Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བཞི་པ།

64 occurrences of དེའི་འོག་ཏུ་
[Clear Hits]


  
  
  
  
  
  
  
collapse section
  
  
  
  
  
  
  
  
  
  
 
  
རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ།  ཤྲཱི་ཨུ་མ་པ་ཏི་དཏྟ།
 
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
collapse section
  
 
  
  
  
 
 collapse section
  
  
  
  
 collapse section
  
  
  
  
  
  
  
  
  
  
 collapse section
  
  
  
  
  
  
  
 collapse section
  
  
  
  
 collapse section
  
  
  
  
  
  
  
60  collapse section
34  collapse section
22   
 
 
 
16  collapse section
 
  
 
 
collapse section
  
  
 
 
collapse section
 
  
 
  


64 occurrences of དེའི་འོག་ཏུ་
[Clear Hits]

 
previousརྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། ཤྲཱི་ཨུ་མ་པ་ཏི་དཏྟ།next

རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ།
ཤྲཱི་ཨུ་མ་པ་ཏི་དཏྟ།


DTG024_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྣམ་པར་རྟོག་པའི་ཞགས་པས་བཅིངས་པ་གཅོད་བྱེད་མ། །དཔལ་ལྡན་རྡོ་རྗེ་ལྷ་མོའི་ཞབས་ཀྱི་པདྨ་ལ་ཕྱག་འཚལ། །དེ་ཡིས་ཇི་ལྟར་གསུངས་པའི་མན་ངག་གདམས་ངག་རྣམས། །རྣམ་པར་གནོན་པའི་སྡེ་ལྡན་དོན་དུ་སྒྲུབ་ཐབས་བྲི། །འཇིགས་པའི་དུར་ཁྲོད་དང་ནི་རི་བོའི་རྩེ་ཉིད་དམ། །ཆུ་བོ་དང་ནི་རྒྱ་མཚོ་དག་གི་འགྲམ་དག་གམ། །དེ་ལྟར་གཞན་ཡང་ཡིད་དུ་འོང་བའི་གནས་རྣམས་སུ། །རང་འདོད་བསྒྲུབ་ཕྱིར་སྦྱོར་བ་འདི་ཉིད་བསྒོམ་པར་བྱ། །སྙིང་གར་པད་དབུས་པཾ་ཡིག་བལྟ་བར་བྱ་བ་ནི། །མེ་ཏོག་བནྡྷུ་ཛི་བའི་རྣམ་པ་ལྟ་བུ་སྟེ། །དེ་ཡི་འོད་ཟེར་སྤྲོས་པས་ནམ་མཁའ་ལ་གནས་པ། །བདེ་གཤེགས་ལ་སོགས་ཚོགས་རྣམས་ཀུན་དུ་གང་བ་བལྟ། །ཐུགས་ཀའི་ས་བོན་འོད་ཟེར་ལས་བྱུང་སྣ་ཚོགས་པས། །མེ་ཏོག་སོགས་ཀྱིས་ལྷ་རྣམས་ཡང་དག་མཆོད་པ་དང༌། །མཆོད་པ་བདུན་གྱི་བྱེ་བྲག་རྒྱལ་བས་གསུངས་བཞིན་བྱ། །ཚངས་པའི་གནས་བཞི་རྣམས་ཀྱང་བསམ་པར་བྱ་བའོ། །འདི་ནི་དེ་ལྟར་སྡིག་པ་བཤགས་པ་ལ་སོགས་རྣམས། །དེ་བཞིན་ངེས་པར་རིམ་པ་ཇི་ལྟ་བ་བཞིན་དུ། །བདག་གིས་སྡིག་པ་བགྱིས་པར་གྱུར་པ་མ་ལུས་པ། །ཁྱེད་རྣམས་ཀུན་གྱི་སྔོན་དུ་སོ་སོར་བཤགས་པར་བགྱི། །བླ་མ་ལ་སོགས་རྣམས་ཀྱིས་བསོད་ནམས་བགྱིས་པ་གང༌། །དེ་རྣམས་མ་ལུས་ཀུན་ལ་རྗེས་སུ་ཡི་རང་ངོ༌། །བྱ་བ་བྱས་པ་བྱེད་པར་འགྱུར་བ་གང་དག་རྣམས། །དགེ་བ་དེས་ནི་སེམས་ཅན་མ་ལུས་རྒྱལ་བར་སྨོན། །དཀོན་


DTG024_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་གསུམ་ལ་ངེས་པར་ཡང་དག་སྐྱབས་སུ་མཆི། །འགྲོ་བ་བདེ་ལ་འགོད་ཕྱིར་ཆོས་ནི་རྒྱལ་པོར་འགྱུར། །རྒྱལ་བ་རྣམས་ཀྱི་ལམ་ལ་ཡང་དག་གནས་པར་བགྱི། །མགོན་པོ་བཞེས་ཤིག་བདག་གི་ལུས་ནི་དབུལ་ལགས་ཀྱི། །ཇི་ལྟར་འཇིག་རྟེན་པ་ཡི་རང་གི་བུ་ཉིད་ཀྱིས། །བྱ་བ་བརྩེ་དང་ལྡན་པས་ངེས་པར་བྱེད་པ་ལྟར། །དེ་ལྟར་གཞན་གྱི་བུ་ཉིད་རྣམས་ལ་དེ་བཞིན་དུ། །བྱམས་པ་དེ་ཡིས་ཞེ་སྡང་ཉམས་པ་བྱམས་པའོ། །སྡུག་བསྔལ་རྒྱུ་ལས་བྱུང་བའི་སྡུག་བསྔལ་རང་བཞིན་ལས། །འཇིག་རྟེན་མ་ལུས་རབ་ཏུ་གདོན་པར་འདོད་པ་ཡིས། །སྲོག་གཅོད་ལས་དང་མི་མཐུན་ཕྱོགས་ཀྱི་བསམ་པ་ཡི། །འགྲོ་ལ་སྙིང་རྗེ་རྣམ་པར་བསམ་པར་བྱ་བའོ། །སེམས་ཅན་བགྲང་བར་མི་ནུས་གདོན་གྱིས་མི་ལང་བ། །འདི་ལྟར་མི་ནུས་སེམས་དཔའ་འཇོམས་པར་ནུས་པ་ཡིས། །སྲོག་ཆགས་སངས་རྒྱས་ཡིན་ནོ་ཞེས་པ་གོ་བྱས་པས། །ཡང་དག་སྐྱེས་པའི་བརྩོན་འགྲུས་དགའ་བར་འགྱུར་པའོ། །འདི་ནི་བདག་གི་འདི་ནི་བདག་གོ་ཞེས་སྐྱེས་པའི། །ད་ལྟའི་སེམས་ཉིད་དེ་དང་དེ་ནི་གཏི་མུག་སྟེ། །དེ་ཉིད་ཉམས་པར་བྱེད་པ་ཡོངས་སུ་འཛིན་པ་རྣམས། །དེ་ལྟར་ཡོངས་སུ་སྤང་བ་བསམ་པ་བཏང་སྙོམས་སོ། །རྟེན་ཅིང་འབྲེལ་བ་ལས་བྱུང་ཆུ་ཟླ་དང་མཚུངས་པར། །ཕྱི་དང་ནང་དག་བརྫུན་པར་བལྟས་པར་བྱས་པ་དང༌། །སྭ་བྷཱ་བ་ཤུདྡྷཱ་ལ་སོགས་པའི་སྔགས་བཟླས་ནས། སྔགས་པས་སྟོང་པ་ཤིན་ཏུ་རྟོགས་པར་བྱ་བ་སྟེ། དེ་དག་གི་སྔགས་གཉིས་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦྦ་དྷརྨཱཿ་ས་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ། གཞན་ཡང་དེ་ལ་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་ཉིད། །འོད་ཟེར་ཀུན་དུ་སྤྲོ་ཞིང་འབར་བ་བལྟ་བར་བྱ། །དེ་ལས་ས་གཞི་དེ་ནས་གཞན་ཡང་ར་བ་དང༌། །བླ་རེ་མདའ་ཡི་དྲ་བ་རྣམས་ནི་བལྟ་པར་བྱ། །ཤར་དང་བྱང་ལ་སོགས་པའི་རིམ་བཞིན་ཕྱོགས་རྣམས་ལ། །གནོད་མཛེས་ལ་སོགས་སྔགས་བཞིས་དགོད་པར་བྱས་པ་དང༌། །དེ་ཡི་འོད་ཟེར་ཚོགས་ལས་རབ་ཏུ་བྱུང་བ་ཡིས། །ཕྱི་རུ་རབ་བཞི་རྣམས་བསྒོམ་པར་བྱ་བའོ། །བྱ་རོག་


