Nitartha Digital Library
Tibetan
 
previousདཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ། བི་ཏ་པཱ་ད།no next

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ།
བི་ཏ་པཱ་ད།


DTG043_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྚ་ལ་ནོ་པི་ཀ་ཊཱི་ཀཱ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣམ་རྟོག་དྲ་བ་གཏན་བཅོམ་ནས། །ཟབ་ཅིང་ལེགས་པར་གསལ་བའི་སྐུ། །ཀུན་དུ་བྲོད་པའི་བརྩོན་འགྲུས་ལྡན། །འཇམ་དབྱངས་དཀྱིལ་འཁོར་ལ་བཏུད་དེ། །དཔལ་ལྡན་གསང་བ་འདུས་པ་ཡི། །དཀྱིལ་འཁོར་གྱི་ནི་ཆོ་ག་མཆོག །འཇིག་རྟེན་སྒྲོན་མ་ཞེས་བྱ་བ། །བླ་མ་བརྒྱུད་རིམ་བཞིན་དུ་བཤད། །དེ་ལ་རབ་ཏུ་བྱེད་པ་རྩོམ་པར་འདོད་པའི་རྗེ་བཙུན་འདིས། འདོད་པའི་ལྷ་མཆོད་པས་བསོད་ནམས་འཕེལ་ཞིང་བགེགས་ཀྱི་བར་ཆོད་མི་འོང་བར་བསམ་པ་རྫོགས་པར་བྱ་བའི་ཆེད་དུ་དེ་ཉིད་བྱས་ནས་ཡང་དག་པའི་ཤེས་རབ་དང་ལྡན་པ་རྣམས་འཇུག་པའི་རྒྱུ་གསུངས་སོ། །དེ་ལ་ཤེས་བྱའི་སྒྲིབ་པ་སོགས་ཞེས་བྱ་བ་ནས་བཏུད་དེ་ཞེས་པའི་བར་གྱིས་མཆོད་པ་དང་བསྟོད་པ་དང་ཕྱག་འཚལ་བའོ། །གང་གི་ཕྱིར་གོ་རིམས་བཞིན་དུ་མཉེས་ཤིང་ཡང་དག་པའི་ཡོན་ཏན་བརྗོད་པ་དང་ལུས་ངག་གིས་བཏུད་པའི་དངོས་པོ་ལ་ཤེས་པར་བྱའོ། །ཤེས་བྱའི་སྒྲིབ་པ་སོགས་ངེས་པར་གྲོལ་ཞེས་པ་ནི་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ལས་དབང་བསྐུར་བ་ལ་སོགས་པའི་རིམ་པས་འོད་གསལ་བར་ཞུགས་ནས་ངེས་པར་གྲོལ་བ་ཟབ་མོའི་ངོ་བོ་སྟེ་སྦྲངས་པའོ། །མེ་ལོང་ཡེ་ཤེས་ལ་སོགས་ལྡན། །ཞེས་པ་ནི་དེའི་དུས་ན་ཀུན་གཞི་ལ་སོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་གནས་གྱུར་ཅིང་སྐུར་གསལ་བ་སྟེ་ཡི་ཤེས་སུ་དབང་བསྐུར་བ་དེས་ནི་རང་གི་དོན་ཕུན་སུམ་ཚོགས་པ་གསུངས་སོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ། འཇམ་དཔལ་གསང་བའི་འཁོར་ལོ་མཆོག །ཅེས་པ་ནི་གང་འཇམ་དཔལ་ལས་བྱུང་བའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ནི་འཁོར་ལོ་མཆོག་སྟེ་སྐུ་གསུམ་གྱིས་འགྲོ་བའི་དོན་བྱེད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བཏུད་ཅེས་པ་ནི་ཟབ་མོ་གསལ་བར་དགོངས་པའི་ཕྱིར་ཡིད་ཀྱིས་བཏུད་པ་ཡིན་ལ་ལུས་དང་ངག་ནི་དེའི་རྗེས་སུ་འབྲང་བའི་ཕྱིར་དེ་གཉིས་ཀྱི་ངག་ཀྱང་མཐོང་བར་བྱའོ། །རང་དྲན་ཕྱིར་དེ་ཉིད་ཅེས་པ་ནི་བློ་གྲོས་ཅན་གྱི་འཇུག་པའི་ཡན་ལག་དགོས་པ་ལ་སོགས་པ་སྟོན་ཏོ། །དེ་ལ་བདག་གིས་སམ་


DTG043_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་དྲན་པ་གང་དེ་དགོས་པའོ། །འཇམ་དཔལ་གྱི་དཀྱིལ་འཁོར་གྱི་རང་བཞིན་ནམ་རྒྱུད་ལས་ཡང་དག་པར་བསྟན་པ་ནི་བརྗོད་པར་བྱའོ། །རབ་ཏུ་བྱེད་པ་དང༌། དགོས་པ་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པར་གནས་སོ། །དགོས་པ་བསྟན་པའི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་པར་འདུ་བྱེད་པ་ནི་དགོས་པའི་དགོས་པའོ། །དེ་རྣམས་དང་ལྡན་པ་ནི་ཆོས་ཡང་དག་པའོ་ཞེས་གསུངས་པའི་ཕྱིར་རོ། །ད་ནི་སྒྲུབ་པ་པོ་དང༌། སྒྲུབ་པའི་གནས་དང༌། བསྒྲུབ་པར་བྱ་བའི་ཕུན་སུམ་ཚོགས་པ་གསང་བར་རིགས་པ་ལ། འབྲས་བུ་མངོན་དུ་བྱེད་པ་ལ་སྒྲུབ་པ་པོ་ནི་རྒྱུ་ཡིན་པའམ་གཙོ་བོ་ཡིན་པའི་ཕྱིར་དེའི་ཕུན་སུམ་ཚོགས་པ་དང་པོར་གསུངས་པ་དཔལ་ལྡན་ཞེས་ལ་སོགས་པའོ། །དེ་ལ་དཔལ་ལྡན་འདུས་པ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པའོ། །དེའི་ཚུལ་ཞེས་པ་ནི་གཞུང་སྟེ། གཞུང་ལུགས་ཀྱིས་བླ་མ་དམ་པ་བསྙེན་བཀུར་བ་ལས་བྱུང་བའི་ཕྱིར་རོ། །དཀྱིལ་འཁོར་ཞེས་པ་ནི་ཡིད་ཀྱིས་སམ་རྡུལ་ཚོན་གྱིས་སོ། །མན་ངག་རིམ་པ་འདི་ཡིས་ཞེས་པ་ནི་འོག་ནས་འབྱུང་བའི་རིམ་པས་བླ་མ་རྣམས་ལས་གང་ཡང་རུང་བ་ཅིག་མཉེས་པར་བྱ་སྟེ་ཆོ་ག་མ་ཚང་བ་མེད་པའི་དཀྱིལ་འཁོར་གཉིས་གང་རུང་དུ་འོག་ནས་འབྱུང་བའི་རིམ་པས་ཞུགས་ནས་ཞེས་པའི་དོན་ཏོ། །ཆུ་ལ་སོགས་པའི་ཅེས་པ་ནི་ཆུའི་དབང་དང་པོར་བྱས་པའི་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་རྡོ་རྗེ་སློབ་དཔོན་དང་བརྟུལ་ཞུགས་དང་ལུང་བསྟན་པ་དང་དབུགས་དབྱུང་བ་དང་རྗེས་སུ་གནང་བ་མཐའ་བསྐུར་ཞེས་པའོ། །བླ་མས་དེ་ལ་ཞེས་པ་ནི་རྒྱུད་ལས་གསུངས་པའི་མ་ནོར་བའི་ལམ་དུ་བརྟེན་པ་པོས་བུམ་པའི་དབང་རྣམས་བསྐུར་བ་ཞེས་སྦྱར་རོ། །གསང་བའི་དཀྱིལ་འཁོར་ཞེས་པ་ནི་གོང་དུ་བསྟན་པའི་དཀྱིལ་འཁོར་དེ་ཉིད་དུའོ། །དེ་ཉིད་ཐོབ་ཅེས་པ་ནི་འོག་ནས་བསྟན་པ་རྣམས་ཐོབ་པའོ། །དངོས་གང་ཞེ་ན། གསང་དང་ཤེས་རབ་དབང་བསྐུར་བས། །ཞེས་པ་ནི་གོང་དུ་སྨོས་པ་དེ་དག་དང་བཅས་པར་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཞེས་པའི་དོན་ཏོ། །གསང་ཤེས་ཞེས་པ་ནི་བླ་མ་བརྒྱུད་པ་ལས་འོངས་པའི་གསང་བ་དང་མཆོག་ཏུ་གསང་བ་རྡོ་རྗེའི་ཚིག་ཏུ་གཏོགས་པ་རྣམས་ཤེས་


DTG043_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྣལ་འབྱོར་དེ་ཉིད་ཅེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་བསམ་གཏན་ལ་བརྟེན་པ་རྣམས་རྟོགས་པའོ། །ཐེག་པ་གསུམ་མཚམས་དེ་ཉིད་ཤེས། །ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའོ། །བསམ་པ་ཐ་དད་པའི་དབྱེ་བ་སོ་སོར་བསྟན་པའོ། །འོན་ཀྱང་ཐེག་པ་མང་པོ་རྣམས་ནི་སེམས་ཐ་དད་པའོ། །ཇི་སྐད་དུ་ལང་ཀར་གཤེགས་པ་ལས། ལྷ་དང་ཚངས་པའི་ཐེག་པ་ནི། །ཉན་ཐོས་རྣམས་ཀྱི་དེ་བཞིན་དང༌། །རང་རྒྱལ་དེ་བཞིན་གཤེགས་པ་དང༌། །ཐེག་པ་ཆེ་དག་བདག་གིས་བསྟན། །སེམས་ནི་ཇི་སྲིད་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །འདིར་འཇིག་རྟེན་ལས་འདས་པའི་ཐེག་པ་གསུམ་གྱིས་ས་མཚམས་ཀྱི་ཁོ་ན་ཉིད་རིག་པའོ། །རིག་པ་ཞེས་པ་ནི་ཕྲེང་བའི་སྔགས་ལ་སོགས་པ་ལ་ལས་ཀྱི་བྱེ་བྲག་གིས་བསྐུལ་བ་དང་བཅས་པའི་རིག་པའོ། །སྙིང་པོ་ཞེས་པ་ནི་ཧཱུཾ་ལ་སོགས་པའི་ས་བོན་ནོ། །སྔགས་ཞེས་པ་ནི་དབྱུང་བ་དང་བསྐུལ་བའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །ཏིང་འཛིན་རིམ་པ་གསུམ་དག་དང༌། །ཞེས་པ་ནི་དང་པོ་ལ་སོགས་པ་ཡན་ལག་དང་བཅས་པ་རྟོགས་པའོ། །ཐུན་མོང་ཞེས་པ་རིག་འཛིན་ལ་སོགས་པ་སྟེ། སའི་དབང་ཕྱུག་དང་འཕགས་པ་ཉན་ཐོས་དང༌། འཇིག་རྟེན་པའི་ལྷ་ཆེན་པོ་དང་རྣལ་འབྱོར་རྒྱུད་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའོ། །ཅིག་ཤོས་དངོས་གྲུབ་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། རྒྱུད་ཚུལ་གྱིས་ནི་རྣམ་དབྱེ་ཤེས། །ཞེས་པ་ནི་རྒྱུད་འདིའི་རིམ་པས་སྒྲུབ་པའི་ཐབས་ལ་སོགས་པའི་རྣམ་པའི་དབྱེ་བ་ཤེས་པའོ། །དམ་ལྡན་རྩ་བའི་ལྟུང་བྱེད་བཅུ་བཞི་ནི་སྤང་བར་བྱ་བའོ། །གསོང་པ་ལ་སོགས་པ་དང་བདུད་རྩི་ལ་སོགས་པ་ནི་བསྲུང་བར་བྱ་བའོ། །སྔོམ་པ་ལ་གནས་པ་ཞེས་པ་ནི་སྤོམ་པའི་ལྟུང་བྱེད་ནི་བསྲུང་བར་བྱ་བའོ། །སྤྱོད་ཡུལ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པར་བལྟ་བ་ནི་བསྲུང་བར་བྱའོ། །ཤེས་རབ་རྣལ་འབྱོར་ལ་བརྩོན་པ། །ཞེས་པ་ནི་འདིའི་གཞུང་ལུགས་ཀྱིས་མངོན་པར་བྱང་ཆུབ་པའི་སྙིང་པོ་ཡིན་པས་ན་དེ་དང་སྦྱོར་བ་ལ་བརྩོན་ཞིང་དེའི་རྣལ་འབྱོར་ལ་གནས་པའོ། །སྔགས་རྒྱུད་སྤྱོར་བ་རབ་ཤེས་པ། །ཞེས་པ་ནི་ལེའུ་བཞི་པ་ལས་


DTG043_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་སྔགས་དང་འབྲེལ་པ་སྤྱོར་བ་ཞི་བ་ལ་སོགས་པའི་དབྱེ་བ་དང་བུམ་པ་རྣམས་སྟ་གོན་དུ་གནས་པ་ལ་སོགས་པ་ཤེས་པའོ། །སྔགས་དང་བསམ་གཏན་དང་རྫས་རྣམས་འབྲེལ་བའི་ཕྱིར་རོ། །སེམས་ཅན་དོན་བསྒྲུབ་འོས་པ་ཡིན། །ཞེས་པ་ནི་ལས་དེ་རྣམས་ཀྱི་སྒོ་ནས་སོ། །འོ་ན་བླ་མ་ཆེན་པོའི་ཞལ་ནས་གསུངས་པའི་སྒྲུབ་པ་པོའི་མཚན་ཉིད་ལས་གཞན་པ་ཅི་ཡིན་ནོ་སྙམ་པ་བསལ་བའི་ཕྱིར། གཏོང་བ་ཞེས་པ་ལ་སོགས་པའོ། །གཏོང་བ་ཞེས་པ་ནི་སྦྱིན་པའོ། །བརྟན་པ་ཞེས་པ་ནི་བསམ་གཏན་ནོ། །དེ་དང་པོར་བྱས་པའི་ཚུལ་ཁྲིམས་ལ་སོགས་པ་རྟོགས་པར་བྱའོ། །དེ་ཡི་ཡོན་ཏན་འདི་མཆོག་ཡིན། །ཞེས་པ་ནི་འདིའི་གཞུང་ལུགས་ཀྱིས་རྗེས་སུ་སྤྱོད་པ་ནི་ཡོན་ཏན་དུ་གསུངས་སོ། །དེ་མ་ཡིན་པར་གྱུར་ན་ལོག་པར་སྣང་བར་འགྱུར་བའི་ཕྱིར་རོ། །བརྗོད་པའི་ཡོན་ཏན་མི་ལྡན་ཞེས་པ་ནི་གོང་དུ་སྨོས་པའི་ཡོན་ཏན་རྣམས་དང་མི་ལྡན་ན་སེམས་ཅན་གྱི་དོན་མེད་པས་སྒྲུབ་པ་པོ་མ་ཡིན་ནོ། །དེ་ལྟར་ཐུན་མོང་གི་སྒྲུབ་པའི་མཚན་ཉིད་གསུངས་ནས། ཁྱད་པར་དུ་བྲི་བའི་མཚན་ཉིད་གསུངས་པ་བརྩེར་ལྡན་ཞེས་པ་ལ་སོགས་པའོ། །བརྩེར་ལྡན་ཞེས་པ་ནི་སྙིང་རྗེ་དང་ལྡན་པའོ། །བརྟུལ་ཞུགས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ལ་སོགས་པའི་ཆོས་སུ་གསུངས་པའོ། །བཟླས་ལྡན་ཞེས་བ་ནི་རང་གི་ལྷའི་བཟླས་པ་བྱས་པས་བརྟན་པའམ་གྲུབ་པའི་མཚན་མ་མཐོང་བ་འམ་མ་ཐོབ་པ་ཞེས་པའི་དོན་ཏོ། །དད་ལྡན་ཞེས་པ་ནི་དད་པ་དང་ལྡན་པས་དམིགས་པ་ལ་མི་འཁྲུལ་པའི་ཕྱིར་རོ། །ཟབ་མོའི་དེ་ཉིད་ཤེས་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པའོ། །རང་གི་འཁོར་གནས་སྔོན་བསྙེན་པ། །བྱས་ནས་ཞེས་པ་ནི་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་ནས་དང་པོའི་ལས་ཅན་གྱི་ཐུན་མཚམས་བཞིར་འོག་ནས་འབྱུང་བའི་རིམ་པས་དང་པོའི་རྣལ་འབྱོར་ལ་སོགས་པ་ཡན་ལག་དང་བཅས་པས་སྔོན་དུ་བསྙེན་པ་བྱ་ཞིང་དཀྱིལ་འཁོར་བྲི་བར་བྱ་ཞེས་པ་ནི་སློབ་མ་རྣམས་དབང་བསྐུར་བའི་དཀྱིལ་འཁོར་བྲི་བར་བྱ་བའི་དོན་ཏོ། །དེ་བཞིན་དུ་ཅུང་ཟད་ཡེ་ཤེས་ལ་དབང་ཐོབ་པ་དང་ཡེ་ཤེས་ལ་དབང་ཐོབ་པས་ཀྱང་རང་གི་འཁོར་ལོ་ལ་གནས་ནས་


