དུ་དབང་བསྐུར་བའི་ལུང་། next