DTG024_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གདོང་ལ་སོགས་པའི་ལྷ་མོ་བརྒྱད་རྣམས་ནི། །གནོད་མཛེས་ལ་སོགས་རྣམས་ལས་རབ་ཏུ་སྤྲོ་བྱ་སྟེ། །བདུད་རྣམས་ཧཱུཾ་ལས་བྱུང་བའིའོ་བས་བརྒྱད་བཀུག་བྱས་ལ། །སྔགས་རྣམས་བརྗོད་ལ་གདབ་ཅིང་བརྡུང་བར་བྱ་བའོ། །ར་བ་དེ་ཉིད་ནང་ན་དུར་ཁྲོད་ཡང་དག་གནས། །དབུས་སུ་གནས་པ་སྟེང་གི་རང་བཞིན་ཡངས་པ་ལ། །སྟོན་ཀའི་ཟླ་བ་དང་མཚུངས་གྲུ་གསུམ་ཡང་དག་བལྟ། །ཆོས་ཀྱི་འབྱུང་གནས་དབུས་ན་ཆུ་སྐྱེས་དང་ལྡན་པ། །དེ་ཡི་དབུས་སུ་ཟླ་བ་ཉི་མ་རིམ་པས་གནས། །དབུས་སུ་སྟན་ལ་གནས་པའི་འོད་ཟེར་འཕྲོ་བ་ཡི། །ས་བོན་བཾ་ཡིག་ཕྱི་རུ་ཤིན་ཏུ་དག་པ་ལ། །གསལ་བ་ཇི་ལྟ་བ་བཞིན་རབ་ཏུ་བསྒོམ་པར་བྱ། །ས་བོན་ལས་བྱུང་འོད་ཟེར་དཔག་མེད་འཕྲོས་པ་ཡིས། །སྐྱེ་བོ་མ་ལུས་བྱང་ཆུབ་སྣོད་དུ་མཛད་འགྱུར་བས། །སླར་ཡང་ས་བོན་དེ་ཉིད་ལས་ནི་རྣལ་འབྱོར་མས། །མ་ལུས་པ་རྣམས་འདུས་པར་ཡང་དག་བསྒོམ་བྱའོ། །ཟླ་བ་ཉི་མས་ས་བོན་ལས་བྱུང་སྤྱན་གསུམ་མ། །གུར་གུམ་དང་འདྲ་ཕྱག་གཉིས་ཞལ་གཅིག་མ་ཉིད་ཀྱིས། །འཇིགས་བྱེད་དུས་མཚན་མ་ནི་གན་རྐྱལ་བསྒྱེལ་བ་ཡི། །གཡས་བརྐྱང་ཞབས་ཀྱིས་མགོ་དང་ནུ་མར་རབ་ཏུ་མནན། །ཕྱག་གཡོན་སྟེང་དུ་བསླང་བས་པ་ད་སྣོད་བཟུང་བ་ལས། །རྒྱུན་དུ་འབབ་པའི་ཁྲག་ཉིད་རབ་ཏུ་འཐུང་བར་མཛད། །གཡོན་པ་ལས་གཞན་གྲི་གུག་དང་བཅས་ཤིང་ལོ་འདྲ། །སྡིགས་མཛུབ་ས་གཞིར་མཛད་པས་སྡང་བའི་ཚོགས་རྣམས་འཇོམས། །གཡོན་པའི་ཕྱོགས་སུ་ཁ་ཊྭཱཾ་ག་ཡིས་ཡང་དག་མཛེས། །མི་མགོ་ཁྲག་འཛག་པ་རྣམས་ཀྱིས་ནི་རབ་ཏུ་འཕྱང༌། །གཡེར་ཁ་སིལ་སིལ་སྒྲ་སྒྲོགས་པ་ཡིས་རྐང་གདུབ་ལྡན། །ཞལ་ཉིད་མཆེ་བ་དག་ནི་རབ་ཏུ་གཙིགས་པར་མཛད། །དབུ་སྐྲ་རབ་ཏུ་གྲོལ་བར་ཡང་དག་གནས་པ་ལ། །སྣ་ཚོགས་རྡོ་རྗེས་དབུ་ཡི་སྟེང་ནས་མནན་པར་མཛད། །རྡོ་རྗེ་ཕྲེང་བའི་དབུས་སུ་ཐོད་པའི་ཟེ་འཕྲོ་ལྔ། །དེ་དང་བཅས་པའི་རྒྱན་གྱིས་དཔྲལ་བར་ཡང་དག་སྤྲས། །འཁོར་ལོ་རྣ་ཆ་ཡིད་དུ་འགྲོ་བའི་མགུལ་རྒྱན་དང༌། །མཛེས་པའི་ལག་གདུབ་དག་དང་སྐ་རགས་ཉིད་དག་དང༌། །དཔྲལ་བ་དང་ནི་མགྲིན་པ་རྣམས་དང་ནི། །ལག་མགུལ་གཉིས་དང་རྐེད་པ་དག་དང་བཅས་རྣམས་


DTG024_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱན། །འོད་ཟེར་ཚོགས་ཀྱིས་ཁམས་གསུམ་མ་ལུས་ཁྱབ་པར་མཛད། །ཤིན་ཏུ་གཞོན་པའི་ཆ་ལུགས་ཡང་དག་བཟུང་སྟེ་གནས། །བདེ་བ་ཆེན་པོའི་རོ་ཡིས་ཡང་དག་གང་བ་ཡི། །བཅོམ་ལྡན་འདས་མའི་སྐུར་ནི་བདག་ཉིད་བསྒོམ་པར་བྱ། །དེ་ནས་ལྟེ་བ་དང་ནི་སྙིང་ག་ཁ་རྣམས་དང༌། །མགོ་དང་སྤྱི་གཙུག་དག་དང་ལུས་རྣམས་མ་ལུས་ལ། །སྔགས་རྣམས་མ་ལུས་པ་ཡི་གོ་ཆ་བགོ་བྱས་ལ། །ཡེ་ཤེས་སྤྱན་དྲངས་ནས་ནི་དམ་ཚིག་ལ་གཞུག་བྱ། །སྙིང་ག་ལ་གནས་ཟླ་སྟེང་བཾ་གྱི་འོད་ཟེར་ལས། །མེ་ཏོག་ལ་སོགས་དཔག་ཏུ་མེད་པས་མཆོད་བྱས་ལ། །ནམ་མཁའ་ལ་གནས་དམ་ཚིག་པ་ལ་གཞུག་པ་ནི། །མར་ལ་མར་ཞུགས་ལྟར་རམ་ཆུ་ལ་ཆུ་ཞུགས་ལྟར། །ནམ་མཁའ་གནས་པས་སྔགས་བརྗོད་ནས་ནི་དབང་བསྐུར་རོ། །དེ་བཞིན་གཤེགས་པ་ལ་སོགས་རྣམས་ཀྱང་བལྟ་བྱས་ནས། །ལྷག་མ་ཅུང་ཟད་ནུས་པའི་ཐིག་ལེ་ལས་བྱུང་བ། །རྣམ་པར་སྣང་མཛད་གཙུག་ཏོར་ཉིད་དུ་བལྟ་བར་བྱ། །ནམ་མཁའ་ལ་གནས་ལྷ་མོ་རྣམས་ཀྱིས་མཆོད་པ་དང༌། །བསྟོད་པ་རྣམས་ཀྱིས་ཀྱང་ནི་ཕག་མོ་ཚིམ་པར་བལྟ། །གསུང་བར་འགྱུར་བའི་རིམ་པས་དག་པར་བྱས་པ་ཡི། །བདུད་རྩི་རྣམས་ནི་ཡང་དག་མྱང་བར་བྱས་པ་དང༌། །ཕྱོགས་བཞི་རྣམས་སུ་འོད་ཟེར་དཔག་མེད་སྤྲོས་པ་ཡིས། །འགྲོ་བ་རྣམས་ཀྱི་དོན་རྣམས་མ་ལུས་བྱས་གྱུར་ནས། །སླར་ཡང་གཟུགས་བརྙན་མ་ལུས་ས་བོན་ཉིད་ལ་གཞུག །ངལ་བར་མ་གྱུར་བར་དུ་ཡང་ནས་ཡང་དུ་བྱ། །དེ་ནས་རང་ཉིད་བརྟན་པར་བྱ་དོན་དུ། །ལྟེ་བ་ལ་གནས་ཉི་ཟླ་ཁ་སྦྱར་དབུས་ཉིད་དུ། །བཾ་གི་ནཱ་ད་ཤིན་ཏུ་ཕྲ་བ་ལས་བཞེངས་པ། །ཤིན་ཏུ་ཕྲ་པའི་རི་མོ་འོད་ཟེར་འབར་བ་བལྟ། །འདི་ནི་གདམས་ངག་ལས་བྱུང་ལམ་རྣམས་མ་ལུས་པ། །དམིགས་པ་མེད་པའི་རྣལ་འབྱོར་རྣམ་པར་བསྒོམ་བྱས་ན། །སེམས་ཅན་དོན་རྣམས་རྫོགས་པའི་རྒྱུ་རུ་འགྱུར་བའོ། །གལ་ཏེ་རྣམ་པར་བསྒོམས་པས་ངལ་བར་གྱུར་པ་ན། །སྔགས་པས་སྔགས་རྣམས་ཆོ་ག་བཞིན་དུ་བཟླ་བར་བྱ། །རྒྱལ་བ་ཉིད་ཀྱི་ཡི་གེ་བཅུ་པ་གང་ཡིན་པ། །དཔག་བསམ་ཡིད་བཞིན་ནོར་བུ་ལྟ་བུར་རབ་ཏུ་བརྗོད། །