DTG043_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་སྒྲུབ་པ་ལ་སོགས་པ་ཡན་ལག་དང་བཅས་པ་དང་ཡི་གེ་གསུམ་གྱི་མཚན་ཉིད་བཟླས་པ་ཅན་གྱིས་ཐུན་མཚམས་བཞིར་རམ་ཉིན་མཚན་དུ་བསྙེན་པ་བྱས་ནས་ཅི་རིགས་པར་སློབ་མ་རྣམས་ལ་དབང་བསྐུར་བ་དང༌། རང་ཉིད་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པའི་དོན་ཏོ། །གནས་ཕུན་སུམ་ཚོགས་པ་གསུངས་པ་གང་ཞིག་ཅེས་པ་ལ་སོགས་པ་ནི་གང་ཡང་རུང་བ་ཞེས་པའི་དོན་ཏོ། །ཡིད་འོད་གནས་སུ་ཞེས་པ་ནི་མེ་ཏོག་ལ་སོགས་པས་ཡིད་དགའ་བའི་ཡུལ་ཐམས་ཅད་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་ན་གང་ཡང་རུང་བའི་གནས་སུ་སྔོན་དུ་བསྙེན་པ་བྱས་ནས་ཡིད་དུ་འོང་བའི་གནས་སུ་དཀྱིལ་འཁོར་བྲིའོ་ཞེས་གཞན་དག་ཀྱང་བཤད་དོ། །གོང་དུ་གསུངས་པའི་གནས་དེ་ཕྱི་བའི་ཚུལ་གྱིས་དག་པར་བྱ་བ་གསུངས་པ། ཙནྡན་མཆོག་ལ་སོགས་པས་བྱུག །ཅེས་པ་ནི་དེར་སྟེགས་བུ་གྲུ་བཞིར་བྱས་པ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་པོ་ཙནྡན་ལ་སོགས་པས་བྱུགས་ཤིང་དྲི་ཞིམ་པོའི་མེ་ཏོག་ཁ་དོག་དང་དབྱིབས་སྣ་ཚོགས་པ་ཡང་ཀུན་དུ་དགྲམ་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་སྔོན་དུ་བསྙེན་པ་བྱས་ནས་སུ། །ཞེས་པ་ནི་དེ་ལ་བསྙེན་པའི་རང་བཞིན་ལ་དང་པོ་རྣལ་འབྱོར་གསུངས་པ་ནང་པར་ཞེས་པ་ལ་སོགས་པའོ། །ནང་པར་ཞེས་པ་ནི་སྒྲུབ་པ་པོ་ཕལ་ཆེར་དེའི་དུས་སུ་གཡེང་བ་དང་བྲལ་བའི་ཕྱིར་རོ། །ཡང་ན་བྱིས་པས་བསྐལ་པའི་རྣལ་འབྱོར་བ་ཁྱད་པར་དུ་དལ་བའི་དུས་ཡིན་ནོ། །ཡང་ན་ཐུན་མཚམས་ཀྱི་དང་པོ་ཡིན་པའི་ཕྱིར་ཡང་གསུངས་སོ། །ཤར་བལྟས་འདུག་ནས་ནི་ཞེས་པ་ནི་རང་གི་ལྷ་དང་མཐུན་པར་བྱ་བའི་ཕྱིར་བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་ནས་ནི་ཞེས་པའོ། །རྣམ་པར་ཐར་པའི་སྒོ་དག་ཅེས་པ་ནི་སྟོང་པ་ཉིད་ལ་སོགས་པས་སྙིང་པོའི་ས་བོན་ལ་སོགས་པ་དག་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཟབ་མོ་དང་གསལ་བའི་ངང་གིས་སེམས་དག་པར་འགྱུར་བའི་དོན་དུ་སྟོང་ཉིད་ལ་སོགས་པ་ནི་ཐམས་ཅད་དུ་རྟོགས་པར་བྱའོ། །རང་སྙིང་ཟླ་བར་འོད་འབར་མཾ། །ཞེས་པ་ནི་སྨོན་ལམ་གྱི་དབང་གིས་ཚད་མེད་བཞིའི་སྐུ་ཡིན་པར་བཀའ་སྩལ་ལོ། །དགེ་བ་འཕེལ་ཕྱིར་ཞེས་པ་ནི་རས་ཤིན་ཏུ་དཀར་པོས་ཚོན་འཛིན་པ་དང་འདའ་བར་དགེ་བ་འཕེལ་བས་དཀྱིལ་འཁོར་ལོར་འཇུག་པར་


DTG043_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་དོན་ཏོ། །གཤེགས་པ་ལ་སོགས་རབ་ཏུ་བྱ། །ཞེས་པ་ནི་འོག་ནས་འབྱུང་བའི་རིམ་གྱིས་རབ་ཏུ་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་བྱ་ཞེ་ན། རྟེན་གསུངས་པའི་ཕྱོགས་བཅུ་ཞེས་པ་ལ་སོགས་པའོ། །ཆོ་ག་བཞིན་དུ་ཞེས་པ་ནི་མཆོད་པ་པོ་དང་མཆོད་པ་དང་མཆོད་པའི་གནས་གསུམ་ཡང་རྨི་ལམ་བཞིན་དུ་དོན་མེད་པར་མཉམ་པ་ཉིད་དུ་རྟོགས་པའོ། །རང་གི་ལོག་རྟོག་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །དེ་ལས་བྱུང་བ་ནི་ཉེས་བྱས་ཞེས་ཏེ་མཚམས་མེད་པ་ལྔ་ལ་སོགས་པ་དུས་གསུམ་དུ་བྱས་པ་རྣམས་ཞེས་པ་གོང་དུ་སྨོས་པའི་རྟོག་པས་སྲིད་པའི་རྒྱུན་ལ་སོགས་པ་རྣམས་སོ། །རྨི་ལས་རྨི་ལམ་སོགས་ཞེས་པ་ནི་རྨི་ལམ་དང་པོར་བྱས་པའི་སྒྱུ་མ་ལ་སོགས་པ་བཞིན་དུ་དོན་མེད་པར་བྱའོ་ཞེས་པའི་དོན་ཏོ། །ལན་གསུམ་ཞེས་པ་ནི་གཤེགས་པ་པོ་དང་གཤེགས་བྱ་དང་གཤེགས་པ་གསུམ་མཉམ་པ་ཉིད་དུ་རྟོགས་པའོ། །རྫོགས་སངས་ཞེས་པ་ནི་རྟག་པ་ལ་སོགས་པའོ། །སྲས་མཆོག་ཅེས་པ་ནི་སའི་སྙིང་པོ་ལ་སོགས་པའོ། །འཕགས་པ་ཞེས་པ་ནི་བདུད་རྩི་འཁྱིལ་པ་ལ་སོགས་པའོ། །གཞན་ཞེས་པ་ནི་བཛྲ་ཧེ་རུ་ཀ་ལ་སོགས་པའོ། །དགེ་བ་དམ་པ་གང་ཞེས་པ་ནི་ངན་པར་བསྙིལ་བར་བྱེད་པ་དེ་ཟབ་མོ་དང་གསལ་བར་སྤྱོད་པའོ། །དེ་མ་ལུས་པར་བདག་གིས་ཡི་རང་ཞིང་བདག་གིས་བྱ་བའོ། །རྫོགས་བྱང་ཆུབ་ཏུ་རྗེས་བསྔོ་བགྱི། །ཞེས་པ་ནི་དགེ་བའི་རྩ་བ་དེ་དག་ཀྱང་གསང་སྔགས་ཀྱི་བྱང་ཆུབ་ཏུ་བསྔོ་བོར་བྱའོ། །སེམས་ཅན་ཀུན་གྱི་དབུགས་འབྱིན་པ། །ཞེས་པ་ནི་གཡང་སའི་ལམ་ལས་སྒྲོལ་བར་བྱེད་ཅེས་པའོ། །སངས་རྒྱས་ཀུན་ལ་ཞེས་པ་ནི་མདུན་ན་བཞུགས་པ་ལའོ། །གསོལ་བ་བཏབ་པར་བྱ་སྟེ། ཇི་ལྟར་གདབ་པར་བྱ་ཞེ་ན་ནམ་མཁས་ཀུན་དུ་ཁྱབ་པ་ལྟང་བསྟན་པས་ཀྱང་འཇིག་རྟེན་གྱི་ཁམས་ཀུན་དུ་རྒྱས་པར་མཛོད་ཅིག་ཅེས་པའི་དོན་ཏོ། །ཀུན་དུ་རྟོག་པ་མ་ལུས་དག་འགྱུར་ཞིང༌། །ཞེས་བ་ཟབ་མོའི་ངོ་བོའོ། །ཞེས་བ་ཟབ་མོའི་ངོ་བོའོ། །རང་རིག་དགའ་བ་ཐུགས་ཆུད་ལ། །ཞེས་པ་ནི་ཡང་དག་པར་གསལ་བའོ། །དེའི་ལས་གསུངས་པ་བདག་གཞན་དོན་གྱི་འབྲས་སྩོལ་ཞེས་པའོ། །སེམས་མཆོག་མ་ལུས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ལུང་ཤེས་པ་ནི་གཟིངས་དང་འདྲ་བའི་ཆོས་སོ། །རྟག་པ་ཡིས་ཞེས་པ་ནི་བསམ་གྱིས་


DTG043_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པའི་རང་བཞིན་ནོ། །དམ་པའི་ཕུན་སུམ་ཚོགས་པའི་རྟེན། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་བསྒོམས་པ་ལས་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་དེ་ལས་འབྱུང་བའི་ཕྱིར་རོ། །མི་ལྡོག་དབུགས་འབྱིན་ཐོབ་འགྱུར་ཞིང་། །ཞེས་པ་ནི་གང་གསང་བའི་དབང་བསྐུར་བ་ལ་སོགས་པས་ཆོས་དང་བྲལ་ཞིང་འབྲོག་དགོན་པ་ལས་དབུགས་འབྱིན་པ་ཐོབ་པ་སྟེ། རྒྱུ་མཐུན་ལ་སོགས་འབྲས་བུར་ལྡན། །ཞེས་པ་ནི་ལོངས་སྤྱོད་པ་བཞི་དང་རྟོག་པ་ཉིད་དུ་ལྡན་པའོ། །ཐུབ་དབང་སྲས་ཀྱི་ལམ་གྱི་མཆོག །ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །མཐའ་ཡས་མཆོག་གི་སྤྱོད་ཤེས་པ། །ཞེས་པ་ནི་དེ་ཉིད་སངས་རྒྱས་ཀུན་གྱི་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་རང་བཞིན་གྱི་བློ་གཤེགས་ཤིང་དེ་ལ་བརྟེན་པ་ཡིན་ནོ། །བླ་མ་ཆེན་པོའི་ཞལ་སྔ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་གུད་དུ་གསུངས་སོ། །རྗེ་བཙུན་གྱི་དགོངས་པ་ནི་སྨོན་པ་ཉིད་ལམ་གྱིས་འགྲུབ་པས་གུད་དུ་མ་ཕྱུང་སྟེ་འདི་ཉིད་དུ་འདུས་པར་གསུངས་པའོ། །དེ་ལྟར་བསོད་རྣམས་ཀྱི་ཚོགས་རྫོགས་པར་བྱས་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་འཇུག་པ་བྱང་ཆུབ་སེམས་གསུངས་པའི་སྒྲིབ་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །སྒྲིབ་པ་ཐམས་ཅད་ཡང་དག་སེལ། །ཞེས་པ་ནི་ཤེས་བྱའི་སྒྲིབ་པ་ལ་སོགས་པ་བག་ཆགས་དང་བཅས་པ་བསལ་ཏེ་སྤངས་པའོ། །ཡེ་ཤེས་མཐའ་ཡས་བདུད་རྩིའི་གནས། །ཞེས་པ་ཀུན་གཞི་ལ་སོགས་པ་གནས་གྱུར་ཅིང་མེ་ལོང་ལ་སོགས་པ་བདུད་རྩི་ཐོབ་པར་བྱེད་པ་ཡེ་ཤེས་རང་གི་དོན་ཏོ། །གཞན་གྱི་ངོན་ནི། འཁྲུལ་བའི་བྱ་བ་རབ་རྟོགས་ཕྱིར། །ཞེས་པ་ནི་སྲིད་པ་གསུམ་དུ་ཡོངས་སུ་བྱིང་བའི་སེམས་ཅན་རྣམས་ལུས་དམ་པར་བལྟ་བ་ལ་སོགས་པས་ཟིན་པ་རྟོགས་ནས་ཞེས་པའི་དོན་ཏོ། །བྱང་ཆུབ་ལ་ཡིད་བཀོད་པར་བྱ། །ཞེས་པ་ནི་སྙིང་རྗེ་བསྐྱེད་པའོ། །དེའི་དོན་ནི་སྒྲིབ་བ་རྣམས་བསལ་ཏེ་ཡེ་ཤེས་བདུད་རྩི་ལྟ་བུ་མངོན་དུ་བྱས་ནས་སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་སྒྲོལ་བར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྐྱེད་པའི་བསམ་པས་འོག་ནས་འབྱུང་བའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་ལས་སངས་རྒྱས་ཉིད། །


DTG043_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་ལོ། །རྒྱུ་དང་འབྲས་བུར་མ་ཆགས་ཉིད། །ཅེས་པ་ནི་གཞན་གྱིས་བརྟགས་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་ལ་མ་ཆགས་པ་སྟེ་མཚན་མ་མེད་པའོ། །འབྲས་བུ་ནི་རྒྱལ་རིགས་ལ་སོགས་པ་དེ་དང་ཕྱུག་པ་ལ་སོགས་པ་དེའི་ངོ་བོ་ལ་མ་ཆགས་པ་སྟེ་སྨོན་པ་མེད་པའོ། །སོ་སོ་རང་ཉིད་ཆོས་ཉིད་ཕྱིར། །ཞེས་པ་ནི་ཆོས་ཐམས་ཅད་གཟུང་འཛིན་གྱི་རང་བཞིན་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་སྟོང་པ་ཉིད་དེ་དེའི་བདག་ཉིད་ནི་བདག་ཡིན་ནོ་ཞེས་བསྒོམ་པར་བྱས་ནས་སྔགས་འདིས་བརྟེན་པར་བྱའོ། །ཨོཾ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་ལྷའི་སྐུའི་བདག་ཉིད་དོ། །ཤཱུ་ཉ་ཏཱ་ཉིད་ཛྙཱ་ནའོ། །དེ་ཉིད་བཛྲ་སྟེ་སྭ་བྷཱ་བ། དེ་ཨཱཏྨ་ཀོ་ཧཾ་ཞེས་སོ། །སྔགས་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དོན་དམ་པར་གཅིག་ཏུ་བྱས་ནས་ཀུན་དུ་དེ་ཁོ་ན་ཉིད་གསུམ་གྱི་ཡི་གེ་ཧོ་གཉིས་ཀྱི་བར་དུ་གནས་པ། ཟླ་བའི་སྟེང་དུ་གནས་པར་བསམ། །ཞེས་པ་བརྒྱུད་པ་ལ་ས་འོངས་པའོ། །དེ་ལྟར་ཚོགས་རྫོགས་པར་བྱས་ནས་བགེགས་ཀྱི་ཚོགས་དགག་པའི་དོན་དུ་སྲུང་བའི་འཁོར་ལོའི་གཙོ་བོའི་ངེས་པ་གསུངས་པ། ཧཱུཾ་མཛད་ལ་ཞེས་པ་སོགས་པའོ། །ཧཱུཾ་མཛད་ནི་ཁམས་གསུམ་རྣམས་པར་རྒྱལ་བའོ། །གཙུག་ཏོར་དག་ཅེས་པ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པ་བདུན་གང་ཡང་རུང་བའོ། །རྟོག་པ་ལ་སོགས་པ་ཞེས་པ་ནི་བདེ་བར་གཤེགས་པ་དྲུག་གོ །ཁོ་བོ་འཁོར་ལོ་གནས་བསྲུང་ཕྱིར། །ཞེས་པ་ནི་རྩིབས་བཅུ་ལ་གཤིན་རྗེ་གཤེད་ལ་སོགས་པ་རྫོགས་པའི་ཏིང་ངེ་འཛིན་གྱིས་བསྒོམས་ནས་ཐེག་པ་ཆུང་དུ་རྣམས་ལ་བྱང་ཆུབ་བར་བསུང་བར་བྱ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །དེའི་དོན་ནི་འདི་ལྟ་སྟེ། རང་གི་མདུན་དུ་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འོད་འབར་བས་ཕྱོགས་བཅིང་པ་དང་མཚམས་བཅད་པ་དང་གཟིར་བར་དང་རྡོ་རྗེས་ཁྱབ་པར་བྱས་པའི་ས་གཞི་བསྒོམ་ནས། དེའི་དབུས་སུ་ཇི་སྐད་དུ་གསུངས་པའི་བསྲུང་བར་བྱ་བའི་དོན་དུ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཆོས་ཀྱི་དབྱིངས་བསམ་སྟེ། །ཞེས་པ་ནི་སྲུང་བའི་འཁོར་ལོའི་གཙོ་བོ་རྡོ་རྗེ་འཆང་ཆེན་པོར་གནས་གྱུར་ནས་དེ་ལས་གྱུར་པའི་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་བསྒོམ་པར་བྱའོ་ཞེས་