DTG024_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡིས་ངལ་བར་གྱུར་ན་སྤྱོད་ལམ་བྱ་བ་ནི། །རང་ཉིད་ལྷ་མོ་ཉིད་ཀྱི་ང་རྒྱལ་ལྡན་བྱས་ནས། །དེ་ལྟར་སྔགས་དང་བསམ་གཏན་རྒྱུན་དུ་སྦྱོར་བྱས་ན། །ཟླ་བ་དྲུག་གིས་རྣལ་འབྱོར་པ་ཡིས་དངོས་གྲུབ་ཐོབ། །གང་ཞིག་གིས་ནི་རྒྱུན་དུ་བསྒོམ་པར་མ་ནུས་ཀྱང༌། །སྔ་དྲོ་དང་ནི་ཉི་མ་ཕྱེད་དང་དགོངས་མོའོ། །དུས་རྣམས་ལ་ནི་དེ་ཉིད་བསྒོམ་པར་གྱུར་པ་ན། །དེས་ཀྱང་ཡང་དག་གྲུབ་པར་གྱུར་པ་ངེས་པའོ། །དེ་ཡང་དེ་ལྟར་ར་བ་བསྒོམས་པའི་ནང་ཉིད་དུ། །རླུང་དང་མེ་དང་ཆུ་དང་ས་ཡིད་དཀྱིལ་འཁོར་རྣམས། །རང་དབང་ས་བོན་ལས་བྱུང་སྟེང་དུ་རི་རྒྱལ་ལ། །སྔོན་བཞིན་ལྷ་མོ་རྣམས་ནི་སྔོན་བཞིན་རིམ་པས་བསྒོམ། །མཁའ་འགྲོ་ལ་སོགས་ལྷ་མོ་བཞི། །ཐོད་པ་བཞི་ནི་བར་བར་གནས། །ལྷ་མོ་ཁྭ་ཡི་གདོང་སོགས་བརྒྱད། །དེ་ལྟར་ལྷག་པའི་བདག་ཉིད་དམ། །གལ་ཏེ་འཁོར་ལོ་གསུམ་གྱི་བར། །རབ་གཏུམ་མ་སོགས་རྣམས་དང་བཅས། །མཁས་པས་བསྒོམ་པར་བྱ་བ་སྟེ། །འདི་ནི་དཀྱིལ་འཁོར་རྫོགས་པར་བརྗོད། །ཅེས་པ་སྟེ། བདེ་བ་ཆེན་པོ་ལ་གནས་པའི་རྡོ་རྗེ་ཕག་མོའི་ཤར་དང་བྱང་དང་ནུབ་དང་ལྷོ་ཕྱོགས་རྣམས་ལ་གནས་པ། མཁའ་འགྲོ་མ་དང་ལཱ་མ་དང་ཁཎྜ་རོ་ཧ་དང་གཟུགས་ཅན་མ་རྣམས་དང༌། མཚམས་བཞིར་ཐོད་པ་བཞི་དང་བཅས་པ་རྣམས་བསྒོམ་པར་འདོད་པའི་དོན་དུའོ། །དེ་ལྟར་ཡང་གསུངས་པ། མཁའ་འགྲོ་མ་དང་ལཱ་མ་དང༌། །ཁཎྜ་རོ་ཧཱ་གཟུགས་ཅན་མ། །ཕྱོགས་ཀྱི་པདྨར་དགོད་པར་བྱ། །དངོས་གྲུབ་ཐམས་ཅད་རབ་ཏུ་བསྒྲུབ། །ནག་མོ་ལྗང་གུ་དམར་དང་སེར། །ཞལ་གཅིག་མ་ལ་ཕྱག་བཞི་མ། །གཡོན་ན་ཁ་ཊྭཱཾ་ཐོད་པ་དང༌། །གཡས་ན་ཅང་ཏེའུ་གྲི་གུག་དག །སྤྱན་གསུམ་མ་ལ་དབུ་སྐྲ་གྲོལ། །གཡས་བརྐྱང་ཞབས་ཀྱིས་ཡང་དག་གནས། །མཆེ་བ་གཙིགས་ཤིང་འཇིགས་པར་མཛད། །ཕྱག་རྒྱ་ལྔ་ཡིས་ཡང་དག་བརྒྱན། །ཕྱོགས་དང་བྲལ་བའི་མཚམས་བཞིན། །བྱང་ཆུབ་སེམས་གང་ཐོད་པ་བཞི། །ཞེས་པའོ། །མཁའ་འགྲོ་མ་ལ་སོགས་པ་རྣམ་པ་བཞི་ལ་རིན་ཆེན་འབྱུང་ལྡན་གྱི་རྒྱས་གདབ་པར་བྱས་ལ། །དེ་ལྟར་བཅོམ་ལྡན་འདས་མའི་


DTG024_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙིང་པོའི་སྔགས་བརྗོད་པ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་པ་དང༌། ཉེ་བའི་སྙིང་པོའི་སྔགས་བརྗོད་པ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའོ། །ཡང་ཇི་ལྟ་བ་བཞིན་རྐང་པ་བརྒྱད་པའི་སྔགས་བརྗོད་པ། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་རཱ་ཧཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མཿ་ཨཱཪྻཱ་པ་རཱ་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མཿ་སརྦ་བྷཱུ་ཏ་བྷ་ཡཱ་ཝ་ཧེ་མ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཇི་ཏི་ཨ་པ་རཱ་ཛི་ཏེ་ཝ་ཤཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མཿ་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷེ་ཀ་རཱ་ལི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མཿ་སན་ཏཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཛ་ཡེ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནི་ཀཱ་མེ་སྭ་རི་ཁ་གེ་ཧུཾ་ཧཱུཾ་ཕཊ་ཅེས་པའོ། །ཡང་མཁའ་འགྲོ་མ་ལ་སོགས་པའི་སྔགས་བརྗོད་པའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧཱ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནི་བསྒོམ་པའི་རིམ་པ་གཉིས་པའོ། །ད་ནི་བདེ་བ་ཆེན་པོའི་འཁོར་ལོའི་ཤར་དང་བྱང་དང་ནུབ་དང་ལྷོ་རྣམས་ལ་གནས་པ་ཁྭའི་གདོང་ཅན་མ། འུག་པའི་གདོང་ཅན་མ། ཁྱིའི་གདོང་ཅན་མ། ཕག་གི་གདོང་ཅན་མ་རྣམས་སོ། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་རྣམས་ལ་གནས་པ་གཤིན་རྗེ་བརྟན་མ་དང༌། གཤིན་རྗེ་ཕོ་ཉ་མ་དང༌། གཤིན་རྗེ་མཆེ་བ་མ་དང༌། གཤིན་རྗེ་འཇོམས་མ་དང་ལྷ་མོ་བརྒྱད་སྒོམ་པར་འདོད་པ་རྣམས་ཀྱི་དོན་དུ་གསུངས་ཞེས་པའོ། །ཁྭའི་གདོང་པ་ཅན་ལ་སོགས་པ་ལྷ་མོ་བཞི་རང་རང་གི་མིང་དང་མཚུངས་པའི་ཞལ་ལོ། །གཤིན་རྗེ་བརྟན་མ་ལ་སོགས་པ་མིའི་གདོང་པ་ཅན་ཁ་དོག་གཉིས་གཉིས་དང་ལྡན་པའོ། །དེ་ལྟར་བརྒྱད་ལ་དོན་ཡོད་གྲུབ་པས་རྒྱས་གདབ་པའོ། །མཁའ་འགྲོ་མ་ལ་སོགས་པ་དང་མཚུངས་པ་ལས་འོན་ཀྱང་བྱེ་བྲག་ནི་རོལ་གནས་པའོ། །དེ་ལྟར་ཡང་གསུངས་པ། དེ་ལྟར་མཁའ་འགྲོ་མ་རྣམས་བཞིན། །བྱ་རོག་གདོང་སོགས་རྣམས་ཀྱང་ངོ༌། །མཚམས་རྣམས་ལྷ་མོ་དེ་བཞིན་ཏེ། །ཁ་དོག་གཉིས་ལྡན་ཡིད་འཕྲོག་མ། །ཡི་དགས་ལ་གནས་འཇིགས་ཆེན་མོ། །སེམས་ཅན་དོན་


DTG024_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་སེམས་དང་ལྡན། །ཞེས་སོ། །དེ་རྣམས་ཀྱི་སྔགས་བརྗོད་པ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སྭ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་དྷཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྚུའི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ནི་བསྒོམ་པའི་རིམ་པ་གསུམ་པའོ། །ད་ནི་ལྷ་མོའི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་འཁོར་ལོ་གསུམ་འདི་ལྟ་སྟེ། ཐུགས་ཀྱི་འཁོར་ལོ་དང༌། གསུང་གི་འཁོར་ལོ་དང༌། སྐུའི་འཁོར་ལོ་རྣམས་ཞེས་བྱའོ། །དེ་ཡང་རིའི་རྒྱལ་པོའི་སྟེང་གི་ཕྱོགས་བརྒྱད་དུ་ནམ་མཁའ་ལ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་སྔོན་པོ་རྡོ་རྗེའི་ཕྲེང་བས་སྔོན་དུ་བསྐོར་བའོ། །དེའི་ཤར་དང༌། བྱང་དང༌། ནུབ་དང༌། ལྷོའི་རྩིབས་རྣམས་ལ། པུལླཱི་ར་མཱ་ཡ་དང༌། ཛཱ་ལནྡྷ་ར་དང༌། ཨོ་དྱན་དང༌། ཨར་བུ་དའི་མིང་ཅན་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རབ་གཏུམ་མ་དང༌། གཏུམ་མིག་མ་དང༌། འོད་ལྡན་མ་དང༌། སྣ་ཆེན་མ་རྣམས་བསྒོམ་པར་བྱའོ། །མེ་མཚམས་དང༌། བདེན་བྲལ་དང༌། རླུང་མཚམས་དང༌། དབང་ལྡན་གྱི་རྩིབས་རྣམས་ལ། གོ་རཱ་བ་རི་དང༌། རཱ་མེ་སྭ་ར་དང༌། དེ་བཱི་ཀོ་ཊ་དང༌། མཱ་ལ་བའི་མིང་ཅན་རྣམས་ལ། བཱི་ར་མ་ཏི་དང༌། ཁརྦ་རི་དང༌། ལངྐའི་དབང་ཕྱུག་མ་དང༌། ཤིང་གྲིབ་མ་རྣམས་བསྒོམ་པར་བྱ་སྟེ་ཐུགས་ཀྱི་དཀྱིལ་འཁོར་ས་བླ་ལ་སྤྱོད་པ་རྣམས་ཞེས་བྱའོ། །དེ་ནས་རིའི་རྒྱལ་པོའི་ཕྱོགས་བརྒྱད་དུ་སའི་དཀྱིལ་འཁོར་ལ་གསུང་གི་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དམར་པོ་པདྨའི་ཕྲེང་བ་དམར་པོས་བསྐོར་བ། དེའི་ཤར་དང་བྱང་དང༌། ནུབ་དང་ལྷོའི་རྩིབས་ལ། ཀཱ་མ་རཱུ་པ་དང༌། ཨོ་ཏྲེ་དང༌། ཏྲི་ས་ཀུ་ནེ་དང༌། ཀོ་ས་ལའི་མིང་ཅན་རྣམས་ལ་ཨཻ་ར་བ་ཏི་དང༌། འཇིགས་བྱེད་ཆེན་མོ་དང༌། རླུང་གི་ཤུགས་ཅན་མ་དང༌། ཆང་འཐུང་མ་རྣམས་བསྒོམ་པར་བྱའོ། །མེ་མཚམས་དང༌། བདེན་བྲལ་དང༌། རླུང་མཚམས་དང༌། དབང་ལྡན་གྱི་རྩིབས་རྣམས་ལ། ཀ་ལིཾ་ག་དང༌། ལཾ་པཱ་ཀ་དང༌། ཀཱཉྩི་ཀ་དང༌། ཧི་མཱ་ལ་ཡའི་མིང་ཅན་རྣམས་


DTG024_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། ལྷ་མོ་སྔོ་བསངས་མ་དང༌། ཤིན་ཏུ་བཟང་མོ་དང༌། རྟ་རྣ་མ་དང༌། བྱ་གདོང་མ་རྣམས་བསྒོམ་པར་བྱ་སྟེ། གསུང་གི་འཁོར་ལོ་ས་ལ་སྤྱོད་པ་རྣམས་ཞེས་བྱའོ། །དེ་ནས་ས་འོག་ཏུ་ཆུའི་དཀྱིལ་འཁོར་ལ་སྐུའི་དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དཀར་པོ་འཁོར་ལོའི་ཕྲེང་བ་དཀར་པོས་བསྐོར་བའོ། །དེ་ཉིད་ཀྱི་ཤར་དང༌། བྱང་དང༌། ནུབ་དང༌། ལྷོ་ཕྱོགས་ལ། པྲེ་ཏ་པུ་རི་དང༌། གྲྀ་ཧ་དེ་བ་ཏཱ་དང༌། སཽ་རཱཥྚ་དང༌། སུ་བརྞ་དྭཱི་པའི་མིང་ཅན་རྣམས་ལ་འཁོར་ལོའི་ཤུགས་ཅན་མ་དང༌། ཁཎྜ་རོ་ཧ་དང༌། ཆང་འཚོང་མ་དང༌། འཁོར་ལོའི་གོ་ཆ་མ་རྣམས་བསྒོམ་པར་བྱའོ། །མེ་མཚམས་དང༌། བདེན་བྲལ་དང༌། རླུང་མཚམས་དང༌། དབང་ལྡན་རྣམས་ལ་ནཱ་ག་ར་དང༌། སིནྡྷུ་ར་དང༌། མ་རུ་ར་དང༌། ཀུ་ལུ་ཏཱའི་མིང་ཅན་རྣམས་ལ་འཁོར་ལོའི་ཤུགས་ཅན་མ་དང༌། ཤིན་ཏུ་དཔའ་མེ་དང་སྟོབས་ཆེན་མ་དང༌། འཁོར་ལོས་སྒྱུར་མ་དང༌། དཔའ་ཆེན་མ་རྣམས་བསྒོམ་པར་བྱ་བ་སྟེ། སྐུའི་འཁོར་ལོ་ས་འོག་ན་སྤྱོད་པ་རྣམས་ཞེས་བྱའོ། །ཡང་ན་ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་གྲུ་བཞི་པའོ། །དེའི་ནང་དུ་འཁོར་ལོ་གསུམ་བསྒོམ་པར་བྱའོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྣམས་ལ་གནས་པའི་ལྷ་མོ་རྣམས་རིམ་པ་བཞིན་དུ་སྔོན་མོ་དང་དམར་མོ་དང་དཀར་མོ་རྣམས་ལ་མི་བསྐྱོད་པ་དང༌། འོད་དཔག་མེད་དང༌། རྣམ་པར་སྣང་མཛད་རྣམས་ཀྱིས་རྒྱས་གདབ་པར་བྱའོ། །རབ་གཏུམ་མ་ལ་སོགས་པ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ། གཡོན་རྣམས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་རྣམས་ཀྱིས་གྲི་གུག་དང་ཌ་མ་རུ་འཛིན་པ། སྤྱན་གསུམ་མ། དབུ་སྐྲ་གྲོལ་བ། ན་བཟའ་དང་བྲལ་བ། ཕྱག་རྒྱ་ལྔའི་སྤྲས་པ། མི་མགོའི་ཕྲེང་བས་དོ་ཤལ་བྱས་པ་ལ། གཡས་བརྐྱང་གིས་གནས་པའོ། །དེ་ནས་འོག་ཏུ་མེ་དང་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་རི་རབ་ཀྱི་ཕྱོགས་བརྒྱད་གྱི་དུར་ཁྲོད་བརྒྱད་རྣམས་ལ་ཁྭའི་གདོང་ཅན་མ་ལ་སོགས་པ་རྣམས་བསྒོམ་པར་བྱའོ། །ཡང་ན་གཞལ་ཡས་ཁང་གི་ཤར་ལ་སོགས་པ་རྣམས་སུ་བསྒོམ་པར་བྱའོ། །རྡོ་རྗེ་ཕག་


DTG024_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོ་ལ་སོགས་པ་ཐམས་ཅད་ཀྱི་དཔྲལ་བ་ལ་རྡོ་རྗེའི་ཕྲེང་བ་དག་གིས་དབུས་ན་ཐོད་པ་ལྔ་གནས་པས་བརྒྱན་པའོ། །དེ་ལྟར་ཡང༌། ལྷ་ཡི་ང་རྒྱལ་དགོད་པ་དང༌། །ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར་།ལྷ་ཉིད་སྦྱོར་བ་རྣལ་འབྱོར་པས། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་བསྒོམ། །ཞེས་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལ་ལུས་རྗེས་སུ་དྲན་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མའོ། །ཆོས་རྗེས་སུ་དྲན་པ་ནི་ཁཎྜ་རོ་ཧའོ། །སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་གཏུམ་མའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནེ་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་བཱི་ར་མ་ཏཱིའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མི་ཐུང་མའོ། །དྲན་པའི་དབང་པོ་ནི་ལངྐའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨཻ་ར་བ་ཏིའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་མའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་དཔའ་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་དག་ནི་བརྩོན་འགྲུས་ཆེན་མའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་བྱ་རོག་གདོང་ཅན་མའོ། །ཡང་དག་པའི་འཚོ་བ་ནི་འུག་པའི་