DTG043_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཏོ། །དབྱངས་ཡིག་མཚན་དང་ཡང་དག་ལྡན། །ཞེས་པ་ལ་སོགས་པས་ནི་འདི་སྟོན་པར་བྱེད་དོ། །ཡི་གེ་གསུམ་ནང་དུ་བཞུགས་པ་ལ་སྔོན་རྫོགས་པར་བྱེད་པའི་ཆེད་དུ་དེ་བཞིན་གཤེགས་པ་རྣམས་མངོན་དགར་གཤེགས་པར་བྱས་ནས། ཇི་སྐད་དུ་གསུངས་པའི་ཡི་གེ་བྲིང་བ་གཉིས་སུ་གྱུར་ནས་དེ་ནས་འབྱིན་པར་བྱ་སྟེ། ཡི་གེ་གསུམ་དྲངས་པ་ལ་སོགས་པའི་རིམ་པས་དབུ་མའི་ཟླ་བའི་གདན་ལ་ཟླ་བ་གཉིས་སུ་གྱུར་པ་ནི་བརྒྱུད་པའོ། །ཡེ་ཤེས་ཟླ་བ་གཉིས་གཅིག་ཏུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཟླ་བ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །སྤྲུལ་པས་འགྲོ་བའི་དོན་བྱས་ནས། །ཞེས་པ་ནི་ས་བོན་གྱི་འོད་ཟེར་ལས་འཕྲོས་པའི་བདེ་བར་གཤེགས་པ་རྣམས་ཀྱིས་སེམས་ཅན་རྣམས་སངས་རྒྱས་པར་བྱས་ས་བོན་ལ་ཐིམ་སྟེ། བདག་ཉིད་དེ་ཡིད་རྒྱལ་ལྡན། །ཞེས་པ་ནི་ཇི་ལྟར་དེ་བཞིན་གཤེགས་པ་དེ་དག་དེ་ལྟར་བདག་གི་རང་བཞིན་ཞེས་པའི་དོན་ཏོ། །སྐུ་དང་ཞལ་མཆོག་ཅེས་ཟླ་འདྲ། །ཞེས་པ་ལ་སོགས་པ་ནི་སྟོན་པར་བྱེད་དེ། ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་སེམས་དཔར་བྱས་ནས་ས་བོན་ལ་བཅུག་སྟེ་གནས་པ་ལས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་རྡོ་རྗེ་སེམས་དཔར་བསྒོམ་མོ་ཞེས་པའི་དོན་ཏོ། །དེ་ནས་འདོད་ཆགས་ཆེན་པོ་ཡིས། །ཞེས་པ་ལ་སོགས་པས་འགྲོ་བ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་སྣོད་དུ་རུང་བར་བྱ་བ་སྟོན་ཏོ། །དེ་ལ་འདོད་ཆགས་ཆེན་པོ་ཡིས། །འདུལ་བའི་འཇིག་རྟེན་ཞེས་པ་ནི་གང་ན་གཉིས་ཀྱིས་གཉི་སྤྲོད་པའི་འདོད་ཆགས་སོ། །འགྲོ་བ་དབུགས་དབྱུང་ཕྱིར་ནི་ཞེས་པ་སྣོད་དུ་རུང་བར་བྱ་བའི་ཕྱིར་རོ་ཞེས་དགོངས་པའོ། །དབུགས་འབྱིན་འགྲོ་བ་དེ་མཐོང་ཞེས་པ་ནི་དབང་བསྐུར་བས་དེ་རྣམས་སྣོད་དུ་རུང་ཞིང་ཟླ་བར་ཞུ་བ་དེ་མཐོང་ནས་ཞེས་པའོ། །དེ་ཡི་དངོས་བྱུང་ས་བོན་གྱིས། །སེམས་ཅན་ཐམས་ཅད་བསྐྱེད་ནས་ཞེས་པ་ལ་སོགས་པ་ནི་རང་གི་རང་བཞིན་ལས་བྱུང་བ་དང༌། ཆོས་ཀྱི་རང་བཞིན་ལས་བྱུང་བ་སྟེ། དེ་ཡང་རྣམ་པར་དབྱེ་བའི་དབང་དུ་བྱས་ནས་མིག་ལ་སོགས་པ་རྣམས་བསྐྱེད་པའི་དང་རྣམ་པར་དག་པའི་དབང་དུ་བྱས་ནས་ཟླ་བ་ཞུབ་པ་ལས་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་དེ་ལས་སའི་སྙིང་པོ་ལ་


DTG043_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཀུན་འདུས་པར་བྱས་ནས་བློའི་ཕྱི་རོལ་དུ་སེམས་ཅན་ཐམས་ཅད་སྤྲོས་ནས་དབྱུང་བར་བྱའོ་ཞེས་སོ། །ས་བོན་གྱིས་དབྱུང་བར་བྱའོ་ཞེས་པ་ནི་སྐབས་མི་ཤེས་པའོ། །འཇུག་པའི་བློ་ཡིན་པའི་ཕྱིར་མན་ངག་གཞན་ཇི་སྐད་བཤད་པའི་ཕྱིར་རོ། །བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང་སྐྱེད་པར་བྱེད་པའི་དོན་དུ་གསུངས་ཀྱི། སྤྲོ་བར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་མ་ཡིན་ནས་བོན་མཐའ་ཡས་པར་ཐུག་པ་མེད་པའི་ཕྱིར་རོ། །ཕྱི་གནས་པའི་ཞེས་པ་ནི་སྐྱེ་མཆེད་ཀྱི་དབང་དུ་བྱས་པའོ། །ཕྱི་ནང་བདག་ཉིད་ཅེས་པ་རྒྱུད་ཀྱི་དབང་དུ་བྱས་པའོ། །འགྲོ་བའི་ཆོས་བདག་ཉིད་ཅེས་པ་ནི་ས་ལ་སོགས་པ་དག་དེ་བཞིན་ཉིད་དང་འདྲེས་པའོ། །ཨོཾ་ཨཱཿ་ཧཱུཾ་ཞེས་པ་འདིས་དེའི་སེམས་ཤེས་པ་ལ་སོགས་པས་ནི་ཆུང་དུའི་རྒྱུ་མཐུན་པའི་འབྲས་བུའི་གསུངས་སོ། །རྒྱུ་མཐུན་ཆུང་དུ་དག་ཕྱིར་རོ། །ཞེས་པ་ནི་ཞུ་པ་ལ་སོགས་པ་རིམ་པས་ལྷའི་སྐུར་སྣང་བར་བྱེད་པའི་ཕྱིར་རོ། །འབར་བའི་འདོད་ཆགས་མེ་དེས་ནི། །ཞེས་པ་ནི་འདོད་ཆགས་ཆེན་པོ་ལྡན་པའི་ཕྱིར་རིག་མ་སྐུ་མདོག་དམར་པོར་འགྱུར་བའི་སྟོབས་ཀྱིས་ཆུ་སྐྱེས་ཀྱི་ནང་དུ་ཆུད་པའི་ཡི་གེ་ལྔ་འོད་དུ་ཞུ་བ་ལས་དེའི་འོད་དམར་པོ་འཕྲོས་པས་སྐུ་གཉིས་ཏེ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་བྱང་ཆུབ་སེམས་སུ་གནས་པ་ཅེས་པའི་དོན་ཏོ། །བཤེས་གཉེན་མཆོག་ལྟར་ཕྱོགས་ལྷ་མོ། །ཞེས་པ་ནི་དགེ་བའི་བཤེས་གཉེན་གྱི་ངོ་བོ་རྟེན་འབྲེལ་གྱི་ཚུལ་དུ་ལྷ་མོ་རྣམས་ཀྱིས་གླུས་གསོལ་བ་འདེབས་པར་བསྐུལ་ཞེས་སོ། །ས་བོན་བསྒོམས་པའི་རྗེས་ལ་བྱམས་པ་ལ་སོགས་བསྒོམ་པས་འདིར་ཤི་བར་མི་འགྱུར་ཏེ་ཆོས་ཀྱི་དབྱིངས་སྣང་བར་འགྱུར་རོ། །དེ་ཡང་ཞུ་བ་ལས་འབྱུང་བའི་མཱ་མ་ཀཱི་ལ་སོགས་པས་བསྐུལ་ནས་དེ་ཉིད་དུ་ཐིམ་པར་བྱའོ་ཞེས་པ་ནི་མན་ངག་གོ །གསོལ་བ་བཏབ་པས་བསླང་བ་སྟེ། །ཞེས་པ་གླུས་བསླང་པའོ། །ཞུ་བ་བརྒྱུད་པ་ལྟར་མཐོང་ནས། །ཞེས་པ་ནི་སེམས་ཅན་གྱི་དོན་བྱེད་པ་དང་བྲལ་བའི་ཕྱིར་རོ། །དངོས་རྣམས་སྒྱུ་མ་ལྟར་རིག་ནས། །ཞེས་པ་ནི་རྒྱུ་རྐྱེན་ལ་བརྟེན་ཏེ་འབྱུང་བའི་ཕྱིར་སྒྱུ་མ་ལྟ་བུར་རིག་པར་བྱས་ནས་ཞེས་སོ། །རང་སྔགས་དོན་དུ་སླར་ཡང་འགྱུར། །ཞེས་པ་ནི་བཅུ་པ་ལས་ས་བོན་དུ་གྱུར་པ་ལ་སོགས་པའི་རིམ་པས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འཇམ་པའི་


DTG043_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་གཟུགས་སུ་བསྒོམ་མོ་ཞེས་པའི་དོན་ཏོ། །སྲིད་པ་ཆགས་པ་ཞེས་པ་ཀུན་རྫོབ་ཁོ་ནར་ཞེས་པས་སྲིང་བ་མཐའ་ཡས་ཞེས་གསུངས་སོ། །ཞི་བར་ཆགས་ན་ཞེས་པ་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་སྣང་བ་མེད་པའོ། །བཀྲ་ཤིས་མིན་ཞེས་པ་ནི་འགྲོ་བའི་དོན་བྱེད་པ་དང་བྲལ་བའོ། །འོ་ན་ཇི་ལྟ་བུ་ཞེ་ན། །སྒྱུ་མས་བསྙེན་པ་ཡང་དག་བྱ། །ཞེས་པ་ནི་གོང་མའི་རིམ་པས་བསྙེན་པ་བྱས་ནས། ཆོས་དབྱིངས་བདག་ཉིད་ཅན་དུ་འགྱུར། །ཞེས་ཏེ་ཟབ་མོ་དང་གསལ་བའི་སྐུར་གྱུར་ཏོ་ཞེས་པའི་དོན་ཏོ། །བཤེས་གཉེན་དམ་པས་རྒྱུ་མཐུན་བྱས། །ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་འཇམ་དབྱངས་ཀྱི་སྐུར་གྱུར་པ་ནི་བཤེས་གཉེན་ཏེ། དེས་རྒྱུ་མཐུན་པ་ཞེས་བྱའོ། །རྣམ་སྨིན་ལས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཆུང་དུ་རྣམ་པར་སྨིན་པའི་འབྲས་བུ་སྟོན་ཏེ། རྣམ་པར་སྨིན་པ་ཞེས་པ་ནི་དམིགས་པ་ལ་སོགས་པས་བསྐྱེད་པའི་ཕྱིར་སའི་སྙིང་པོ་ལ་སོགས་པ་སྟེ་དེ་བསྒོམ་པ་ལས་ཞེས་པའི་དོན་ཏོ། །ཀུན་མཁྱེན་བསྒྲུབ་ཅེས་པ་ནི་མིག་ལ་སོགས་པ་བཞིན་དུ་ཡུལ་སོ་སོར་ངེས་པ་མ་ཡིན་ཏེ། སའི་སྙིང་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །མིག་ལ་སོགས་པ་བྱིན་བརླབ་ཞེས་པ་ནི་ས་བོན་ལ་སོགས་པའི་རིམ་པས་བསྐྱེད་ནས་ཞེས་པའི་དོན་ཏོ། །ཉེ་བར་སྒྲུབ་པ་ཞེས་པ་ནི་སྒྲུབ་པ་ཕྱིས་འབྱུང་བ་དང་ཉེ་བའི་ཕྱིར་རོ། །སྐྱེས་བུ་ཞེས་པ་ལ་སོགས་པ་ནི་ཆུང་དུའི་སྐྱེས་བུ་བྱེད་པའི་འབྲས་བུ་གསུངས་སོ། །སྐྱེས་བུ་བྱེད་པའི་ཞེས་པ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་སྐྱེས་བུ་འགྲོ་བ་རྣམས་སྨིན་ཅིང་གྲོལ་བར་བྱེད་པ་ནི་སྐྱེས་བུ་བྱེད་པ་སྟེ་དེ་ཉིད་འབྲས་བུའོ། །དེ་གྲུབ་ཅེས་སོ། །དེ་ཉིད་གསུངས་པ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་འགྲོ་བའི་དོན་དུ་མངོན་གྱུར་པ། །ཞེས་སོ། །སྒྲུབ་པའི་དོན་དུ་ཞེས་པ་ནི་སྐུ་ལ་སོགས་པ་སྐྱེས་བུ་སྐུ་གསུམ་སྒྲུབ་པར་བྱེད་པར་བྱེད་པས་ན་སྒྲུབ་པ་སྟེ་དེའི་དོན་དུའོ། །བློ་ཡིས་སྐྱེད་བྱེད་པ་ནི་ས་བོན་ལ་སོགས་པའི་རིམ་པས་བསྐྱེད་པའི་དོན་ཏོ། །འདིར་སྨྲས་པ་སློབ་དཔོན་ཆེན་པོ་སྲུང་བའི་ཞབས་ལ་སོགས་པས་སངས་རྒྱས་རྣམས་ཀྱི་སྐུ་ནི་གང་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསང་བ་འདུས་པའི་སྒྲུབ་ཐབས་ལས་གསུངས་ན། འདིར་གང་གི་


DTG043_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་རྣམས་མ་གསུངས་ཤེ་ན། དེའི་ཕྱིར་རྗེས་དྲན་བཅུ་དྲུག་ཅེས་པ་ལ་སོགས་སོ། །རྗེས་དྲན་བཅུ་དྲུག་ཅེས་པ་ནི་བཅུ་དྲུག་རྣམས་ཀྱི་ནང་ན་སྐུ་དང་གསུངས་ཐུགས་རྗེས་སུ་དྲན་པའོ། །དག་དོན་དུ་ཞེས་པ་ནི་བརྟེན་པའི་མཚན་མ་ཐོབ་པའི་དོན་རྟོགས་པར་བྱ་བའི་ཕྱིར་སྨོན་པ་ནི་དག་པར་བྱེད་པ་སྟེ་དེའི་དོན་དུའོ། །དེ་དག་རྣམས་ནི་བྱ་དགོས་སོ། །ཞེས་པ་ནི། སངས་རྒྱས་རྣམས་ཀྱི་སྐུ་ནི་གང༌། །ཞེས་པ་ལ་སོགས་པ་དེ་དག་བྱ་དགོས་སོ་ཞེས་བའོ། །ཐུགས་སོགས་བྱིན་གྱིས་བརླབ་པ་ལ། །ཞེས་པ་ནི་ཐུགས་སོགས་བྱིན་གྱིས་བརླབ་པའི་སྐབས་འདིར་འབྲེལ་བ་མེད་པས་མ་བརྗོད་དོ་ཞེས་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐབས་མིན་ཕྱིར་ནི་ཞེས་གསུངས་སོ། གང་གི་ཕྱིར་ཐུགས་ལ་སོགས་པ་བྱིན་གྱིས་བརླབས་པའི་གསོལ་བ་འདེབས་པ་ནི་ཆུང་དུའི་སྒྲུབ་པ་ཁོ་ན་སྟེ། དེའི་ཕྱིར་མཚན་མ་ཐོབ་པའི་འོག་ཏུ་དེ་དང་སྤྲོ་བ་ལ་སོགས་པ་ལས་གྲུབ་པའི་རྗེས་སུ་དྲན་པ་སྟེ། དེ་ཉིད་སྐབས་འདིར་འབྲེལ་པ་མེད་པའི་ཕྱིར་རོ། །མི་འབྲེལ་ཡང་གཞན་དག་གིས་འཁྲུལ་བའི་རྒྱུ་ནི་ཐུགས་ལ་སོགས་པའི་བྱིན་གྱིས་བརླབ་པའི་ཚིག་སུ་བཅད་པ་དང་འདྲ་བར་མཐོང་བའི་ཕྱིར་རོ། །ཤེས་རབ་སྒྱུ་མའི་ཞེས་པ་ལ་སོགས་པས་ནི་ཆུང་དུའི་འབྲེལ་བའི་འབྲལ་བུ་གསུངས་སོ། །ཤེས་རབ་སྒྱུ་མ་ཞེས་པ་ནི་གནས་སྒྱུ་མ་ལྟར་སྣང་བའི་རིག་མ་སྟེ། དེའི་ལུས་འཁྱུད་ཅེས་པའོ། །དངོས་གང་ཞེ་ན། གསང་བའི་མཚན་ཉིད་གསུངས་ཞེས་ཏེ་ཐུགས་རྡོ་རྗེ་ལ་སོགས་པའོ། །དེ་མཐོང་ནས་ཞེས་པ་ནི་གནས་གསུམ་དུ་དམིགས་ནས་ཏེ། རིགས་ཀྱི་དབང་ཕྱུག་དབུ་རྒྱན་མཆོག །ཅེས་བྱ་བར་སྦྱར་རོ། །ཆུང་དུ་ཞེས་པ་ནི་ཡེ་ཤེས་མ་བྱང་ཞིང་གཡེང་བ་མ་ལུས་པ་བསལ་བར་མི་ནུས་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཞེས་པ་ནི་དབང་བསྐུར་བའི་ཆུས་དྲི་མ་དག་པར་བྱས་པའི་འབྲས་བུ་རིགས་ཀྱི་བདག་པོར་སྣང་བའི་ཕྱིར་རོ། །སྒྲུབ་པ་ཆེན་པོར་ཞེས་པ་ནི་སྐུ་གསུམ་དུ་སྒྲུབ་པ་ནི་སྒྲུབ་པ་སྟེ། སྒྲུབ་པ་ཡིན་ཡང་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་དབང་མ་ཐོབ་ན་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པས་ན་དབང་བསྐུར་བ་ནི་སྒྲུབ་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཆེན་པོའོ། །དེ་བཞིན་འབྲིང་ལ་ཞེས་པ་ལ་སོགས་པས་འབྲིང་པོའི་འབྲས་བུ་བཞི་བསྡུས་སོ། །དེ་བཞིན་ཞེས་པ་ནི་འཇམ་པའི་