DTG024_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གདོང་ཅན་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱིའི་གདོང་ཅན་མའོ། །ཡང་དག་བའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་མ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཆུད་མི་ཟ་བར་བྱེད་པ་ནི་གཤིན་རྗེ་ཕོ་ཉ་མའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་མཆེ་བ་མའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །ཞེས་པའོ། །དེ་ནས་ཡང་དག་བཤད་བྱ་བ།། ལུས་ཀྱི་དཀྱིལ་འཁོར་ཡང་དག་པ། །གནས་སོགས་རིམ་པར་སྦྱར་བ་ཡིས། །ས་བཅུ་རྣམ་པར་དག་པའོ། །པཱུ་ཛ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ་ཞེས་གསུངས་པ་འདི་རྣམས་ཀྱི་དོན་ནི་པུལླི་ར་མཱ་ཡ་ལ་སོགས་པའི་རྣལ་འབྱོར་གྱི་པཱུ་ལ་སོགས་པ་དང་པོའི་ཡི་གེ་རྣམས་ཀླད་ཀོར་དང་བཅས་པ་རྣམས་ཏེ། དེ་ཡང་མགོ་བོ་ལ་སོགས་པ་རྣམས་ལ་པཱུཾ་ཡིག་ལ་སོགས་པ་རྣམས་ཡོངས་སུ་གྱུར་པ་ལས་རྩིབས་དང་བྲལ་བའི་འཁོར་ལོ་རྣམས་སུ་པུལླི་ར་མཱ་ཡ་ལ་སོགས་པའི་གནས་སྐབས་རྣམས་སུ་སྐད་ཅིག་གིས་གོ་བར་བྱའོ། །མགོ་བོ་ལ་སོགས་པར་རབ་ཏུ་གཏུམ་མོ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་རྩ་རྣམས་སུ་བསྒོམ་ཞེས་པ་སྟེ། མགོ་བོ་པུལླི་ར་མཱ་ཡར། །རབ་གཏུམ་མ་ནི་བསྒོམ་པར་བྱ། །སྤྱི་གཙུག་གི་ཛཱ་ལནྡྷ་ར་རུ། །གཏུམ་མིག་མ་ནི་ཡོངས་སུ་བསྒོམ། །རྣ་གཡས་ཨོ་ཌི་ཡ་ན་རུ། །འོད་ལྡན་མ་ཉིད་བསྒོམ་པར་བྱ། །མགོ་བོའི་རྒྱབ་ནི་ཨར་བུ་དར། །སྣ་ཆེན་མ་ནི་རྣམ་པར་བསྒོམ། །ཞེས་པ་ནི་གནས་ཏེ་རབ་ཏུ་དགའ་བའི་སའོ། །རྣ་གཡོན་གོ་དཱ་བ་རི་ནི། །བཱི་ར་མ་ཏི་རྣམ་པར་བསྒོམ། །སྨིན་ཕྲག་རཱ་མེ་སྭཱ་རི་ཏི། །མི་ཐུང་མ་ནི་གནས་པར་བལྟ། །མིག་གཉིས་དེ་བཱི་ཀོ་ཊི་སྟེ། །ལངྐའི་དབང་ཕྱུག་མ་ཉིད་དོ། །དཔུང་མགོ་གཡས་དང་གཡོན་པ་ཉིད། །མ་ལ་བ་ཞེས་བྱ་བ་སྟེ། །དེ་དག་ལ་ནི་བསམ་བྱ་བ། །ཤིང་གྲིབ་མ་ཞེས་བྱ་བར་བརྗོད། །ཅེས་པ་ནི་ཉེ་བའི་གནས་ཏེ་དྲི་མ་མེད་པའི་སའོ། །མཆན་


DTG024_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁུང་ཀཱ་མ་རཱུ་པ་སྟེ། །ཨཻ་ར་བ་ཏི་བསམ་པར་བྱ། །ནུ་མ་དག་ནི་ཨོ་ཏྲེ་སྟེ། །འཇིགས་བྱེད་ཆེན་མོ་དེ་བཞིན་ནོ། །ཞེས་པ་ནི་ཞིང་སྟེ་འོད་བྱེད་པའི་སའོ། །ལྟེ་བ་ཏྲི་ཤ་ཀུ་ལ་ནི། །རླུང་གི་ཤུགས་ཅན་འབར་བཞིན་མ། །སྣ་ཡི་རྩེ་མོ་ཀོ་ཤ་ལར། །ཆང་འཐུང་མར་ནི་ཡོངས་སུ་བརྗོད། །ཅེས་པ་ནི་ཉེ་པའི་ཞིང་སྟེ་འོད་འཕྲོ་བའོ། །ཁ་ནི་ཀ་ལིཾ་གཉིད་དོ། །ལྷ་མོ་སྔོ་བསངས་རྣམ་པར་བསྒོམ། །མགྲིན་པ་ལམ་པཱ་ཀ་རུ་བཤད། །ཤིན་ཏུ་བཟང་མོ་དེ་བཞིན་བསྒོམ། །ཞེས་པ་ནི་ཚནྡོ་སྟེ་ཤིན་ཏུ་སྦྱང་དཀའ་བའི་སའོ། །སྙིང་གར་ཀཱཉྩཱི་ཞེས་པ་སྟེ། །རྟ་རྣ་མ་ནི་རྣམ་པར་བསྒོམ། །མདོམས་ནི་ཧི་མཱ་ལ་ཉིད་དེ། །བྱ་གདོང་མ་ཉིད་རྣམ་པར་བསྒོམ། །ཞེས་པ་ནི་ཉེ་བའི་ཚནྡོ་ཧ་སྟེ། མངོན་དུ་གྱུར་པའི་སའོ། །མཚན་མ་པྲེ་ཏ་པུ་རི་སྟེ། །འཁོར་ལོའི་ཤུགས་ཅན་མ་ཉིད་བསམ། །བཤང་བ་ཡིན་ལམ་ཉིད་དུ། །གྲྀ་ཧ་དེ་བ་ཁཎྜ་རོ། །ཞེས་པ་ནི་འདུས་མ་སྟེ། རིང་དུ་སོང་བའི་སའོ། །བརླ་གཉིས་སཽ་རཱ་ཥྚ་སྟེ། །ཆང་འཚོང་མ་ཉིད་རྗེ་ངར་གཉིས། །གསེར་གླིང་ཞེས་ནི་བརྗོད་པ་སྟེ། །འཁོར་ལོའི་གོ་ཆ་མ་ཉིད་བསྒོམ། །ཞེས་པ་ནི་ཉེ་བའི་འདུས་མ་སྟེ་མི་གཡོ་བའི་སའོ། །སོར་མོ་རྣམས་ནི་ནཱ་ག་རར། །ཤིན་ཏུ་དཔའ་མོ་ཞེས་སུ་བརྗོད། །བོལ་གཉིས་སིནྡྷུ་ཞེས་པ་སྟེ། །རྣལ་འབྱོར་མ་ནི་སྟོབས་ཆེན་མ། །ཞེས་པ་ནི་དུར་ཁྲོད་དེ་ལེགས་པའི་བློ་གྲོས་ཀྱི་སའོ། །མཐེ་བོ་དག་ནི་མ་རུ་སྟེ། །འཁོར་ལོས་སྒྱུར་བའི་རྣལ་འབྱོར་མ། །པུ་མོ་གཉིས་ནི་ཀུ་ལུ་ཏཱ། །བརྩོན་ཆེན་མ་ནི་རབ་ཏུ་བསྒོམ། །ཞེས་པ་ནི་ཉེ་བའི་དུར་ཁྲོད་དེ་ཆོས་ཀྱི་སྤྲིན་གྱི་སའོ། །ཁྭ་གདོང་མ་ལ་སོགས་པ་རྣམས། །ཁ་སྟེ་མཚན་བཤད་རིམ་པ་ཡིས། །མཛོད་སྤུ་རྣ་བ་མིག་སྣ་ལ། །གཤིན་རྗེ་བརྟན་སོགས་དེ་བཞིན་གནས། །མཁའ་འགྲོ་མ་སོགས་ལྷ་མོ་བཞི། །སྙིང་ག་ལ་བརྟེན་ཡང་དག་གནས། །དེ་ལྟར་རྫོགས་པའི་རྒྱུན་བསྒོམ་པ། །ལུས་ཀྱི་དཀྱིལ་འཁོར་དམ་པའོ། །ཞེས་པའོ། །ད་ནི་ལྷ་མོ་རྣམས་ཀྱི་སྔགས་འཆད་པ་ལས་དེ་ཡང་རྡོ་རྗེ་ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང་པོ་དང༌། རྐང་པ་བརྒྱད་པ་རྣམས་བཤད་ཟིན་ཏོ། །འདིར་རྩ་བའི་སྔགས་བརྗོད་པ་འདི་


DTG024_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟ་སྟེ། ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧི། ཨཱ་ཪྻཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ། མ་ཧཱ་བཛྲེ། བཛྲཱ་ས་ན་ཨ་ཛི་ཏེ། ཨ་པ་རཱ་ཛི་ཏི་ཝ་ཤྱཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎི། བི་ཥ་ཎི་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི། ཀ་རཱ་ལི་ཎི་ཏྲཱ་ས་ནི། མཱ་ར་ཎི། པྲ་བྷེ་ད་ནི། ཨ་པ་རཱ་ཛ་ཡེ། བི་ཛ་ཡེ། ཛམྦྷ་ནི། སྟམྦྷ་ནི། མོ་ཧ་ནི། བཛྲ་བཱ་རཱ་ཧི། མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ། ཏདྱ་ཐཱ། པྲོ་ཏཾ་གེ་པྲོ་ཏཾ་གེ། ཧ་ཧ་ཧ་ན། པྲཱ་ཎཱཾ། ཀིཾ་ཀི་ནི་ཁིཾ་ཁི་ནི། དྷུ་ན་དྷུ་ན་བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཀ་པཱ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི། མ་ཧཱ་པི་ཤི་ཏ་མཱ་ནྶཱ་ཤ་ནི། མ་ནུ་ཥྱནྟྲ་པྲཱ་བྲི་ཏེ། ཤནྣི་དྷྱཾ་ན་ར་ཤི་རོ་མཱ་ལཱ་གྲཾ་ཐི་ཏ་དྷཱ་རི་ཎི། སུམྦྷ་ནི་སུམྦྷེ། ཧ་ན་ཧ་ན་པྲཱ་ཎཱཾ། སརྦ་པཱ་པ་སཏྭཱ་ནཱཾ། སརྦ་པ་ཤཱུ་པཱ་ནཱཾ་མ་ཧཱ་མཱཾ་ཤྩྪེ་ད་ནི། ཀྲོ་དྷ་མཱུ་རྟེ་དཾཥྚྲཱ་ཀ་རཱ་ལི་ནི། མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱཱ་གྲ་མ་ཧི་ཥི་ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧ་ཝེ། ཤ་ཏ་ས་ཧ་སྲཱ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སྱ། ཛྭ་ལཱ་མུ་ཁི་པིཾ་ག་ལ་ལོ་ཙ་ནེ། བཛྲ་ཤཱ་རཱི་རཻ། བཛྲཱ་ཤ་ནི་མི་ལི་མི་ལི། ཏི་ལི་ཏི་ལི། ཏི་མི་ལི་ཏི་མི་ལི། ཧེ་ཧེ་ཧ་ཧ་ཧཱུཾ་ཧཱུཾ། ཁ་ཁ། དྷུ་དྷུ། རྡྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནཱི། པ་ཋི་ཏ་སིདྡྷེ། དྲེཾ་དྷཾ་དྲེཾ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ། བྷཱི་མེ་ཧ་ས་ཧ་ས་བཱི་རེ། ཧ་ཧ། ཧོ་ཧོ། ཧུཾ་ཧཱུཾ། ཏྲེ་ལོ་ཀྱ་བི་ནཱ་ས་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ་པ་རི་བཱ་རེ་ཧུཾ་ཧཱུཾ་ཕཊ། སིཾ་ཧ་རཱུ་པེ་ཁཿ་ག་ཛ་རཱུ་པེ་གཿ་ཏྲཻ་ལོ་ཀྱ་ཨུ་ད་རེ། ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧུཾ་ཧཱུཾ་ཕཊ། བཱི་རཱ་དྭེ་ཏེ་ཧཱུཾ་ཧཱུཾ། ཧཱ་ཧཱ། མ་ཧཱ་པ་ཤུ་མོ་ཧ་ནི། མ་ཧཱ་ཡོ་གེ་ཤྭ་རི་ཏྭཾ། ཌཱ་ཀི་ནཱི་སརྦ་ལོ་ཀཱ་ནཱཾ་བནྡྷ་ནི། སདྱཿ་པྲཏྱ་ཡ་ཀཱ་རི་ཎི་ཧུཾ་ཧཱུཾ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ་པ་ར་མ་སིདྡྷེ་ཡོ་གེ་ཤྭ་རི་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། མཁའ་འགྲོ་མ་ལ་སོགས་པ་རྣམས་དང༌། ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་སྔགས་ནི་བརྗོད་ཟིན་ཏོ། །རབ་གཏུམ་མ་ལ་སོགས་པ་རྣམས་ཀྱི་སྔགས་ནི་རྡོ་རྗེ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་གོ་བར་བྱ་སྟེ། ཨོཾ་ཀ་ར་ཀ་ར་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཙཎྜཱ་ཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷྱ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་བཱི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་


DTG024_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པཊ། ཨོཾ་ཧྲཿ་ཧྲཿ་ལོ་ངྐེ་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་དྲུ་མཙྪ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཨེ་རཱ་ཝ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་མ་ཧཱ་བྷཻ་ར་ཝི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷ་ཀྵ་བྷཀྵ་བ་ས་རུ་དྷི་རཱ་ནྟྲ་མཱ་ལ་ཨ་བ་ལམྦི་ནེ་སུ་རཱ་བྷཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀ་ཧྞ་སཔྟ་པཱ་ཏཱ་ལ་ག་ཏ་ཕཱུ་ཛཱཾ་ག་སརྦམྦཱ་ཏ་རྫ་ཡ་ཏ་རྫ་ཡ། ཤྱཱ་མེ་དེ་པཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀདྡྷྱ་ཨཱ་ཀདྡྷྱ། སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧ་ཡ་ཀརྞེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཛྞཽཾ་ཛྞཽཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཾ་ཀྵྨཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱཾ་ཧཱཾ་ཁཎྜ་རོཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧིཾ་ཧིཾ་ཤོཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧཱུཾ་ཙཀྲ་ཝརྨི་ཎཱེ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་སུ་བཱི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སེ་ལི་སི་ལི་མ་ཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཙཀྲ་ཝརྟི་ནཱིཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལིམ་ཧཱ་བཱི་ཪྻེ་ཧུཾ་ཧཱུཾ་ཕཊ། འདིར་བླ་མའི་གདམས་ངག་གིས་རབ་གཏུམ་མ་ལ་སོགས་པའི་སྔགས་འདི་རྣམས་ཀྱི་ཧཱུཾ་དང་བོ་རྣམས་ཐུང་དུ། གཉིས་པ་རྣམས་རིང་པོར་འདོད་པའོ། །འདི་ནི་བསྒོམ་པའི་རིམ་པ་སྟེ་བཞི་པའོ། །གང་ཞིག་ལུང་དུ་གསུངས་པ་ལྟར། །མཆོད་པའི་རིམ་པ་མ་ལུས་པའི། །དང་པོར་གཏོར་མ་བྱས་པ་ནི། །དངོས་གྲུབ་འདོད་པ་རྣམས་ནི་གསུངས། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །གཏོར་མ་དབུལ་བར་འདོད་པའི་ཕྱིར། །རྣལ་འབྱོར་བྱས་པའི་རྗེས་ཉིད་ལ། །གཏོར་མ་ངེས་པར་གསུངས་པའོ། །དེའི་ཕྱིར་གཏོར་མ་བདུད་རྩིར་བསྒྲུབ་པར་བྱ་བ་འདི་ལྟ་སྟེ། ཡཾ་ནག་པོ་ཡོངས་སུ་གྱུར་པ་ལས་གཞུའི་དབྱིབས་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུརཾ་ལས་མེའི་དཀྱིལ་འཁོར་དམར་པོ་སྦྱིན་པར་བྱའོ། །དེ་ཉིད་གསུམ་ལས་ཡོངས་སུ་གྱུར། །ཐོད་པ་གསུམ་གྱི་སྒྱེད་པུ་སྟེ། །དེའི་སྟེང་ཨ་ཡིག་ལས་འབྱུང་པ། །ཐོད་པ་དཀར་པོ་ཡོངས་སུ་བརྟག །བདུད་རྩི་ལྔ་སོགས་ཨོཾ་ལ་སོགས། །ས་བོན་རྣམས་བྱུང་བྱིན་གྱིས་བརླབ། །དེ་ཡི་གཟུགས་ཀྱི་ཐོད་གནས་པ། །བཟའ་བ་ལ་སོགས་རྣམ་པར་བསམ། །རླུང་གིས་སྦར་བའི་མེ་དྲོད་ཀྱིས། །ས་བོན་དང་བཅས་དེ་རྣམས་ཞུ། །ད་ཌི་མ་ཡི་མེ་ཏོག་གི །ཁ་དོག་དང་མཚུངས་བལྟ་བར་བྱ། །དེ་ནས་ཧཱུཾ་བྱུང་ཁ་ཊྭཱཾ་ག །བྱང་སེམས་རང་བཞིན་ཐུར་བལྟས་དཀར། །


DTG024_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན་ཞུ་བས་དཀར་བ་ལ། །གྲང་པ་ཉིད་དུ་བལྟ་བར་བྱ། །དེ་སྟེང་ཨཱ་ལི་ཀཱ་ལི་ལས། །ཡོངས་སུ་གྱུར་པ་ལས་བྱུང་བ། །ཨོཾ་ཨཱཿ་ཧཱུཾ་གི་སྔགས་རྣམས་ནི། །རིམ་བཞིན་སེང་ན་གནས་པ་ལས། །ལྷ་ཡི་འཁོར་ལོ་སྤྲོ་བྱས་ཏེ། །སེམས་ཅན་བྱ་བ་བྱས་པ་དང༌། །ཡི་གེ་གསུམ་ལ་ཡང་དག་བསྟིམ། །དེ་བཞིན་ཡིད་གསུམ་བདུད་རྩི་ལ། །བདུད་རྩི་ཁུ་བ་དེ་ཉིད་ཀྱང༌། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། །དེ་ལྟར་ཡོངས་སུ་རྫོགས་བྱས་ནས། །ཆོ་ག་འདི་ཡིས་གཏོར་མ་བྱིན། །འབར་བའི་ཕྱག་རྒྱས་ཕེཾ་ཞེས་པས་སྤྱན་དྲངས་པའི་ལྷ་མོ་རྣམས་ལ་ཡོན་ཆབ་སྔོན་དུ་སོང་བས་མཆོད་དེ། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏཿ་སརྦ་དྷརྨཱ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ། །ཞེས་པའི་སྔགས་སྔོན་དུ་བརྗོད་ལ། །ལག་པ་ཐལ་མོ་སྦྱར་བར་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་ཧཱུཾ་གཉིས་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐལ་མོར་གྱུར་པར་བདུད་རྩིའི་སྣོད་བཞག་ལ། ལྷ་མོའི་འཁོར་ལོ་སྔོན་དུ་བསྒོམས་ཏེ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་འདི་བརྗོད་དོ། །དེ་བྱཿ་པྲ་མཱ་ཎཾ་ས་མ་ཡ་པྲ་མཱ་ཎཾ། ཏ་དུ་ཀྟ་ལཱ་ཙ་ཤྩ་པ་རཾ་པྲ་མཱ་ཎཾ། ཨེ་ཏེ་ན་ས་ཏྱེ་ན་བྷ་ཝེ་ཡུ་རེ་ཏཱཿ། དེ་བྷྱོ་མ་མཱ་ནུ་གྲ་ཧ་ཧེ་ཏུ་བྷུ་ཏཱཿ། ཞེས་པའོ། །དེ་ནས་མཆོད་པ་མཆོད་བྱ་མཆོད་བྱེད་རྣམས་དབྱེར་མེད་པར་བལྟས་ལ། ཤར་ལ་སོགས་པའི་ཕྱོགས་རྣམས་གཡོན་དུ་བསྐོར་བར་བྱའོ། །ལྷ་མོ་ཚད་མ་སོགས་སོར་བཞག །ཕྱོགས་བྲལ་རྣམས་གཡས་སུ་བསྐོར་ཞིང་བདུད་རྩིའི་སྣོད་བསྐོར་བར་བྱའོ། །ལྷ་མོ་རྣམས་ཀྱི་ལྕེ་རྣམས་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྕེ་རྣམས་སུ་བསམས་ཏེ། བདུད་རྩི་དབུལ་པའི་སྔགས་གཉིས་བརྗོད་པ་ནི། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བྷནྡྷྲ་བྷནྡྷ། ཏྲ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷཡཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿ་ཧྲཿ་ཕེཾ་ཕེཾ་ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱནྟྲ་མཱ་ལྔ་པ་ལཾ་བ་ནི། གྲྀཧྞ་གྲྀཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ་སརྦཾ་བཱ། ཏ་རྫ་ཡ་ཏརྫ་ཡ། ཨཱ་ཀྜྜྷྱ་ཨཱ་ཀཌྜྷྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ་ཀྵྨཾ་ཀྵྨཾ། ཧཱཾ་ཧཱཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ལི་ཀི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཧུཾ་ཧཱུཾ་ཕཊ་ཅེས་པ་དང་པོའོ། །དེ་ནས་ཨོཾ་བཛྲ་ཨ་རལླི་ཧོཿཛཿཧཱུཾ་