DTG043_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བཞིན་དུ་ཤེས་སོ། །འབྲིང་ལ་ཞེས་པ་ནི་ཆུང་དུ་དང་ཆེན་པོ་བ། ཉིས་ཀྱི་བར་ན་གནས་པས་ན་འབྲིང་པོའི་སྒྲར་གསུངས་སོ། །རང་འོད་ཀྱི་རིག་མ་དམིགས་པ་ཙམ་འབྲིང་པོའི་བསྙེན་པའོ་ཞེས་བརྗོད་པ་ནི་སྐབས་མི་ཤེས་པའོ། །ཆུང་དུའི་དུས་སུ་དེ་ཉིད་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ནི་མཐུན་པའི་ཕྱོགས་འབྲིང་པོ་རྟག་པ་ཉེད་དུ་འགྱུར་བའི་ཕྱིར་ཏེ། བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང༌། གུད་དུ་བསྐྱེད་པར་གསུངས་ཀྱི་མཐོང་བ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་འདི་ན་ཡང་ཟླ་བ་གཉིས་པས་འགྲུབ་པ་ལ་སོགས་པ་འགྲོ་བའི་དབང་བསྐུར་བ་མ་གཏོགས་པ་རྒྱུ་མཐུན་པ་ལ་འབྲས་བུ་ལ་སོགས་པ་རྣམས་བསྐྱེད་པར་བྱས་ནས་དེའི་རྗེས་ལ་ཞེས་པ་ནི་དེ་མ་ཐག་ཏུ་ཞེས་པའི་དོན་ཏོ། །སོ་སོར་ནི་ཞེས་པ་ནི་སྤྱི་བོ་ལ་སོགས་པར་རོ། །སངས་རྒྱས་ལྔ་ཡི་བཀང་བྱས་ཏེ། །ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཆ་ཤས་ཏེ། ཡི་གེ་དང་མཚན་མ་སྐུ་རྣམས་གང་ཡང་རུང་བའོ། །ཧཱུཾ་ཨཱཿ་ཞེས་པ་ལ་སོགས་པས་གསུང་བའི་གནས་གཉིས་དག་པར་བྱས་ནས། དེ་ནས་གདོང༌། རང་འོད་རིག་མ་དག་པར་བྱས། །ཞེས་ཏེ་ཕྱི་རོལ་གྱི་བུད་མེད་ནི་བདེ་མཆོག་གི་རྐྱེན་མ་ཡིན་པའི་ཕྱིར་རང་རང་གིས་བོན་གྱི་འོག་ཀྱིས་གནས་སྐབས་ལྔ་དང་ལྡན་པར་གྱུར་པ་བསྐུལ་ནས་རང་གི་རིམ་པ་ལ་ཐིམ་པས་དག་པར་བྱ་ཞེས་སོ། །འགྲོ་བའི་ཤེས་པ་དག་པའི་ཕྱིར། །ཞེས་པ་ནི་ཕྱིན་ཅི་ལོག་གི་ཞེ་སྡང་ལ་སོགས་པ་རྣམས་ཞེ་སྡང་ཆེན་པོ་ལ་སོགས་པ་དག་པར་བྱེད་པའི་ཕྱིར་རོ། །ཐ་དད་རིམ་གྱིས་ཞེས་པ་ནི་རིམ་པ་ནས་དབྱུང་བར་བྱའོ་ཞེས་སོ། །ཅིག་ཅར་རིན་མ་ཡིན་ནོ། །དངོས་བོ་ཀུན་ཞེས་པ་ནི་ཕྱག་མཚན་ལ་སོགས་པ་ཀུན་ནོ། །གཞོན་ནུའི་ཞལ་འདྲ་ཞེས་པ་ནི་གཡས་གཡོན་འཇམ་པའི་རྡོ་རྗེ་ལྟ་བུ་ཞེས་པའི་དོན་ཏོ། །མཁས་བསྐྱེད་ཅེས་པ་ལ་མཁས་པ་ནི་རྣལ་འབྱོར་པའོ། །དེས་བསྐྱེད་པའོ། །སྙིང་རྗེ་ཐབས་ཀྱིས་དོན་སྦྱིན་མ། །ཞེས་པ་ནི་ཁྱད་པར་གྱི་ལས་དེ་དང་འབྲེལ་པ་ལ་དེ་སྩོལ་ཞེས་པའི་དོན་ཏོ། །རོལ་པ་ཞེས་པ་ནི་ཐབས་ཀྱིས་དགྱེས་པར་སྤྱོད་པ་སྟེ་དེ་ལ་རབ་ཏུ་བྲོད་པའི་སེམས་སུ་གནས་པའོ། །བསམ་དག་པ་ཞེས་པ་ཡོངས་སུ་དག་པའི་བསམ་པ་སེམས་ཅན་རྣམས་ལ་སྟོན་པའོ། །ཡིད་དགའ་མ་ཞེས་པ་ནི་བརྩོན་པ་ལ་དགའ་བའོ། །ཕྱག་མཚན་ལྷག་


DTG043_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མ་རང་དགའ་འདྲ། །ཞེས་པ་མཱ་མ་ཀཱི་དང་སྒྲོལ་མའིའོ། །གཞན་ནི་ཐམས་ཅད་དོ། །གཞན་དག་ནི་སྒྲོལ་མའི་གཡས་གཉིས་པ་ན་འཁོར་ལོ་ཞེས་སོ། །འཇོམས་པ་ནི་རིམས་ལ་སོགས་པའོ། །མི་བཟད་ཅེས་པ་ནི་ཞལ་དགོང་པ་ལ་སོགས་པའོ། །རང་བདག་ལྟ་དང་ཉོན་མོངས་འཇོམས།། ཞེས་པ་ནི་ཉོན་མོངས་པ་རྣམས་ནི་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བས་དེ་བཅོམ་པ་ཞེས་པའོ། །བགེགས་འཇོམས་པ་ཞེས་པ་ནི་རིམས་ཀྱི་གནོད་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་དེས་བཅོམ་པ་ཡིན་ནོ། །མི་བཟད་སྤྲུལ་གྱིས་བརྒྱན་པའི་སྐུ། །ཞེས་པ་ནི་ཁོང་ཁྲོ་པ་ལ་སོགས་པ་རྣམ་པར་དག་པ་མཐའ་ཡས་ལ་སོགས་པས་བརྒྱན་པའོ། །རང་འོད་རིག་མ་ཞེས་པ་ནི་བག་ཞད་ཁྱད་པར་མཛས་པས་སྨ་ར་མེད་པའོ། །ཐམས་ཅད་ཀྱི་ནི་དངོས་པོ་ཡི། །ཞེས་པ་ནི་མདོག་ལ་སོགས་པའི་སྒོ་ནས་སོ། །ས་བོན་སྙིང་པོ་ལྕགས་ཀྱུ་ཡིས། །ཞེས་པ་ནི་བརྒྱུད་པ་སྟེ་གཤིན་རྗེ་གཤེད་ལ་སོགས་པ་བསྐུལ་བའི་དབང་གིས་ཞེས་པའི་དོན་ཏོ། །བསྐྲད་ནས་ཞེས་པ་ནི་འཕྲོས་པའི་ཁྲོ་བོ་རྣམས་ཀྱིས་དེ་དང་ལྷན་དུ་འགྲོགས་པ་རྣམས་བསྐྲད་ནས་སོ། །བསྲུང་བྱ་སྟེ་ཞེས་པ་ནི་ནང་དུ་ཆུད་པའི་དུས་སུ་ཁྲོ་བོ་རྣམས་ཀྱིས་གཟེབ་ལ་སོགས་པ་མཛད་པའོ། །དེ་ནས་དུང་ཕོར་ལ་སོགས་པའི་བྱ་བས་མཆོད་ཡོན་ཕུལ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཐིམ་སྟེ་ཞེས་པ་ནི་ཤེས་རབ་མཐར་ཕྱིན་གྱི་འོད་ཟེར་གྱིས་གཞུག་པའོ། །དེ་བཞིན་དུ་བཅིང་བ་དང་དབང་བྱ་བ་ཡང་རྟོགས་པར་བྱའོ། །དབང་བསྐུར་གོང་མ་བསྒོམས་པས་ཞེས་པ་ནི་གུད་དུ་སྟོན་ཏེ། ཡན་ལག་གཉིས་ནི་མོས་པས་བྱ་བར་གསུངས་ཏེ་དབང་བསྐུར་བ་ནི་ཆུང་དུ་བཞིན་དུ་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་ཅིང་ཕྱུང་ནས་ད་ནི་ལྷ་རྣམས་མཉེས་པའི་སྤྱོར་བ་གསུངས་སོ། །རང་གི་སྙིང་པོའི་འོད་ཟེར་གྱིས་གཟུགས་ལ་སོགས་པ་བཀུག་ནས་བྱང་ཆུབ་སེམས་སུ་ཞུ་པ་ཞེས་ཚིག་ལྷག་མའོ། །ཤེས་རབ་པདྨོ་དཀྱིལ་དུ་ནི། །ཞེས་བྱ་བ་བྱང་ཆུབ་སེམས་ལས་ས་བོན་དུ་གྱུར་པའི་གནས་སོ། །གཟུགས་ལ་སོགས་པ་ཐིམ་བྱ་སྟེ། །ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱིས་དེ་རྣམས་ལ་བོན་ལ་བསྟིམ་པའོ། །དོན་དམ་པར་ན་ཐུགས་ཀྱི་རིགས་སོ། །དེ་ཉིད་སྤྲོས་པ་ལས་


DTG043_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་སོགས་པ་རིགས་གསུམ་མོ། །དེ་ཉིད་དེ་བཞིན་གཤེགས་པ་ལྔའི་གཟུགས་ཀྱི་རིགས་ལྔའོ། །རིགས་ལྔ་རེ་རེ་ལྔ་ལྔར་བྱས་པ་ལས་སྐུ་ལ་སོགས་པར་ཕྱེ་བས་བརྒྱ་རྣམས་སོ། །དེ་ནི་ཉེ་བར་མཚོན་པ་ཙམ་སྟེ་རྣམ་པ་དེ་ལྟ་བུའི་རིགས་མཐའ་ཡས་པའོ། །ཡེ་ཤེས་ལྔ་ཞེས་པ་ནི་རྟག་པ་ལ་སོགས་པའོ། །ཕྱག་རྒྱ་ཞེས་པ་ནི་སྤྱན་མ་ལ་སོགས་པའོ། །སངས་རྒྱས་རང་བཞིན་གཟུགས་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་གྱི་ཕྱིར་གཤིན་རྗེ་གཤེད་ལ་སོགས་པའོ། །ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྟོད་ཅེས་པ་ནི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ནས་འོག་ནས་འབྱུང་བས་སྒྲ་བརྙན་ལྟར་ཤེས་པར་བྱས་ནས་བསྟོད་པར་བྱ་ཞེས་སོ། །ཡེ་ཤེས་བདུད་རྩི་བླང་བསྒོམས་ནས། །ཞེས་པ་ནི་ས་བོན་གྱིས་པདྨ་བཅུ་དགུ་སྤྲོས་ཏེ་བླང་བར་བསྒོམས་ནས་ཞེས་པའི་དོན་ཏོ། །ཀུན་དུ་རྟོག་པ་ཡོངས་སྤངས་ཏེ། །ཞེས་པ་ནི་དེ་སྤངས་པས་སངས་རྒྱས་ཞེས་པའོ། །དེ་ཡང་སྙིང་ལ་ཞུགས་བསམས་ནས། །ཞེས་པ་ནི་ཐིག་ལེའི་འོད་ཟེར་གྱིས་རལ་གྲི་ལ་སོགས་པ་གསལ་བར་བྱས་ནས་འོད་ཟེར་དེ་ཉིད་དུ་བཞག་སྟེ། སེམས་དེ་སྙིང་ལ་ཞེས་པ་ཐིག་ལེ་ཞུགས་པར་བསམས་ནས་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། དེ་ནི་ཞེས་པ་ནི་ཞུགས་པའི་སེམས་དེ་ཉིད་དོ། །ཡེ་ཤེས་བདུད་རྩིའི་རྒྱུན་ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཤི་བ་ལ་སོགས་པ་དང་བྲལ་བར་བྱེད་པ་བྱང་ཆུབ་སེམས་དཔའ་འཇམ་དཔའི་དབྱངས་ཀྱི་དཀྱིལ་འཁོར་ཆོས་འབྱུང་བ་ནས་བརྩམས་ནས་ཐིག་ལེའི་རྣལ་འབྱོར་ཡན་ཆད་དུ་མོས་པར་བྱས་ཏེ་བསྒོམ་པ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ལུས་ནང་ཀུན་གསལ་ཏེ། །ཞེས་པ་ནི་ཐིག་ལེ་ཕྲ་མོ་ལས་གོང་མའི་རིམ་པས་འཕྲོས་ནས་ཞེས་པའི་དོན་ཏོ། །སོ་སོར་བ་སྤུའི་འོད་ཟེར་ཞེས་པ་ནི་གོང་གི་ནང་གི་ལུས་སུ་གཞག་པ་དེ་ཉིད་ལ་སྤུའི་བུ་གནས་སྤྲོས་པ་ཞེས་པའི་དོན་ཏོ། །རང་རིག་ཅེས་པ་ནི་དབྱེར་མེད་པས་སོ། །རིག་མའི་སྣ་རྩེར་ཞེས་པ་ནི་ཟེའུ་འབྲུ་བུམ་པའི་ནང་དུ་སེམས་བྱིང་བར་སོང་ན་རང་གི་རྡོ་རྗེས་ཕྱུང་སྟེ། དེར་གནས་པར་བྱས་ནས་ཕྲ་མོའི་ཏིང་ངེ་འཛིན་གསུམ་པས་སྤྲོ་བསྡུ་བྱ་ཞེས་བྱ་བའི་དོན་ཏོ། །བརྟན་པའི་མཚན་མ་ཞེས་པ་ནི་བཏང་ཞིང་བཟུང་


DTG043_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བས་སེམས་བརྟན་པར་གྱུར་པའི་མཚན་མ་ལྔ་པོ་མཐོང་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །སྤྲོ་བ་ལྔ་ཡི་ཡེ་ཤེས་ཞེས་པ་ནི་ལྷ་རྣམས་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་གོང་དུ་སྟེ་སྤྲོ་བ་ལྔ་ཞེས་པ་ནི་ཡེ་ཤེས་ཀྱི་འོད་ཟེར་ལས་དེ་བཞིན་གཤེགས་པ་ལ་སོགས་པ་སྤྲོ་བའོ། །དུས་གཅིག་ཅེས་པ་ནི་སྐུའི་ས་བོན་ལས་སྐུ་གསུང་ཐུགས་ཀྱི་དེ་བཞིན་དུ་སྐུ་གསུང་ཐུགས་ཀྱང་ཤེས་པར་བྱའོ། །ཡང་ན་རིམ་པར་བྱ་ཞེས་པ་ནི་སྐུ་གསུང་ཐུགས་ལས་ཐུགས་སྤྲོ་བའོ། །དེ་གཉིས་སྐུ་གསུང་ཐུགས་ཀྱི་དབང་དུ་བྱས་པ་སྟེ། ཡེ་ཤེས་སེམས་དཔའ་ནི་ལྷན་ཅིག་ཁོ་ནའོ། །འོན་ཀྱང་དེ་རྣམས་ནི་སྐུ་བླས་པ་ནི་སྐུ་གསུང་གི་ས་བོན་གྱི་ཏིལ་ལ་ཡེ་ཤེས་སེམས་དཔའི་ས་བོན་གཞུག་པའོ། །ཡང་དེ་རྣམས་ཀྱི་གདན་བླ་མ་བརྒྱུད་པ་ལས་འོངས་པ་གསུངས་པ། རྡོ་རྗེ་གསལ་ཆོས་ཞེས་པ་ལ་སོགས་ཏེ་མ་བཤད་དོ། །ཡེ་ཤེས་སྐུ་འཕྲོས་ཞེས་པ་ནི་སེམས་ཅན་གྱི་སྐུ་ཞེས་པའི་དོན་ཏོ། །གང་གི་དབང་དུ་བྱ་ཞེ་ན། དབུགས་དབྱུང་ཞེས་པ་ལ་སོགས་པའོ། །རིམ་བཞིན་རིམ་བཞིན་ཞེས་པ་ནི་རིམ་གྱིས་ཅིག་ཅར་ཞེས་པའོ། །སྔོན་བཞིན་ཞེས་པ་ནི་ཏིང་ངེ་འཛིན་གཉིས་པ་བཞིན་དུ་ཡེ་ཤེས་སེམས་དཔའ་ལས་དངོས་པོ་ཐམས་ཅད་ཀྱི་འོད་འཕྲོས་པས་གཟུགས་ལ་སོགས་པ་བཀུག་ནས་ཟླ་བར་ཞུ་བ་པདྨོའི་ནང་དུ་ས་བོན་དུ་གྱུར་པ་ལས་དབུགས་དབྱུང་བའི་དུས་སུ་ལྷ་མོ་སྤྲོས་ནས་དེས་མཆོད་པ་སྟེ། གསང་བའི་རིག་མས་འཁྱུད་པ་སྟེ། ཞེས་པ་སོ་སོའི་རིག་མ་ནང་དུ་ཐིམ་པས་ཞེས་པའི་དོན་ཏོ། །ཐིག་ལེ་ལ་སོགས་པ་གསུམ་ལ། །རྒྱུ་མཐུན་འབྲས་བུ་རྫོགས་པ་ཡིས། །ཞེས་མོས་པས་བསྒོམ་ཞེས་སོ།། དེ་བཞིན་མོས་པ་ཡིས། ཆུང་དུ་ལ་སོགས་དབྱེ་བའི་ས། ཞེས་པ་ནི་གཙོ་བོ་ནི་རིག་མ་དང་ལྷ་རྣམས་ལ་ཞེས་སོ། །སྦྱོར་བ་ཞེས་པ་ནི་རྣལ་འབྱོར་ལ་སོགས་པ་ཡང་མོས་པ་ཡིས་ཞེས་སོ། །རང་སྙིང་དེ་མཆོག་རྟོགས་པ་ཞེས་པ་ནི་རང་གི་སྔགས་ཀྱི་དོན་ཤིན་ཏུ་རྟོགས་པའོ། །དེས་ངལ་ཞིང་སེམས་ཀྱི་སྤྱོད་པ་ཞན་པར་གྱུར་ན་ཞེས་པའི་དོན་ཏོ། །དམ་པའི་སེམས་ཀྱི་ཆུ་རྒྱུན་ཞེས་པ་ནི་སྤྱི་བོར་བདུད་རྩི་ལྔ་ཞུ་བ་ལ་ཨོཾ་གྱིས་བརླན་པར་བྱ་བའི་ཆུ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་གསུམ་དང་འབྲེལ་བ་དེའི་ཕྱིར་ལྷ་རྣམས་སྐུ་གསུང་ཐུགས་