DTG024_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཾ་ཧོཿ་བཛྲ་ཌཱ་ཀི་ནྱཿ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ་ཞེས་པའི་སྔགས་འདི་གཅིག་གམ་གཉིས་སམ་གསུམ་མ་མ་བཞིའམ་ལྔའི་བར་དུ་བརྗོད་པ་ནི་དབུལ་བའི་སྔགས་སོ། །དེ་ནས་ཞལ་བསིལ་ལ་སོགས་པ་ཕུལ་བས། མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་ཚིགས་སུ་བཅད་པ་འདི་བརྗོད་པར་བྱའོ། །བྷ་ཝ་ཤ་མ་ས་མ་སཾ་གཱ་བྷ་གན་སཾ་ཀལྤ་བྷདྡ། ཁ་མི་ཝ་ས་ཀ་ལ་བྷཱ་བཾ་བྷཱམ་ཝ་ཏོ་ཝཱི་ཀྵ་མཱ་ཎཿ། ཀུ་རུ་ཏུ་ར་ཀུ་རུ་ཎཱཾ་བྷཿ་སྥཱི་ཏ་ཙིཏྟཾ་བུ་ནཱ་ཐཱ། ཀུ་རུ་ཏ་ཀུ་རུ་ཏ་དེ་བྱོ་མ་སྱ་ཏཱི་ཝཱ་ནུ་ཀཾ་པཱཾ་ཞེས་པའོ། །དེ་ནས་དུར་ཁྲོད་པ་གནས་པའི་ཕྱོགས་སྐྱོང་རྣམས་ལ་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་སྔ་མ་ལྟར། སྲིད་པ་ཞི་བ་སོགས་འདོད་གསོལ། སྐད་དོད། བསྐོར་ཞིང་སྔགས་ལན་གཉིས་བརྗོད་ནས་དབུལ་བ་ནི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས། བྷཱུ་ཏ་པྲེ་ཏ་པི་ཤཱ་ཙཨུ་ནྨཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། སརྦ་སི་དྡྷིཾ་མེ་པྲ་ཡཙྪནྟུ། ཡ་ཐེ་བཾ་ཡ་ཐཻཥྚཾ། བྷུཉྫ་ཐ། པི་ཝ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀཱརྟ་ཡ་ས་ཏ་སུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའོ། །དེ་ལྟར་ཕྱོགས་སྐྱོང་རྣམས་མཉེས་པར་བྱས་ལ་སྒྲུབ་པ་པོ་ཡིས་དངོས་གྲུབ་བླང་བར་བྱའོ། །དེ་ནས་དེ་རྣམས་ཐམས་ཅད་ལ་གོ་ལ་ལ་སོགས་པ་ཕུལ་ཏེ་ཕྱག་རྒྱ་བྱས་པ་དང་དྲིལ་བུ་དཀྲོལ་ཞིང་ཆོ་ག་ལྷག་པ་དང་ཆད་པ་བཤགས་པར་བྱ་བའི་སྔགས་བརྗོད་པ། འདི་ལྟ་སྟེ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱ་ན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ་ཅེས་པ་དང༌། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་བརྗོད་ལ་པདྨའི་ལག་སྐོར་གྱི་ཕྱག་རྒྱས་མཉེས་པར་བྱས་ཏེ། དེ་བཤིག་པ་ལ་འཁྱུད་པའི་ཕྱག་རྒྱས་སྲིན་ལག་དང་མཐེ་པོའི་སེ་གོལ་གཏོགས་ཤིང་ཨོཾ་མུཿ་ཞེས་བརྗོད་ལ་གཤེགས་སུ་གསོལ་ཏེ། འཁོར་ལོ་དང་དེ་ཉིད་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་ཕྱི་རོལ་གྱི་མཆོད་པའི་ཆོ་ག་བརྗོད་པར་བྱ་སྟེ་ནང་པར་སྔ་བར་རྣལ་འབྱོར་པ་བདག་ཉིད་ལངས་ནས་རང་གི་ལྷའི་རྣལ་འབྱོར་དང་


DTG024_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པས་གཙང་བའི་ས་ལ་ལག་པ་གཡོན་པ་བཞག་ནས། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་བདུད་རྩི་དང་དྲི་ཞིམ་པའི་རི་ལུའམ། དེ་དག་གང་རུང་ངམ་རྣམ་ལྔ་ཡིས་ཕྱི་རོལ་གྲུ་གསུམ་ལ་དབུས་སུ་ཟླུམ་པོའི་མཎྜལ་བྱས། དེ་དག་ལ་པདྨའི་ལྟེ་བ་དམར་པོ་ཅན་བྱ་བའམ། བསྒོམས་པའི་སྟེང་དུ་ཐུགས་ཀའི་པཾ་ལས་དེ་ཉིད་ལ་བཾ་གདོན་པར་བྱའོ། །དེ་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་མ་སྤྱན་དྲངས་ཏེ་བཾ་ལ་རབ་ཏུ་གཞུག་པར་བྱའོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་བསྒོམ་པར་བྱས་ལ། དེ་ཉིད་ལ་ཐུགས་ཀའི་ས་བོན་ལས་སྤྲོས་པའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དོ། །དེ་ནས་ལག་པ་གཡོན་པ་ཇི་ལྟ་བ་བཞིན་དག་པར་བྱ་སྟེ། ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་ཅིང་མེ་ཏོག་དབུལ་ལོ། །དེ་ནས་སྙིང་པོ་དང༌། ཉེ་བའི་སྙིང་པོ་དང། རྐང་པ་བརྒྱད་པའི་སྔགས་ཀྱིས་ཀྱང་མེ་ཏོག་དབུལ་ལོ། །དེ་ནས་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་ཡང་ཡི་གེ་གསུམ་དང་སོ་སོའི་མིང་དང་བཅས་པས་མཆོད་པར་བྱའོ། །དེ་ནས་ལག་པ་གཡོན་པའི་མཐིལ་ལ་ཡི་གེ་རྣམས་སོ་སོར་བཀོད་ལ། །དེ་ནས་དེ་རྣམས་ཨོཾ་ཧ་ཞེས་པ་ལ་སོགས་པའི་རང་རང་གི་སྔགས་ཀྱིས་མེ་ཏོག་དབུལ་བར་བྱའོ། །དེ་ནས་ལག་པ་གཡོན་པ་ན་གནས་པའི་མེ་ཏོག་རྣམས་རྐང་པ་བརྒྱད་པའི་སྔགས་བརྗོད་ཅིང་མཎྜལ་ཕུལ་ནས་ལག་པ་ཐལ་མོ་སྦྱར་ལ་སྤྱི་བོར་བཞག་སྟེ། ལག་པ་གཡོན་པ་ན་གནས་པའི་ལྷ་རྣམས་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་སྙིང་པོ་དང༌། ཉེ་བའི་སྙིང་པོ་དང༌། རྐང་པ་བརྒྱད་པ་རྣམས་དང་བསྟོད་པ་བྱས་ནས། །སྡིག་པ་བཤགས་པ་ལ་སོགས་པ་དང༌། བསམ་གཏན་དང་བཟླས་པ་སྨོན་ལམ་གདབ་པ་ལ་སོགས་པ་བྱ་སྟེ། ལྷག་པ་དང་ཆད་པ་བཤགས་པའི་དོན་དུ་ཡི་གེ་བརྒྱ་པ་གདོན་ནོ། །དེ་ནས་ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་པའི་སྔགས་སྔོན་དུ་སོང་བས། པདྨའི་ལག་སྐོར་གྱིས་མཉེས་པར་བྱས། ཕྱག་རྒྱ་ཀྲོལ་ནས་འཁྱུད་པའི་ཕྱག་རྒྱས་སེ་གོ་ལ་གཏོགས་ཏེ་ས་ལ་རེག་ནས། ཨོཾ་མུཿཞེས་