DTG043_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ས་བོན་ལ་ཐིམ་པ་སྟེ། སེམས་ཙམ་ཡིན་པའི་ཕྱིར། ཐོགས་པ་སྤངས་ནས་བསྡུ་བར་བྱ། །ཞེས་པ་སྟེ་ས་བོན་གསུམ་བརྗོད་པས་སོ། །དེ་བསྡུ་ཞེས་པ་ནི་གོང་དུ་གསུངས་པའི་དཀྱིལ་འཁོར་ཏེ་དེ་དང་བྲལ་བ་མཐོང་ནས་ཞེས་སོ། །རང་རང་དག་ནས་ཞེས་པ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ངོ་བོར་ཞེས་པའི་དོན་ཏོ། །སོ་སོ་རང་རིག་ཅེས་པ་ནི་སྐུ་གསལ་བ་སྟེ་ཐབས་སོ། །ཕྱི་སྟོང་པ་ཉིད་ཤེས་རབ་པོ། །སེམས་དག་པ་ནི་གཟུང་བ་དང་འཛིན་པ་དག་ཅེས་སོ། །རྟག་ཏུ་བསྒོམ་པའི་རྣལ་འབྱོར་པའི། །དཀྱིལ་འཁོར་མཆོད་པ་མཆོག་འདིའོ། །ཞེས་པ་ནི་སྤྱོད་ཡུལ་རྣམས་སེམས་དག་པ་དང་ལྡན་པས་གོང་དུ་གསུངས་པ་ལྟ་བུར་བལྟས་ན་གསང་བ་ཆེན་པོའི་མཆོད་པ་སྟེ་ཡིད་དགའ་བར་བྱེད་པའི་ཕྱིར་རོ། །གཞི་ཡི་སྙིང་པོ་ཡིས་བསྒྱུར་བའི། །ཞེས་པ་ནི་སྙིང་གར་ས་བོན་དང་དབྱུང་བས་སོ། །རང་སྙིང་དེ་བཞིན་ཞེས་པ་བདུད་རྩིའི་སྟེང་དུ་བྷཱུཾ་ལ་སོགས་པའི་རིམ་པའོ། །ཕྱིའི་སྦྱིན་སྲེག་ནི་ཐབ་ལ་སོགས་པ་སྟེ་ལེའུ་བཅུ་དྲུག་པ་ལ་དཔགས་ཏེ་ཤེས་པར་བྱའོ། །སེམས་ནི་སེམས་དེ་ཡིན་ཞེས་པ་ནི་ཁ་ཟས་སྦྱང་བ་འདིའོ། །ཡེ་ཤེས་མེ་ཞེས་པ་ནི་གོང་དུ་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་རྣལ་འབྱོར་རོ། །དེས་ཕུང་པོ་ལ་སོགས་པའི་བླུན་པ་རྣམས་བསྲེག་པ་སྟེ་དེ་ནི་བླ་ན་མེད་པའོ། །བདག་གཞན་མཆོད་ཅེས་པ་ནི་གཟུགས་ལ་རྣམ་གསུམ་ཞེས་པ་ལ་སོགས་པའི་རིམ་པས་སོ། །ལུས་དག་དངོས་པོ་ལ་ཐལ་བ་དང་ཁྱད་པར་ཅན་ནོ། །དེ་མཉམ་པར་བཞག་པས་བརྩམས་ན་ཕྱག་རྒྱ་དང་སྔགས་བདག་ཉིད་དེ་དེ་ཉིད་མཆོད་པ་སྟེ་ཆེན་པོའོ། །ཆོས་ཅན་གཅིག་ལ་ཞེས་པ་ནི་དངོས་པོ་གཅིག་ལ་སྟེ་བུད་མེད་ལྟ་བུར་རྟོགས་པ་ནི། །སྣ་ཚོགས་རྣམ་པར་སྣང་བ་སྟེ། །ཞེས་པ་ནི་རོ་དང་འདོད་པ་ཅན་དང་བཟའ་བ་ལ་སོགས་པར་སྣང་བ་སྟེ་རྟོག་པ་དེས་ལས་མ་ལུས་པ་བསགས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཁོ་ན་ལ་སྨད་པ་དང་བསྟོད་པ་དེས་བསྟན་པའི་ལམ་ལ་བསྟེན་པས་སྡུག་བསྔལ་བ་ལ་སོགས་པ་གྲོལ་བར་འགྱུར་རོ། །དེའི་ཕྱིར་ལས་སྣ་ཚོགས་པ་ནི་རྟོག་པ་ལས་བྱུང་ལ་རྣལ་འབྱོར་པ་འདི་ནི་ཀུན་རྟོག་ཐམས་ཅད་ལས་ངེས་པར་གྲོལ་བས་ན། དེས་ལུས་ངག་གི་ལས་ཁྱད་པར་ཅན་མཉམ་པར་བཞག་པས་བརྩམས་ན་མི་དགེ་བ་ག་ལ་འགྱུར། ཞེ་སྡང་དང་འདོད་པ་མེད་པའི་ཕྱིར་རོ། །


DTG043_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་པ་ལ་སོགས་པའི་དབང་གིས་དམ་ཚིག་ཉམས་པ་བསྐང་བའི་ཆོ་ག་གསུངས་པ་དོན་ཡོད་ཅེས་པ་ལ་སོགས་པའོ། །ཀུན་ངག་ཅེས་པ་ནི་ཀུན་དག་པའི་བསམ་པས་སོ། །ཁྱད་པར་དུ་བསྐང་བའི་ཆོ་ག་གསུངས་པ་བླ་མ་ཞེས་པ་ལ་སོགས་པའོ། །རང་གི་དཀྱིལ་འཁོར་ཞེས་པ་ནི་ཅུང་ཟད་ཁྱད་པར་མཛད་པ་སྟེ་ཡི་དམ་གྱི་ལྷའོ། །སྲོད་མཚམས་ཞེས་པ་ནི་མཐའ་མ་སྟེ། དེ་ནི་ཉི་མའི་མཚན་དུ་ཟད་དེ་ཉི་མའི་གུང་དང་ཕྱི་དྲོའི་དུས་སུ་ཡང་རྟོགས་པར་བྱའོ། །ཐ་མར་ཁྱད་པར་དུ་བྱ་བ་གང་ཞེ་ན། ཡི་གེ་གསུམ་གྱི་མཐའ་ལ་མུཿབྮག་པས་གཤེགས་སུ་གསོལ་བ་དང་ཡི་གེ་གསུམ་གྱིས་དམ་ཚིག་གི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་ལ་ཐིམ་སྟེ་ཉལ་བར་བྱའོ་ཞེས་སོ། །ཐོ་རངས་ལངས་ཞེས་པ་ནི་མོས་པ་ཡང་ན་ཞེས་སོ། །སྔོན་བཞིན་དུ་ཞེས་པ་ནི་གོང་དུ་གསུངས་པ་ཁོ་ན་བཞིན་དུ་ཡན་ལག་དང་བཅས་པའི་སྤྱོད་པ་དུས་བཞིར་བྱ་ཞེས་སོ། །ལས་དང་པོ་པ་ཞེས་པ་ནི་འདི་ལས་རྣལ་འབྱོར་པའི་བྱེ་བྲག་གིས་ལས་བཞིར་སྟོན་པ་ནི་ལས་དང་པོ་པའི་ལས་དང་ལྡན་པའི་ཕྱིར་རོ། །དེ་ལ་ཡང་བསམ་གཏན་དང་བྱ་བས་བསྐལ་པ་སྟེ་རང་རང་གི་ལས་ཀྱིས་བསྟན་པའི་མཚན་མཐོང་ཞིང་རྙེད་པའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་ཏེ། བརྟུལ་ཞུགས་ཞེས་པ་ལ་སོགས་པའོ། །བརྟུལ་ཞུགས་ཞེས་པ་ནི་ཆོས་བརྒྱད་ལ་སོགས་པ་དང་ལྡན་པའོ། །ཚུལ་ཁྲིམས་ཞེས་པ་ནི་རང་གི་རྗེས་སུ་མཐུན་པའི་དམ་ཚིག་དང་བཟླས་བརྗོད་དང་ཕན་གདགས་པའི་བྱ་བའོ། །སྔགས་ཞེས་པ་ནི་ལྷའི་སྐུར་གྱུར་པའི་ཡེ་ཤེས་ཏེ་ཨོཾ་དྷ་རྨམ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་དང་ལྡན་པའོ། །རང་གི་ལས་གསུངས་པ་མིག་ཅེས་པ་ལ་སོགས་པ་སྟེ། ཆེན་པོ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་ཞེས་པ་ནི་དོན་ཏོ། །དེ་གང་གིས་ཤེ་ན། ཅུང་ཟད་ཡེ་ཤེས་དབང་གྱུར་པས། །ཞེས་ཏེ་འབེབས་པ་ཐོབ་པ་ཞེས་པའི་དོན་ཏོ། །དུས་བཞི་ཞེས་པ་ནི་ལས་དང་པོའི་པ་བཞིན་དུའོ། །འཁྲུལ་མེད་ཅེས་པ་ནི་བརྟན་པ་མ་ཡིན་པས་ཐིག་ལེ་དང་ཕྲ་མོན་ན་ཏན་དུ་བྱ་བ་མ་ཡིན་ནོ། །བཟླས་བརྗོད་བྱ་ཞེས་པ་ནི་གྲུབ་པའི་མཚན་མ་ཐོབ་པར་བྱ་བའི་དོན་ཏོ། །དཀྱིལ་འཁོར་དང་ནི་ལས་རྒྱལ་མཆོག་གོ །རྣམ་པ་ཀུན་གྱིས་རྫོགས་


DTG043_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། །ཞེས་པ་ནི་སློབ་མ་གཞུག་པ་དང༌། བསྒྲུབ་པའི་དོན་དུ་ཁྱད་པར་མཛད་པའོ། །རང་གི་ལས་གསུངས་པ་སྤྲོ་བ་བསྡུ་བ་བྱེད་པ་ཞེས་ཏེ་ཡི་གེ་གསུམ་གྱིས་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཉིན་མཚན་དུ་དཀྱིལ་འཁོར་གྱི་སྦྱོར་བ་ལ་བརྟེན་པས་བཞི་པར་འགྱུར་བའི་མཚན་མ་ཅི་སྐད་གསུངས་པ་རྣམས་འབྱུང་བའོ། །ཡེ་ཤེས་དབང་དུ་གྱུར་པ་ནི་རང་དང་གཞན་གྱིས་དཀྱིལ་འཁོར་མཐོང་བར་མཛད་པའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་བཞི་སྟེ་ཡང་དག་ཅེས་པ་ལ་སོགས་པའོ། །ཡང་དག་ཡེ་ཤེས་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་ཐོབ་པ་ནི་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་པ་ཞེས་སོ། །དེའི་ལས་གསུངས་པ། གཟུགས་བརྙན་ཞེས་པ་ལ་སོགས་པ་སྟེ། དེ་ནི་གཞན་གྱི་དོན་ལ་གོམས་པས་ཁམས་ཀུན་གྱི་ནང་དུ་འོད་གསལ་བར་ལངས་ནས་གཟུགས་བརྙན་ལྟ་བུའི་དམ་པའི་འཁོར་ལོ་གསུམ་གྱིས་སྲིང་པ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་བཞུགས་ནས་འགྲོ་བའི་དོན་ཆེན་པོ་མཛད་པའོ། །དེ་ལྟར་རང་གི་འཁོར་གནས་སྔོན་བསྟན་པ་བྱས་ནས་ཞེས་བྱ་བའི་སྒྲའི་དོན་བསྟན་ནས། ད་ནི། དཀྱིལ་འཁོར་ཀུན་དུ་བྲི་བར་བྱ། །ཞེས་བསྟན་པའི་ཕྱིར། གྲུབ་པའི་མཚན་མ་རྣལ་འབྱོར་པས། །ཞེས་པ་གསུངས་ཏེ། དེ་ལ་གྲུབ་པའི་མཚན་མ་ཞེས་པ་ནི་རྨི་ལམ་ལ་སོགས་པའོ། །རྣལ་འབྱོར་པས་ཞེས་པ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་ནས་ཞེས་པའི་དོན་ཏོ། །ལན་གྲངས་མང་དུ་ཞེས་པ་ནི་ཡིད་ལ་བྱེད་པའི་བག་ཆགས་ཀྱི་མཚན་མ་དགར་བའོ། །དེ་ལྟར་མ་ཡིན་ན་ཡང་དག་པ་ནི་ཡང་དང་ཡང་དུ་འབྱུང་བའི་ཕྱིར་རོ། །དེ་གསུམ་ཆོ་ག་བཞིན་བྱས་ནས། །ཞེས་པ་ནི་མཚན་མ་ཐོབ་པ་དེས་དཀྱིལ་འཁོར་བྲི་བའི་དོན་དུ་བཟླས་བརྗོད་བྱའོ་ཞེས་བསྟན་པའོ། །དཀྱིལ་འཁོར་བྲི་བར་བྱ་ཞེས་པ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་ཐུན་མོང་གི་ཆེད་དུ་བྲི་བ་དང༌། ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་ཁྱད་པར་མེད་པར་ཐུན་མོང་དང་མཆོག་གི་ཆེད་དུ་བྲི་བའོ་ཞེས་སྒྲུབ་པ་པོ་ཁོ་ནའི་དབང་དུ་གསུངས་པའོ། །དེ་ནི་སློབ་དཔོན་དང་སྒྲུབ་པ་པོ་ཐུན་མོང་གི་དབང་དུ་གསུངས་པ། འཁོར་གནས་ཞེས་པ་ལ་སོགས་པའོ། །དེ་ལ་འཁོར་ཆོ་ག་བཞིན་བཟླས་ཏེ་ཞེས་པ་ནི་ཅི་


DTG043_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པར་རྣལ་འབྱོར་པ་གང་ཡང་རུང་བས་ཆོ་ག་བཞིན་དུ་བཟླས་བརྗོད་བྱས་ཏེ་བྲིའོ་ཞེས་པའོ། །གང་གི་དོན་དུ་བྲི་ཞེ་ན། བདག་གི་ཞེས་པ་ནི་དངོས་གྲུབ་ཀྱི་སྟེ་རྣལ་འབྱོར་པ་བར་མའི་དབང་དུ་བྱས་པའོ། །ཞུས་པས་ཞེས་པ་ནི་སྣོད་དུ་རུང་ཞིང་མོས་པ་དང་ལྡན་པས་ཞུས་པ་དང་གླེགས་བམ་ལ་སོགས་པ་བརྐོ་བར་འདོད་པས་ཞུས་པ་དང༌། སྡིག་པའི་དབང་གིས་མཚན་མ་ངན་པ་མཐོང་བས་ཞུས་པའོ། །གཞན་དོན་བྱེད་པར་འདོད་ན་ཡང༌། །ཞེས་པ་ནི་ངང་ཚུལ་བཟང་པོ་དང་ལྡན་བཞིན་སྣོད་དུ་རུང་བ་རྣམས་ནི་ཞུས་པ་མ་ཡིན་ཀྱང༌། དེའི་དོན་དུ་དམིགས་ནས་བསོད་ནམས་འཕེལ་བའི་དོན་དུ་དེ་བཅུད་དེ་བྲི་ཞེས་པའི་དོན་ཏོ། །དེ་བས་ན་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། མོས་པ་བརྟེན་པ་དད་པ་ཅན། །གཞན་ལ་ཕན་དགའ་མཐོང་ནས་ནི། །ཤེས་ནས་སློབ་དཔོན་བདག་ཉིད་ཀྱིས། །མ་གསོལ་བར་ནི་དེར་བས་ཏེ། །ཕན་འདོད་ཕྱིར་ནི་འདི་སྐད་སྨྲ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་བས་ན་དེ་རྣམས་ཀྱི་དོན་དུ་རྣལ་འབྱོར་པ་ཁྱད་པར་མེད་པར་དབང་བསྐུར་བའི་དཀྱིལ་འཁོར་བྲིའོ་ཞེས་སོ། །ཡེ་ཤེས་དབང་དུ་གྱུར་པས་ནི་བསམ་གཏན་ཙམ་གྱིས་རྫོགས་པར་བྱེད་པ་ཡང་འཆད་དོ། །མཚན་མ་ཐོབ་ནས་ཞེས་པ་ནི་སྒྲུབ་པ་པོས་གྲུབ་པའི་མཚན་མ་ཐོབ་ནས་སོ། །སློབ་དཔོན་ནི་བརྟན་པའི་མཚན་མ་ཐོབ་ནས་བྲི་བ་སྟེ་ལས་དང་པོ་ལ་སོགས་པའོ། །དེ་བཞིན་ལས་དང་པོ་པ་དེ་མཚན་མ་མ་ཐོབ་ཀྱང་དོན་མི་འདོར་བའི་ཕྱིར་དབང་བསྐུར་བའི་དཀྱིལ་འཁོར་བྲིའོ་ཞེས་སློབ་དཔོན་ཛ་བ་རི་པས་བཤད་དོ། །འཁོར་གནས་ཆོ་ག་བཞིན་བཟླས་ཏེ། །ཞེས་གསུངས་པ། འཁོར་བདག་སྔགས་ནི་འབུམ་བཟླས་ཏེ། །ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། གོང་དུ་སྨོས་པ་རྣམས་ཀྱིས་ཞུ་བ་གསལ་བ་དང༌། ཡུལ་རྣམས་ལ་ཆགས་དང་བྲལ་བའི་བདག་ཉིད་ཆེན་པོ་དེས་དེ་ལ་སོགས་ཏེ་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་བར་བྱའོ་ཞེས་ཏེ་བྲི་བར་བྱའོ། །ཁྱེད་ཀྱིས་ཡོ་བྱད་རྣམས་ཚོགས་སམ་ཞེས་སྨྲས་ནས། དེས་ཀྱང་ཁ་ཅིག་ཚོགས་ཁ་ཅིག་ཚོགས་ཞེས་སྨྲས་ནས་གནས་ཇི་ལྟ་བ་བཞིན་དུ་འདུག་སྟེ། ཇི་སྐད་དུ་གསུངས་པའི་འཛབ་བརྟེན་པ་མ་ཡིན་པས་དུ་མ་བཟླས་པ་འམ། བརྟེན་པའི་མཚན་མ་མཐོང་བས་འཛབ་འབུམ་ལ་སོགས་པའི་བཟླས་པ་བྱས་པས་ལྷས་


DTG043_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བར་བསམས་པ་འམ་དངོས་སུ་ཐོབ་ནས་བྲི་བར་བྱའོ་ཞེས་སོ། །གསལ་ཏེ་མཚན་མ་མི་བཟང་བའི་སློབ་མས་ཞུས་པར་གྱུར་ན། ཁྱད་པར་དུ་དེའི་ཁྲོ་ཞིང་ཁྲོ་བོ་གང་ཡང་རུང་བའི་རྣལ་འབྱོར་རམ། ཡང་ན་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས། མདུན་དུ་སློབ་མ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ་བདག་གི་ས་བོན་སྤྲོས་པའི་འོད་ཟེར་གྱིས་དེའི་སྟེང་ལ་གནས་པ་ཀ་ལས་བསྐྱེད་པའི་ཁ་དོག་ནག་པོ་འཇིགས་སུ་རུང་བའི་སྡིག་པ་བསྐུལ་ནས་སྣ་བུག་ནས་ཕྱུང་སྟེ། ཡང་ས་བོན་ལས་བདུད་རྩི་ཐབ་སྦྱོར་ཁ་བྱེ་བའི་རྡོ་རྗེ་དང་ལྡན་པས་ཕྱུང་ནས། ན་མཿས་མནྟ་ཞེས་པ་ལ་སོགས་པ་ཆེ་གེ་མོའི་སྡིག་པ་མཱ་ར་ཡ་ཕཊ་ཅེས་པ་དང་ལྡན་པའི་སྔགས་ཀྱིས་སྡིག་པ་ཟོས་ནས། དེའི་སེམས་ཀྱིས་བདོག་པ་ཀུན་ཕུར་བུས་བཏབ་པར་བསམ་པས་ཀུན་དུ་བཟང་པོར་བསྐྱོད་ནས་དེའི་སྤྱི་བོར་བསམས་ཏེ། སློབ་མ་བཅོས་ནས་འཛབ་བཟླས་བྱ། །ཞེས་ཁྱད་པར་རོ། །ད་ནི་བཟླས་བརྗོད་ཀྱི་སྐབས་སུ་སྙིང་པོ་ལ་སོགས་པའི་དབྱེ་བ་གསུངས་པ། དེ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་གསུམ་ཞེས་པ་ནི་ཡི་གེ་གསུམ་མོ། །བར་བཅུག་ཅེས་པ་ནི་སྐུ་གསུམ་གྱི་མཇུག་ཏུ་དང་པོའི་སྙིང་པོས་བོན་ཧེ་མཾ་ལ་སོགས་པའོ། །བཅུག་ནས། ཧཱུཾ་གི་སྟོན་པས་བཟླས་པར་བྱ། །ཞེས་སོ། །ས་བོན་དེ་ཇི་ལྟ་བུ་ཞེ་ན། ཐིག་ལེ་ལ་སོགས་པ་དང་ལྡན་པའོ། །གཞན་ཡང་དེ་ཉིད་གསུམ་གྱི་བར་དུ་མཚན་གྱི་སྔགས་རྣམས་བཅུག་ནས་བཟླས་བརྗོད་འབྱུང་བར་བྱ་ཞེས་སོ། །དེ་གཉིས་ནི་བཟླས་བརྗོད་ཐུན་མོང་ངོ༌། །ཕྱག་རྒྱ་ཞེས་པ་དེ་ཉིད་གསུངས་པ། གསང་བའི་སྐུ་གསུང་ཞེས་པ་ལ་སོགས་པའོ། །སྙིང་པོ་ཞེས་པ་དེ་ཉིད་གསུངས་པ། ས་བོན་སྙིང་པོ་ཞེས་བྱ་སྟེ། ཡི་གེ་གཅིག་པ་ཞེས་པའི་དོན་ཏོ། །རིག་པ་ཞེས་པ་དེའི་སྒོ་ནས་སྒྲུབ་པའི་བཟླས་བརྗོད་གསུངས་པ། ཞི་བ་ལ་སོགས་བསྐུལ་ནས་ནི། །ཞེས་བྱ་བ་ནི་ཤཱནིཏཾ་ཀུ་རུ་ཞེས་པ་ལ་སོགས་པ་ལས་ཀྱི་བྱེ་བྲག་གིས་སོ། །ལས་བྱེད་པ་ནི་བསྐུལ་བས་དེ་དང་དེའི་ལས་བྱེད་པའོ། །དེའི་ཕྱིར་རིག་པ་ཞེས་དེ་ལྷ་རྣམས་སོ། །དེ་ལ་སྐུལ་བར་བྱེད་པ་ལ་ཡང་དེ་སྐད་ཅེས་བྱའོ། །སྔགས་ཞེས་པ་ནི་བདུད་རྩི་འཁྱིལ་པའི་སྔགས་ལ་སོགས་པའོ། །རིགས་གསུམ་སྟེ་ཞེས་པ་ནི་ལས་ཀྱི་བྱེ་བྲག་གིས་བསྐུལ་ནས་ཞེས་པའོ། །དེ་


DTG043_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁམས་ལས་ཅི་རིགས་པར་བཟླས་པ་བྱའོ་ཞེས་སོ། །ཇི་ལྟར་རྣལ་འབྱོར་གནས་བཟླས་ཏེ། །ཞེས་པ་ནི་ཇི་སྐད་གསུངས་པའི་ཏིང་ངེ་འཛིན་ལ་གནས་ནས་བཟླ་ཞེས་པའོ། །དེས་རང་གི་ལྷའི་བཀའ་འམ། འཁོར་བདག་གིས་བཀའ་ཐོབ་ནས་ཞེས་པ་ནི། བསམ་པ་འམ་དངོས་སུ་གནས་ནས་བྲི་བར་བྱ། །ཞེས་བྱ་བར་སྦྱར་རོ། །དེ་ཡང་གང་གི་དབང་གིས་ཐོབ་ཅེ་ན། མདུན་དུ་རྣལ་འབྱོར་པས་འགོག་པའི་འཁོར་ལོ་ཞེས་པ་ནི་ཕྱིན་ཅི་ལོག་འགོག་པ་སྟེ་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་མོས་ནས་སུ་ཞེས་པ་ན་བསྟན་པའི་སེམས་ཀྱིས་གསལ་པོར་བསམས་ནས་ཞེས་སོ། །རང་སེམས་དག་པས་ན་དམ་ཚིག་ཉམས་པ་མེད་པའོ། །དེའི་དོན་ནི་འདི་ལྟ་སྟེ། སྲུང་བ་ལ་སོགས་པའི་དམ་ཚིག་དང་ལྡན་པའི་སྒོ་ནས་དུས་བཞིར་ཏིང་ངེ་འཛིན་གསུམ་རྫོགས་པའི་མཛུག་ཏུ་སྨོན་ལམ་བཏབ་པ་དང༌། དེའི་ཡན་ལག་གཞན་ཡང་སྡོམ་པ་དང༌། ཁ་ཟས་སྦྱར་བ་དང༌། ལས་གཉིས་ཀྱིས་སངས་རྒྱས་མཆོད་པར་བྱས་ནས་བདག་གུང་དུ་བསམས་ཏེ། བདག་གིས་དབང་བསྐུར་བ་ལ་སོགས་པས་དམ་ཚིག་ཉམས་པ་ལ་སོགས་པ་སེམས་དག་པར་བྱས་པས་ཞེས་པའི་དོན་ཏོ། །དེ་ལྟར་རི་མོ་བྲི་བའི་སྔོན་དུ་བཟླས་བརྗོད་ཀྱི་ཆོ་ག་བསྟན་ནས་ད་ནི་ལས་དང་པོ་པོའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བའི་ཆོ་ག་ལ་དང་པོར་དག་པར་བྱ་བའི་ཆོ་ག་གསུངས་པ། བགེགས་ཀུན་བསྐྲད་ནས་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། བཟླས་པ་བྱས་པས་བྲི་བར་འདོད་ན། དེའི་ཚེ་ལྷ་ཁང་དམ། གྲོང་ཁྱེར་རམ། མཆོད་རྟེན་ནམ། ཀུན་དགའ་ར་བ་ལ་སོགས་པའི་བྱང་ཤར་མཚམས་སུ་བརྩམ་པར་བྱའོ། །གཞན་དུ་བརྒྱ་བྱིན་ལ་ལྷ། གཤིན་རྗེ་བདེན་བྲལ་དང༌། ཆུ་ལྷ་དང་རླུང་ལྷ་གནོད་སྦྱིན་ཕྱོགས་སུ་ནི་གོ་རིམས་བཞིན་དུ་གནོད་པར་འགྱུར་པ་སྟེ་ཕམ་ཞིང་མུ་གེ་རིགས་རྒྱུད་འཆི་བ་དང༌། །མུ་གེས་སློང་བ་འཆི་ཡོད་སློབ་མ་འཆི་ཞེས་འབྱུང་བས་ཞི་བ་ལ་ཇི་ལྟ་བ་བཞིན་དུ་ཁ་དོག་ཐ་དད་པ་དང༌། མཐོན་དམན་དང་འབྲུ་དང་ཚེར་མ་དམན་པ་ལ་སོགས་པ་མེད་པར་བྱའོ། །ཤར་དུ་མཐོ་ན་རིགས་ཟད་འགྱུར། །བྱང་དུ་མཐོན་རང་འཆི་འམ། །ཡང་ན་ནོར་ནི་ཟད་པར་འགྱུར། །ཞེས་འབྱུང་བས། དེ་དག་སྤངས་ནས་བྱང་ཤར་དུ་འདྲི་ཞིང་བཀྲ་ཤིས་པའི་


DTG043_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པ་བརྩལ་བར་བྱའོ། །དེ་ལ་སོགས་པ་ནི་རྟོག་པའི་རྣལ་འབྱོར་ལ་གནས་པ་ལ་གསུངས་ཀྱི། རྣལ་འབྱོར་ཆེན་པོ་རྣམས་ལ་ནི་ངེས་པ་མེད་དོ། །དེ་ནས་དགེ་འདུན་རྣམས་དང་བཅས་ཏེ་བཀྲ་ཤིས་པའི་གཟའ་སྐར་དང་བྱེད་པ་བཟང་པོའི་ཉིན་བར་བཅག་ནས་དེར་པུས་མོ་ནུབ་ཙམ་བརྐོས་ནས་དེ་ཉིད་དག་པར་བྱའོ། །གལ་ཏེ་སྔ་མ་ལས་ལྷག་པར་གྱུར་ན་དངོས་གྲུབ་ལ་སོགས་པའི་རྟགས་སུའོ། །དེ་བཞིན་དུ་བརྐོས་ནས་ཆུས་བཀང་སྟེ་སློབ་དཔོན་གོམ་པ་བརྒྱ་ཕྱིར་སོང་ནས་འོངས་ཏེ་མི་གཡོ་ཞིང་གཡས་སུ་འཁོར་བ་ནི་བཟང་པོའི་རྟགས་སུ་ཤེས་པར་བྱའོ། །དེ་ལྟར་མ་ཡིན་པར་གྱུར་ན། ཕུར་བུ་བཏབ་ནས་བགེགས་ཀུན་བསྐྲད། །ཅེས་པ་སྟེ་བདུད་རྩི་འཁྱིལ་པས་ཇི་སྐད་དུ་གསུངས་པའི་རིམ་པས་བགེགས་ཀུན་ཕུར་བུས་བཏབ་ནས་བསྐྲད་པར་བྱའོ། །དེ་ནས་ས་བསླང་བར་བྱ་བའི་ཕྱིར་བསང་གཏོར་བྱས་ནས་ཞེས་པ་ནི་ཡི་གེ་གསུམ་མམ། བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་ཆུས་ས་གཞི་དེ་ལ་གཏོར་བར་བྱའོ། །གསོལ་བ་གདབ་ཅེས་པ་ནི་ཕྱོགས་སྐྱོང་བ་རྣམས་རང་རང་གི་ཕྱོགས་སུ་བསྐྱོད་ལ་རང་བཞིན་ནས་ཕྱོགས་སྐྱོང་བཀུག་ནས་ཉེ་རེག་ལ་སོགས་པའི་བྱ་བ་བྱས་ཏེ་པུས་མོ་བཙུགས་ནས་གཏོར་མ་ཡང་ཟས་སྦྱར་བའི་སྦྱོར་བ་བྱིན་གྱིས་བརླབས་ཏེ་སྔགས་འདིས་དབུལ་ལོ། །ཨོཾ་ཨིནྡྲ་ཡེ་སྭཱ་ཧཱ། ཨོཾ་ཡ་མ་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་རེ་ཡེ་སྭཱ་ཧཱ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ནཻ་རྀ་ཏི་ཡེ་སྭཱ་ཧཱ། ཨོཾ་བ་ཡ་བེ་སྭཱ་ཧཱ། ཨོཾ་ཨི་ཤྭ་ནཱ་ཡ་སྭཱ་ཧཱ། ཨོཾ་ཙནྡྲ་ཨ་ཏེ་བྱ་སྭཱ་ཧཱ། ཨོཾ་སུ་མྦྷ་ནི་སྭཱ་ཧཱ། ཞེས་བརྗོད་ནས། ཨ་ཀཱ་རོ་མུ་ཁཾ་རྦབ་དྷརྨ་ཎཱཾ་ཨཱདྱཱ་ནུ་ཏྤནྣ་ཏྭཱ་ཏ་ཅེས་བརྗོད་དོ། གསོལ་བ་གདབ་པར་བྱའོ། །ཁམས་ན་བཞུགས་པའི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེར་ལྡན་རྣམས། །རྡོ་རྗེ་སྤྱན་དང་སྙན་མངའ་བ། །འཐུང་ལ་གནས་པའི་འབྱུང་པོ་ཀུན། །མིང་འདི་ཞེས་ནི་བགྱི་བ་ཡིས། །སངས་རྒྱས་རྣམས་ལ་མཆོད་པ་དང༌། །སེམས་ཅན་རྣམས་ལ་ཕན་སླད་དུ། །ས་ཕྱོགས་དགེ་གནས་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམས་པའི་ལས་བྱེད་ན། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །ད་ལྟར་ཁྱོད་ལ་བདག་གིས་ནི། །