DTG024_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྔགས་བརྗོད་ཅིང་གཤེགས་སུ་གསོལ་བ་དང༌། ལྷ་དེ་ཉིད་བདག་ལ་བཅུག་སྟེ་དེ་ནས་མཎྜལ་གྱི་རེ་ཁཱ་རྣམས་ཕྱག་པར་བྱ་ཞེས་པའོ། །ཆོ་ག་དེ་ལྟར་རིམ་པ་གཉིས་པ་ལ་སོགས་པ་རྣམས་ཀྱི་བསྒོམ་པའི་རིམ་པས་ལྷ་མོ་རྣམས་ལ་མཆོད་པ་བདག་ཉིད་ཀྱིས་གོ་བར་བྱའོ། །དེ་ནས་ལག་པ་མཆོད་པའི་རིམ་པ་བརྗོད་པར་བྱ་སྟེ། ཚོགས་ཀྱི་འཁོར་ལོ་ལ་སོགས་པར་བདག་ཉིད་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ལག་པ་གཡོན་པའི་མཐེ་བོ་དང༌། མཛུབ་མོ་དང༌། གུང་མོ་དང༌། སྲིན་ལག་དང༌། མཐེ་ཆུང་དང༌། མཐེ་བོའི་གདོང་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་རྡོ་རྗེ་སེམས་དཔའ་དང༌། རྣམ་པར་སྣང་མཛད་དང༌། འོད་དཔག་མེད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པའི་རང་བཞིན་རྣམས་ཏེ། ཨོཾ་ཧཿ། ན་མཿཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོཿ། ཕཊ་ཧཾ་ཞེས་པའི་སྔགས་རྣམས་དགོད་པར་བྱའོ། །དེ་ནས་ལག་མཐིལ་དུ་སྐད་ཅིག་གིས་པདྨ་དམར་པོ་འདབ་མ་ལྔ་པ་གཅིག་བསྐྱེད་ལ། །དེའི་ལྟེ་པར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོའི་རང་བཞིན་བལྟའོ། །ཤར་ཕྱོགས་དང༌། བྱང་ཕྱོགས་དང༌། ནུབ་ཕྱོགས་དང༌། ལྷོ་ཕྱོགས་དང༌། མེ་མཚམས་ཀྱི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་མཚན་མོ་མ་དང༌། རྨོངས་བྱེད་མ་དང༌། བསྐྱོད་བྱེད་མ་དང༌། སྐྲག་བྱེད་མ་དང༌། གཏུམ་མོ་རྣམས་ཀྱི་རང་བཞིན། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་ཅེས་པ་རྣམས་ཀྱི་ས་བོན་རྣམས་ནི་སོ་སོའི་ཁ་དོག་ལྟར་བལྟའོ། །དེ་ལྟར་ལག་པར་གནས་པའི་ས་བོན་རྣམས་ཀྱི་གཟུགས་རྣམས་ལག་པའི་མཐིལ་དུའམ་འཁོར་ལོ་གསུམ་ཡོངས་སུ་གསལ་བར་བསྒོམ་པར་བྱའོ། །དེ་ནས་ལག་པའི་མཐིལ་ལ་གནས་པའི་ཡི་གེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་དག་པར་བྱས་པའི་མྱོས་བྱེད་ཀྱིས་བྱུགས་ཏེ། ལག་པའི་མཐིལ་ལ་རྣལ་འབྱོར་མ་རྣམས་རབ་ཏུ་བརྟན་པར་བསྒོམས་ལ། ཞུ་བའི་དེ་ཉིད་ལ་སོགས་པའི་ཡི་གེ་གསུམ་མམ་རྐང་པ་བརྒྱད་པའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ལྟར་ཡང་དག་པར་མཆོད་ནས་ཆོ་ག་ལྷག་པ་དང་ཆད་པ་བཤགས་པར་བྱ་སྟེ། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབ་པའི་དོན་དུ་དེ་བྱ་བ་ལ་སོགས་པ་


DTG024_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསོལ་བ་གདབ་པར་བྱའོ། །ལག་པའི་མཐིལ་ལ་གནས་པའི་རྫས་དེ་རྣམས་རྫས་གཞན་གྱི་སྟེང་ངམ་གཞན་དུ་གཞག་གོ །ལག་པའི་མཐིལ་ལ་སོགས་པའི་རྫས་དེ་ཉིད་སྲིན་ལག་གིས་བླངས་ཏེ། གསུམ་དུ་བྱུག་ཅིང་ཡི་གེ་གསུམ་བརྗོད་དེ། དེ་ཉིད་ལ་གནས་པའི་ལྷ་ཚོགས་རང་ཉིད་ལ་གཞུག་པར་བསམ་མོ་ཞེས་པའོ། །གལ་ཏེ་འདི་ལྷ་ཡང་དེ་སྔོན་གྱི་ཆོ་ག་ལ་ལག་པ་གྱོན་པས་དག་པར་བྱས་ལ་ཆང་དང་བཅས་པའི་སྲིན་ལག་གིས་ས་གཞི་ལ་གྱོན་སྐོར་གྱིས་གྲུ་གསུམ་དུའོ། །དེའི་དཀྱིལ་འཁོར་དུ་སྙིང་གའི་ས་བོན་ལས་བཏོན་པ་ལས་རྡོ་རྗེ་རྣལ་འབྱོར་མ་དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུགས་པར་བལྟས་ལ་བཟའ་རྒྱུ་ལ་སོགས་པ་བདུད་རྩི་ལྔ་ལ་སོགས་པ་ཡོངས་སུ་དག་པ་ཡི་གེ་གསུམ་མམ་རྐང་པ་བརྒྱད་པས་ཕུལ་ནས། ཐོད་པའི་སྣོད་ཀྱི་ཆང་བདུད་རྩིའི་རང་བཞིན་སྲིན་ལག་དང་མཐེ་བོས་བླངས་ལ། བཅོམ་ལྡན་འདས་མ་ལ་ཡི་གེ་གསུམ་དང་སྙིང་པོ་དང༌། ཉེ་བའི་སྙིང་པོ་དང༌། རྐང་པ་བརྒྱད་པ་རྣམས་ཀྱིས་ཡང་དག་པར་མཉེས་པར་བྱའོ། །དུར་ཁྲོད་ཀྱི་ལྷ་རྣམས་ཡི་གེ་གསུམ་གྱིས་མཉེས་པར་བྱའོ། །དེ་ལྟར་ཡང་དག་པར་མཆོད་ནས་ཆོ་ག་ལྷག་པ་དང་ཆད་པར་བཤགས་པའི་དོན་དུ་ཡི་གེ་བརྒྱ་པ་བརྗོད་དེ་ལྷ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་དོན་དུ་སྔ་མ་ལྟར་གསོལ་བ་གདབ་པ་བྱས་ནས། ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷར་རྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་བརྗོད་དེ། སྔོན་དུ་གསུངས་པའི་པདྨའི་ལག་སྐོར་ལ་སོགས་པ་བྱས། དེ་ནས་ནང་གི་སྦྱིན་སྲེག་གི་ཆོ་གའི་རིམ་པ་བྱའོ། །དེ་ནས་ཨོཾ་ཨཱཿ་ཨུཙྪི་ཥྚ་བཛྲ་ཨ་དྷི་ཏིཥྛ་ཨཾ་མཾ་པ་ལིཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཕྱི་རོལ་དུ་ལྷག་མའི་གཏོར་མ་སྦྱིན་པར་བྱའོ། །བདག་གིས་འདི་ཉིད་བྱས་པ་ལས་ནི་བྱུང་བ་ཡི། །བསོད་ནམས་སྟོན་ཀའི་ཟླ་བའི་འོད་ཟེར་བཞིན་དུ་དཀར། །དེ་ཡིས་རྣམ་རྟོག་ཉེས་པ་མ་ལུས་རབ་བཅོམ་ནས། །རྡོ་རྗེ་ལྷ་མོ་དཔལ་གྱི་གོ་འཕང་ཐོབ་པར་ཤོག ། བི་རཱུ་པའི་གདམས་ངག་གི་བརྒྱུད་པ་ཤྲཱི་ཨུ་མ་པ་ཏི་དཏྟཱི་ཞབས་ཀྱིས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐས་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཝཱ་གཱི་ཤྭ་ར་གུཔྟ་པཱ་ད་དང༌། ལོ་ཙཱ་བ་དགེ་སློང་ཆོས་རབ་གཉིས་ཀྱིས་བསྒྱུར་ཅིང་ཞུགས་ཏེ་གཏན་ལ་ཕབ་པ།། །།


previousརྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། ཤྲཱི་ཨུ་མ་པ་ཏི་དཏྟ།next