DTG043_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་གསོལ་གྱིས་མི་སླུ་བར། །མཚན་མ་རྣམས་ནི་བསྟན་དུ་གསོལ། །ཞེས་འཇིག་རྟེན་པའི་ལྷ་རྣམས་ལ་གསོལ་བ་ལན་གསུམ་གྱི་བར་གྱིས་བླང་བར་བྱའོ། །དེ་ནས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་ཉལ་ནས་རྨི་ལམ་ལ་སོགས་པར་ཐོབ་པ་འམ། ཡང་ན་མ་ཐོབ་ན་མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་དགྲ་བགེགས་བཅོམ་པར་བྱའོ། །དེ་རྣམས་འཇིག་རྟེན་ལས་འདས་པ་རྣམས་ལ་བླང་བ་ཏིང་ངེ་འཛིན་གྱི་རིམ་པ་ཞེས་པ་ནི་གོང་དུ་གསུངས་པ། སངས་རྒྱས་ལ་སོགས་ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་ལ་སོགས་པ་ཞེས་པའོ། །ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའོ། །སྟ་གོན་གནས་ཞེས་པ་ནི་གནས་དེར་དམིགས་ཏེ་ཞེས་པའི་དོན་ཏོ། །ཡོན་དང་ཞེས་པ་ནི་རྩྭ་དཱུར་བ་ཉག་མ་སྔོན་པོ་ཞེས་ལ་སོགས་པ་དང༌། ལྷ་མོ་བཞིས་འཇམ་དཔལ་དང༌། བདུད་རྩི་འཁྱིལ་པའི་བུམ་པ་ལ་སོགས་པ་རྣམས་སོ། །གཏོར་མ་ནི་གོང་དུ་གསུངས་པའི་ཚུལ་གྱིས་བརླབ་པའོ། །དེ་རྣམས་སྟོབས་ནས་མཆོད་པ་ཕུལ་ཏེ་གསོལ་བ་གདབ་པར་བྱའོ། །དགོངས་ཤིག་དུས་གསུམ་མགོན་པོ་རྣམས། །དགྲ་བཅོམ་ཀུན་དང་རང་རྒྱལ་རྣམས། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །སངས་རྒྱས་ཐམས་ཅད་མཆོད་པ་དང༌། །སློབ་མ་རྣམས་ལ་ཕན་དོན་དུ། །དཔལ་ལྡན་འཇམ་དཔལ་རྡོ་རྗེ་ཡི། །དཀྱིལ་འཁོར་དམ་པ་བྲི་བར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །ཡོན་ཏན་གཏོར་མ་བཞེས་ནས་ཀྱང༌། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་དེ་དག་ཞི་བ་ལ་སོགས་པའི་ཐབ་ཅི་ལྟ་བར་སྦྱིན་སྲེག་གིས་ཚིམ་པར་བྱས་ཏེ། དེ་དག་གིས་ཀྱང་ཞལ་གྱིས་བཞེས་པར་བསམས་ལ། ཁུང་བུ་བརྐོ་བའི་ཆེད་དུ་ནམ་མཁའ་ལ་དགོད་པར་བྱའོ། །དེ་ལྟར་བསླང་བ་བྱས་ནས་དེ་ཕྱི་བའི་ཚུལ་གྱིས་སྦྱང་བར་བྱ་བའི་ཕྱིར། ཤིན་ཏུ་བགེགས་མེད་པ་བརྐོས་ཏེ། །ཞེས་པ་དེའི་དོན་ནི་གནས་གྲུབ་བཞི་ཡོངས་སུ་བརྟགས་ནས་ཀླུ་བརྟག་པར་བྱ་སྟེ། དེ་ཡང་རྗེའུ་རིགས་ཀྱི་ཀླུ་ཞིག་སྟོན་གསུམ་དང༌། དགུན་གསུམ་དང༌། དཔྱིད་གསུམ་དང༌། དབྱར་གསུམ་ལ་གོ་རིམས་བཞིན་དུ་མགོ་ཤར་ལ་སོགས་པར་བསྟན་ནས། བརླ་གཡོན་པས་ཉལ་ཏེ་གཡས་སྐོར་དུ་གནས་པར་ཤེས་པར་བྱའོ། །དེ་ཡང༌། མགོ་


DTG043_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་བརྐོས་ན་ཕ་སོགས་འཆི། །མཇུག་ཏུ་བརྐོས་ན་ནོར་ཟད་འགྱུར། །རྒྱབ་ཏུ་བརྐོས་ན་རང་ཉིད་འཆི། །ཞེས་འབྱུང་བས་དེའི་མདུན་ཕྱོགས་ཁོ་ནར་མཆོག་དང་རིག་འཛིན་དང་ཕྲ་མོ་གཞན་དང༌། གཞན་གྱི་དབྱེ་བས་གོ་རིམས་བཞིན་དུ་མགྲིན་པ་དང་ལྟོ་བ་དང་པུས་མོ་ནུབ་ཙམ་དུ་བདུད་རྩི་ཐབ་སྦྱོར་དུ་བསྒོམས་པའི་སློབ་མས་འཇོར་གྱིས་བརྐོ་བར་བྱའོ། །དེ་བཞིན་དུ་སློབ་མ་རྣམས་དབང་བསྐུར་བ་ཡང་ཅི་རིགས་པའོ། །དེ་ནས་སོ་ཕག་དང་རུས་པ་ལ་སོགས་པ་བསལ་ཞིང་དེ་ཉིད་གསུམ་དང་བདུད་རྩི་འཁྱིལ་བའི་སྔགས་ཀྱི་བཟླས་པའི་ཚུལ་བསྟན་ནས། དེའི་ཆ་ཉིད་དུ་མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་བགེགས་བཅོམ་སྟེ། དེ་ནས་དག་པར་བྱའོ། །གལ་ཏེ་རུས་པ་ལ་སོགས་པ་བསལ་བར་མ་གྱུར་ན། ལག་པས་རེག་སྟེ་དེ་ཉིད་གསུམ་དང་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཟླས་བརྗོད་བྱའོ། །དེ་བས། ཁུང་བུ་རིམ་པ་འདི་ཡིས་དག །ཅེས་པའོ།། སྔོན་དུ་དུས་རིང་བསྙེན་བྱེད་བ། །ཞེས་པ་ནི། གོང་དུ་སྨོས་པ་རྣམས་སོ། །འཇམ་དཔལ་རྡོ་རྗེ་ཞེས་པ་ནི་ཉི་མའི་མཚན་ཉིད་དོ། །རང་གི་ལྷ་ཡི་ཏིང་འཛིན་གནས། །ཞེས་པས་སོ། །དཀྱིལ་འཁོར་ས་ནི་སྦྱང་བྱ་སྟེ། །ཞེས་བ་ནི་དེའི་སྟེང་དུ་ས་གཞན་དག་ལས་ཇི་ལྟར་རིགས་པའི་སྟེགས་བུ་གྲུ་བཞི་པ་ཁྲུ་གང་ཙམ་དུ་འཕགས་པ་མཛེས་པ་དེའི་ནང་དུ་རིན་པོ་ཆེ་དང་འབྲུ་ལ་སོགས་པ་དང་ལྡན་པར་བྱས་ནས། དམ་ཚིག་རྣམས་དང་ར་བ་ལྡན་པར། །ཞེས་ཏེ་ལྕི་བ་ལ་སོགས་པས་བ་ལང་གི་ཀོ་བའི་ཚད་ཙམ་དུ་བྱུགས་ནས་མེ་ལོང་ལྟ་བུའོ། །དེ་ནས་གནས་ཁང་དེ་དྲི་ཆུས་ཆག་ཆག་བཏབ་ནས། རིན་པོ་ཆེའི་དབུ་རྒྱན་དང་གདུགས་དང་མཛེས་པའི་འབྲས་བུ་དངོས་པོའམ། བཅོས་མ་དང༌། དར་ཁ་དོག་སྣ་ཚོགས་པའི་ཡུག་དང༌། བླ་རེ་དང༌། བ་དན་དང༌། དྲིལ་བུ་དང༌། རྔ་ཡབ་དང༌། པི་ཝང་དང་སྦྲང་ཡབ་ལ་སོགས་པས་བརྒྱན་པར་བྱའོ། །བརྒྱ་བྱིན་ལ་སོགས་པའི་ཕྱོགས་སུ་གོ་རིམས་བཞིན་དུ་རྒྱལ་མཚན་དཀར་པོ་དང༌། སྨུག་པོ་དང༌། ནག་པོ་དང༌། དུང་ཀ་དང༌། དམར་པོ་དང༌། སྣ་ཚོགས་པ་དང༌། སེར་པོ་དང༌། ལྗང་གུ་རྣམས་ཀྱིས་མཛེས་པར་བྱས་པའོ། །དེ་ལྟ་བུའི་གནས་སུ་ཉིན་རེ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ། །བགེགས་དགྲའི་ཞེས་བྱ་བ་ལ་སོགས་པས་ནི་ནང་གི་རྣམ་


DTG043_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པའི་ཆོ་ག་གསུངས་པ། དེ་ལ་བགེགས་ཞེས་པ་ནི་གཟུང་བ་དང་འཛིན་པའོ། །དེའི་དགྲ་ནི་ཏིང་ངེ་འཛིན་རྣམ་པར་དག་པའི་བདུད་རྩི་འཁྱིལ་པ་སྟེ། དེའི་དཀྱིལ་འཁོར་ནི་གཙོ་བོར་བྱས་པ་སྟེ་ཇི་ལྟ་བ་བཞིན་དུ་བསྒོམས་ནས་འོད་ཟེར་བསྐུལ་བ་སྔོན་དུ་བྱས་ཏེ་བདག་ལ་རིགས་ཀྱི་བདག་པོས་དབང་བསྐུར་བས་ནི་རྣམ་པར་དག་པའོ། །ཡང་ན། རང་གི་ལྷ་ཡི་སྦྱོར་བ་འམ། །ཞེས་པས་ནི་དམ་ཚིག་ལྷའི་ཏིང་ངེ་འཛིན་མངོན་པར་བྱས་ནས་གོང་བཞིན་དུ་དབང་བསྐུར་བ་བླང་བར་བྱ་སྟེ། བགེགས་རྣམས་ཞེས་པ་ནི་ཀུན་དུ་རྟོག་པའོ། །དེ་བསྐྲད་པ་ནི་སེམས་ལས་མངོན་པར་བསལ་བའོ། །ཨོཾ་བྷཱུ་ཁཾ་ཞེས་པ་ལ་སོགས་པས་ནི་ས་བྱིན་གྱིས་བརླབ་པ་སྟོན་ཏེ། མཁའ་ལ་རི་རབ་འབྱུང་བ་བྱ། །ཞེས་པ་ནི་ཨོཾ་བྷཱུ་ཁཾ་ཞེས་བརྗོད་པས་རྣམ་པར་དག་པའི་ནམ་མཁའ་ལ་བཏེག་དེ་ཉིད་རི་རབ་ལྟ་བུར་བསྐྱེད་པར་བྱའོ། །དེ་ནས་ཧཱུཾ་ལཾ་ཧཱུཾ་ཞེས་བརྗོད་པས་དེ་ཉིད་རྡོ་རྗེའི་བདག་ཉིད་དུ་བསམས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་མེ་དི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པས་སོ། །ད་ནི་སྟེགས་བུ་དབུས་སུ་སྦྱོར་བ་ཞེས་པ་དང་ལྷན་ཅིག་གམ། ཡང་ན་གཅིག་ཏུ་བསྒོམ་པ་སྤྱོད་པས་ཏིང་ངེ་འཛིན་བསྒོམ་པར་བཀའ་སྩལ་ཏེ། སྔོན་བཞིན་ཞེས་པ་ལ་སོགས་པ་གསུངས་སོ། །སྔོན་བཞིན་ཞེས་པ་ནི་གོང་དུ་བསྙེན་པ་ལ་སོགས་བཞིན་དུའོ། །བགེགས་དགྲ་ཞེས་པ་ནི་ཧཱུཾ་མཛད་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། གོང་མ་བཞིན་དུ་སྲུང་བའི་འཁོར་ལོ་བསྒོམ་པ་ནས། རྗེས་སུ་ཆགས་པའི་མཐའ་ལ་ཐུག་པའི་སྦྱོར་བ་དང་པོ་བྱས་ནས་ཏེ། ཟླ་བར་ཞུ་བ་ལ་སོགས་པའི་རིམ་པས་བདུད་རྩི་འཁྱིལ་བའི་བར་དུ་ཕྱུང་ནས་མཆོད་པ་ལ་སོགས་པ་བྱས་ནས་དཀྱིལ་འཁོར་རྒྱལ་བ་མཆོག་གི་བདག་ཉིད་ཡིན་པ་དང༌། ལས་རྒྱལ་མཆོག་ནི་དཀྱིལ་འཁོར་གྱི་ལས་ས་དག་པར་བྱས་པ་ལ་སོགས་པ་བྱེད་པའོ། །དེ་བས་ན་ལས་ཀྱི་རྒྱལ་བ་མཆོག་ནི་ཕྱོགས་གསུམ་སྟེ། ཐིག་ལ་སོགས་པའི་བསྙེན་པའི་དུས་སུ་གསུངས་པ་དང༌། རི་མོའི་དཀྱིལ་འཁོར་བྲི་བའི་ལས་སློབ་པ་དབང་བསྐུར་བ་དང༌། དངོས་གྲུབ་བསྒྲུབ་པའི་དུས་སུ་གསུངས་པའོ། །དེ་བས་ན་ཏིང་ངེ་འཛིན་གྱི་བདག་ཅེས་པའི་དོན་ཏོ། །དཀྱིལ་འཁོར་ས་ཡི་དབུས་སུ་ནི། །རོལ་པ་དང་ལྷའི་འཁོར་ལོ་


DTG043_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ་དང་དྲི་བ་དང་བསྡུ་བ་དང་གཞི་ལ་གཞག་པ་དང༌། མཆོད་པ་ལ་སོགས་པ་དང་ལྡན་པར་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་བི་ཤུདྡྷོ྅ཧཾ། ཨོཾ་སརྦྦ་དྷརྨོ྅ཧཾ་ཞེས་བརྗོད་པས་སངས་རྒྱས་ཀུན་བདག་རང་བཞིན་གྱིས་དག་པ་དང༌། །རྡོ་རྗེའི་བདག་ཉིད་དུ་མོས་ནས་ང་རྒྱལ་བྱའོ། །ང་ཉིད་ཁོ་ན་རྡོ་རྗེ་ཅན། །ང་ཉིད་རྡོ་རྗེ་སེམས་དཔའ་བདག །སངས་རྒྱས་རྒྱལ་པོ་ཆེན་པོའི་བདག །རྡོ་རྗེ་ཅན་དང་སྟོབས་པོ་ཆེ། །དབང་ཕྱུག་རྒྱལ་པོ་རྣལ་འབྱོར་དང༌། །ང་ནི་བརྟན་པ་ཕྱག་རྡོ་རྗེ། །རྡོ་རྗེ་ཅན་ཆེན་བདག་ལྔ་བདག །ཅེས་བརྗོད་ནས་སེམས་ལ་དོན་གཟུང་བར་བྱའོ། །དེ་ལྟར་གནས་པ་ལ་སོགས་པའི་སློབ་མ་བཞིས་དངོས་སུ་འམ་སེམས་ཀྱིས་མཆོད་ནས་ཞུ་བ་གསོལ་བར་བྱའོ། །དེ་བཞིན་གཤེགས་པ་ཀུན་གྱི་རང་བཞིན་ཡིན་པས་ན་ཞི་བ་སྟེ་གཟུང་བ་ལ་སོགས་པ་མེད་པ་དེ་ནི་སྐུ་རྡོ་རྗེའོ། །དེ་བཞིན་གཤེགས་པ་དེ་ཡང་གང་ཞེ་ན། ཀུན་གྱི་གནས་ནི་ཀུན་གྱི་བདག་པོར་གྱུར་པ་སྟེ་ཐུགས་རྡོ་རྗེའོ། །ཕྱོགས་ཀུན་བདག་མེད་པ་ནི་རྣམ་པར་དག་པ་སྟེ་གསུང་རྡོ་རྗེའོ། །དེ་ལྟ་བུའི་དཀྱིལ་འཁོར་དམ་པ་བཤད་དུ་གསོལ་སྤྱིར་ཞུས་པའོ། །དེ་བཞིན་དུ་ཁྱད་པར་དུ་གྲུ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། གྲུ་བཞི་མ་ཡིན་པ་ལ་སོགས་པའི་མཚན་ཉིད་མེད་པ་ཐམས་ཅད་སྤངས་པ་དེ་ཡང་གང་ཞེ་ན། ཀུན་དུ་བཟང་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྐུའི་དཀྱིལ་འཁོར་གྱི་མཆོག་བཤད་དུ་གསོལ་ཞེས་པའོ། །ཞི་བའི་ཆོས་ཞེས་པ་ནི་བདག་མེད་པའོ། །དེ་ཉིད་མཆོག་སྟེ་དེ་ལས་ཡང་དག་པར་འབྱུང་བ་ནི་གསུང་གི་དཀྱིལ་འཁོར་རོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་རྣལ་འབྱོར་པ་ཞེས་སོ། །སེམས་ཅན་ཀུན་གྱི་ཞེས་པ་ནི་སངས་རྒྱས་དང་སེམས་ཅན་ནོ། །དེའི་སེམས་ཆེན་པོ་ནི་ཐུགས་རྡོ་རྗེའི་རང་བཞིན་ནོ། །དེ་ཉིད་རང་བཞིན་དག་པས་དྲི་མ་མེད་ཅེས་པའོ། །དེ་ལྟར་ལན་གསུམ་དུ་ཞུས་པ་དེས་ལངས་ནས་ལུས་ངག་ཡིད་གསུམ་གྱི་སྦྱོར་བས་བགེགས་བསྐྲད་གསུངས་པ། འཇམ་རྒྱལ་ཞེས་པ་ལ་སོགས་པའོ། །འཇམ་རྒྱལ་ཁྲོ་བོ་ཞེས་པ་ནི་དེ་ཉིད་དེ་མ་ཐག་ཏུ་ཧཱུཾ་མཛད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེས་བལྟས་ནས་ཞེས་སོ། །གང་ལ་ཞེ་ན་རང་དང་འདྲེས་པའི་སེམས་


DTG043_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཁམས་ཞེས་པ་སྟེ། སྲིད་པ་ཐམས་ཅད་འཇམ་དཔལ་རྡོ་རྗེའི་རང་བཞིན་དུ་འདྲེས་ཤིང་གནས་པ་ལ་གློ་བུར་དུ་ཉོན་མོངས་པ་རྣམས་ཀྱིས་བསྒྲིབས་ཏེ། དེའི་ཕྱིར་དེ་ལས། བགེགས་གཤེད་ཀྱི་ངོ་བོར་ཁྲོས་ཞེས་པའོ། །སྤྱན་ལ་ཧཱུཾ་བཀོད་རྡོ་རྗེ་བསྟན། །ཞེས་པ་ནི་མིག་གཡས་པ་མ་ལས་ཉི་མར་བསམ་གཡོན་པར་ཊ་ལས་ཟླ་བའི་དཀྱིལ་འཁོར་དུ་བསྒོམས་ཏེ། དེའི་སྟེང་དུ་མིག་འབྲས་ཧཱུཾ་ལས་འབར་བའི་རྩེ་ལྔ་པར་བསྒོམ་ཞེས་པའོ། །གྲོལ་བའི་དཀྱིལ་འཁོར་སྤྲུལ་པར་བྱ། །ཞེས་པ་ནི་རྡོ་རྗེ་ལས་ནམ་མཁའི་ཁམས་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་གྱིས་ཁྱབ་པར་སྤྲུལ་པར་བྱའོ། །བློ་ལྡན་ཞེས་པ་ནི་སྦྱོར་བ་ཞེས་པའོ། །འགྲོ་ཀུན་ལྟར་ཞེས་པ་ནི་གོང་མའི་རིམ་པས་ཤེས་སོ། །དཀྱིལ་འཁོར་ས་གཞི་སྟང་སྟབས་བསྐོར། །ཞེས་པ་ནི་གཡས་བརྐྱང་བའི་རིམ་པས་སོ་སོའི་ཚུལ་སྤྱོད་པའོ། །རྐང་མཐིལ་རྡོ་རྗེ་འབར་བསྒོམས་ཏེ། །ཞེས་པ་ནི་རྐང་པ་གཉིས་སུ་བལྟས་ལ་སྣ་ཚོགས་རྡོ་རྗེ་འབར་བ་བསྒོམ་མོ། །ལག་པས་རྡོ་རྗེ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་གྱིས་དྲིལ་བུ་དང་བཅས་པའོ། །ཧཱུཾ་མཛད་པས་ཞེས་པ་ནི་ཧཱུཾ་གི་ང་རོ་སྒྲོགས་པའོ། །ལྟ་སོགས་ཞེས་པ་ལ་སོགས་པ་ནི། ས་ལ་གནས་པའི་བགེགས་ལ་སོགས་པའོ། །ཚིག་ཏུ་ཡང་འདི་སྐད་བརྗོད་དོ། །ཉོན་ཅིག་ཅེས་པ་ལ་སོགས་པའོ། །ལུས་ངག་ཡིད་གསུམ་ལ་གནས་པའི་ཞེས་པ་ནི་གཡས་བརྐྱང་བ་ལ་སོགས་པས་བགེགས་འཇོམས་པ་ནི་ལུས་ཀྱིའོ། །བསྐལ་བ་ཟང་པའི་དུས་ཀྱི་འབྲུག་ལྟ་བུའི་སྒྲ་སྒྲོགས་པ་ནི་གསུང་གིའོ། །དངོས་པོ་ཐམས་ཅད་ཟབ་མོར་དམིགས་པ་ནི་ཐུགས་ཀྱིའོ། །དེ་ལྟ་བུ་ལ་གནས་པའི་འཇམ་དཔལ་བདག་གིས་སྲུང་བའི་འཁོར་ལོ་བྱེད་ཅེས་པས་སོ། །འདོད་གསུམ་བསྐྱེད་ལུས་ཞེས་པ་ནི་འདོད་པའི་ཁམས་ཁོ་ན་ལ་ཁམས་ཡོད་པའི་ཕྱིར་རོ། །དེ་ལྟ་བུའི་རིམ་པས་ས་ལ་ཡོངས་སུ་བསྐོར་བར་བྱ་སྟེ། དེ་ནས་བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པར་བྱའོ། །ཇི་ལྟ་བུ་ཞེ་ན་སྟོད་དགྲ་ཞེས་པ་ལ་སོགས་པའོ། །དེ་ཡང་སེང་ལྡེང་ལ་སོགས་པའི་ཕུར་བུ་དྲི་དམར་པོས་བྱུག་ཅིང༌། སྲད་བུ་དམར་པོ་ལ་མེ་ཏོག་གི་ཕྲེང་བ་བཏགས་ལ། སྟོད་བགེགས་དགྲ་སྟེ་བདུད་རྩི་འཁྱིལ་པ་ལྟ་བུ་ལ་སྨད་གསལ་ཤིང་སྟེ། ཟུར་གསུམ་པ་ལྟ་བུར་བསམས་ནས་


DTG043_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་དབུས་སུ་གདབ་པར་བྱའོ། །དེ་ལས་འོད་ཟེར་འབར་བས་འཁྲུག་ཅིང་འབར་བའི་ཕྱོགས་བཅུ་ན་གནས་པའི་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ། །ཡང་ན་མཚམས་དང་ར་བ་དྲ་བས་ཕྱོགས་བཅིང་ཞེས་པ་ནི་སྲུང་བའི་འཁོར་ལོའི་སྦྱོར་བསར་བ་དྲ་བ་དང་ས་གཞིར་བསྒོམས་ནས་འཁོར་ལོ་བསྒོམ་པར་བྱ་སྟེ་ས་བསྲུང་བར་བྱའོ། །སྟ་གོན་བྱ་བ་ནི་ཞེས་པ་ནི་ས་བོན་གྱི་ཕྱག་རྒྱ་དཀྱིལ་འཁོར་གྱི་ས་ལ་བཞག་སྟེ། ཨོཾ་ཊཀྐི་ཧཱུཾ་ཛ་ཞེས་བརྗོད་པས་སའི་ལྷ་མོ་སྐུ་མདོག་གསེར་ལྟ་བུ་ཕྱག་ན་གསེར་གྱི་བུམ་པ་བསྣམས་པ་རྒྱན་ཀུན་གྱིས་བརྒྱན་པ་རྣམ་པར་སྣང་མཛད་དང་ལྡན་པས་སའི་ལྷ་མོ་ལུས་ཕྱེད་ཐོན་པར་བསམས་ཏེ། མེ་ཏོག་ལ་སོགས་པས་མཆོད་ནས་འདི་སྐད་དུ་སྦྲན་ནོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །ཞེས་པ་ལ་སོགས་པ་ལན་གསུམ་དུ་བརྗོད་དོ། །དེ་ནས་དེ་ཉིད་དགྱེས་ཏེ་ཞལ་གྱིས་བཞེས་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །ས་དག་པར་བྱ་བའི་ཆོ་གའོ། །ལྷ་སྟ་གོན་ཏུ་གནས་པ་གསུངས་པ། དྲི་ཞིམ་ཞེས་པ་ལ་སོགས་པའོ། །དྲི་ཞིམ་སོགས་ཀྱིས་བསྐུས་ཞེས་པ་ནི་ཙནྡན་དང་གུར་ཀུམ་ལ་སོགས་པས་ས་བྱུག་ས་ནས་ཞེས་སོ། །དེ་བཞིན་དུ་ཁ་དོག་དང་དབྱིབས་སྣ་ཚོགས་པའི་མེ་ཏོག་གིས་ཀྱང་རབ་ཏུ་བཀྲམ་ལ་ཟླ་བ་ལ་སོགས་པས་ཞེས་ཏེ། བྱང་ཆུབ་སེམས་ལ་སོགས་པ་དང་དྲི་ཞིམ་པོ་བསྲེས་པས་ལྷའི་གདན་ཞེས་པ་ནི་ལྷ་བཅུ་དགུའི་གྲངས་དང་མཐུན་པའི་ཐིག་ལེ་རང་གི་སྔགས་ལན་བདུན་བདུན་བཟླས་པས་མཎྜལ་རབ་ཏུ་བྱ་ཞེས་སོ། །དེ་ལ་དཀྱིལ་འཁོར་རབ་ཏུ་བཀུག་ནས་ཞེས་པ་ལ་དེའི་དོན་ནི་འདི་ལྟ་སྟེ། ལྷག་པར་མོས་པ་ལ་སོགས་པས་དམ་ཚིག་གི་འཁོར་ལོ་རྫོགས་པར་བཀོད་ལ་མཚན་ཡང་འདི་བཞིན་དུ་བྲིས་པར་བསྐྱེད་དོ། །སྐྱེས་དོན་དང་ལྡན་དེ་རིང་བདག །བདག་གི་གསོལ་བའི་འབྲས་བུ་འདི། །དམ་ཚིག་ལྷ་དང་བདག་མཉམ་མོ། །བདག་གི་ཐེ་ཚོམ་མེད་པར་འགྱུར། །ཕྱིར་མི་ལྡོག་པར་བདག་འགྱུར་བ། བྱང་ཆུབ་སེམས་དཔའ་ད་དགོངས་ཤིག །དེ་བཞིན་གཤེགས་པའི་རིགས་སུ་ནི། །སྐྱེ་བར་བདག་ནི་ཐེ་ཚོམ་མེད། །དེ་རིང་བདག་གི་ཉི་མ་མཚོན། །མཆོད་སྦྱིན་འདི་ནི་བླ་ན་མེད། །དེ་རིང་བདག་གི་ཚོགས་པ་མཆོག །ཅེས་བརྗོད་ནས་སྙན་གསན་ཡང་དབབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་རྣམས།།


DTG043_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བདག་ལ་དགོངས་སུ་གསོལ། །ཆེ་གེ་མོ་བདག་རྡོ་རྗེ་ཅན། །བདག་གིས་དཀྱིལ་འཁོར་བྲི་བར་འཚལ། །སངས་རྒྱས་ལ་སོགས་འདིར་བྱོན་ནས། །བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་དགུག་གོ །དེ་ནས་མཚམས་ལ་སོགས་པ་བཅིངས་ནས། བཅིང་བ་དང་དབང་དུ་བྱ་བ་བྱས་ནས་ཉེ་བར་སྒྲུབ་པ་ལ་སོགས་པ་མཚོན་ནས་མཆོད་པ་དང་བསྟོད་པ་དང༌། བདུད་རྩི་མྱང་བ་བྱས་ནས་འོག་ནས་བྱུང་བའི་ཚིགས་སུ་བཅད་པས་ཀྱང་ལན་གསུམ་གསོལ་བ་གདབ་པར་བྱའོ། །བུམ་པ་སྟ་གོན་དུ་གནས་པ་གསུངས་པ། བུམ་པ་ཞེས་པ་ལ་སོགས་པའི་བུམ་པ་ཞེས་པ་ནི་གསེར་ལ་སོགས་པའམ། ཁམ་གྱི་རྒྱུ་ལས་བྱས་པའི་བུམ་པ་ལྟོ་བ་ཆེ་བ་མགྲིན་པ་ཁ་ཁྱེར་དང་ལྡན་ཞིང་མཆུ་འཕྱང་བ། ཞབས་བརྟན་པ། ནག་ནོག་མེད་པ། རྟ་མགྲིན་དུ་གནས་པར་བྱའོ། །མགུལ་པ་རས་ཀྱིས་ཡང་དག་དཀྲིས། །ཞེས་པ་ནི་རས་ཁ་ཚར་མ་ཉམས་པས་མགུལ་བཅིངས་སོ། །ཙཱུ་ཏ་ཡལ་ག་ལ་སོགས་ལྡན། །ཞེས་པ་ནི་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་ཞེས་སོ། །བུམ་པ་དཀྱིལ་འཁོར་ལྷ་རྣམས་ཀྱི། །ཞེས་པ་ནི་འཆད་པའི་བུམ་པ་ལྷའི་གྲངས་ངང་མཐུན་པར་བྱས་ལ་རང་རང་གི་སྔགས་ཀྱིས་སྟ་གོན་དུ་གནས་པར་བྱའོ། །རྫས་འདི་རྣམས་ཚོགས་པས་དབང་བསྐུར་བའི་བུམ་པ་རྟ་མགྲིན་དུ་གནས་པར་བྱ་སྟེ། །འབྲུ་ལྔ་ཞེས་པ་ནི་གྲོ་དེང་ནས་དང་ཏིལ་དང་འབྲས་དང་མོན་སྲན་གྲེའུའོ། །སྨན་ལྔ་ཞེས་པ་ནི་སིང་ཀྲི་དང་ཧ་ས་དང༌། དེ་བ་དང༌། ཀརྟི་ཀའོ། །རིན་ཆེན་ལྔ་ཞེས་པ་ནི་བྱི་རུ་དངས་ལེ་སྦྲམ་དང་དུང་དང་མུ་ཏིག་དང་ནོར་བུའོ། །དེ་རྣམས་ནི་གཞན་ཡང་རྟག་པར་བྱའོ། །འཁོར་ལ་དྲི་ཆུ་ལ་བསྡུས་པ། །ཞེས་པ་ནི་བུམ་པ་གཞན་ལས་ཡོན་གྱི་སྣོད་རེ་རེ་བསྡུ་བར་བྱའོ། །དེའི་སྟེང་དུ་སྣ་ཚོགས་ཀྱི་ཕྲེང་བས་བཅིངས་པའི་རྡོ་རྗེས་བརྒྱན་པར་བྱའོ། །དེའི་མིང་ནི་རྣམ་པར་རྒྱལ་བའི་བུམ་པ་ཞེས་བྱ་སྟེ། དཀྱིལ་འཁོར་གཙོ་བོའི་སྔགས་ཀྱིས་བཟླས་པར་བྱའོ། །དེ་བཞིན་དུ་བསང་བྱེད་ཀྱི་བུམ་པ་ལ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཟླས་པར་བྱའོ། །དེ་རྣམས་ཀྱང་ཙནྡན་དཀར་པོས་བྱུག་ཅིང་སྤོས་བསྲེགས་ནས་སྦྱར་བའི་དྲི་ཞིམ་པོའི་ཆུས་བཀང་བ། ཡི་གེ་བཾ་ལས་བསྐྱེད་པ། ཧྲཱི་ལས་གྱུར་པའི་པདྨ་ལ། ཨ་ལས་ཟླ་བ་དང༌། ཉི་མའི་གདན་ལ་འབྲུ་ལྔ་པ་ལ་


DTG043_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ས་བོན་དང་ཕྱག་མཚན་གྱི་རིམ་པས་སྐུ་རྫོགས་པར་བསྐྱེད་ལ། ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་བསྟིམ་སྟེ། དེ་ནས། ཡོན་ཕུལ་ནས་ནི་མཆོད་བྱས་ཏེ། །ཞེས་པ་ནི་བསང་གཏོར་ལ་སོགས་པའི་བྱ་བ་དང་མཆོད་པ་ལྔ་ལ་སོགས་པས་མཆོད་པའོ། །མེ་ཏོག་དཀར་པོ་གཏོར་བ་དང༌། །ཞེས་པ་ནི་མེ་ཏོག་དཀར་པོ་ཁ་ཅིག་དབང་བསྐུར་བའི་བུམ་པའི་ནང་དུ་གཏོར་བ་སྟེ་མན་ངག་གོ །གནས་དེར་སྤང་སྤོས་བསྲེག་པའི་སྣོད་ལ་སོགས་པ་ཡང་གཞག་པར་བྱའོ། །ཉིན་རེ་ཡི་ནི་མཚན་གསུམ་ལ། །ཞེས་པ་ནི་སྔ་དྲོ་དང་གྲོ་རན་དང་ཕྱི་འཕྲེད་དོ། །གཏོར་མ་ཕུལ་ནས་ཞེས་པ་ནི། ཟས་སྦྱོར་བའི་རིམ་པས་སྦྱར་བའི་གཏོར་མ་ཡང་ཐུན་མཚམས་སུ་དབུལ་བར་བྱའོ་ཞེས་སོ། །དེ་བཞིན་བཟླ་ཞེས་པ་ནི་གོང་མ་བཞིན་དུ་སོ་སོའི་བཟླས་པ་བྱའོ། །དེ་ནས་དགོད་པའི་གནས་གསུངས་པ། དེ་དག་དཀྱིལ་འཁོར་གྱི་གྲྭ་ལ་བཀོད་ལ་གཡས་སུ་སྟེ་ཤར་ལྷོ་མཚམས་སུ་བཞག་སྟེ་མི་གཡོ་བའི་ཏིང་ངེ་འཛིན་དུ་བྱའོ། །དེ་བཞིན་དུ་གཡོན་དུ་བསང་བྱེད་ཀྱི་བུམ་པ་བཞག་ལ་བགེགས་ཟློག་ཏུ་གསོལ་ཞེས་ལས་བཅོལ་ལོ། །དེ་ནས་གཡོན་གྱི་སྣོད་ལ་ཆུ་བླུགས་ནས། །ཞེས་པ་ནི། དབང་བསྐུར་བའི་བུམ་པ་ལ་བྱ་སྟེ་གོང་དུ་བཤད་ཟིན་ཏོ། །བདག་གིས་སློབ་མ་ཐམས་ཅད་ལ། །ཆུ་ཡི་དབང་བསྐུར་བྱེད་པར་འགྱུར། །ཞེས་པ་ནི་དུས་གཞན་དུ་བྱེད་པར་འགྱུར་རོ་ཞེས་པའོ། །དཀྱིལ་འཁོར་མཆོད་པ་ཡང་བྱ་སྟེ། །ཞེས་པ་ལ་སོགས་པ་ནི་གོང་དུ་བཀུག་པ་རྣམས་ལ་སྙན་གསན་དབབ་པར་སྟོན་ཏོ། །དེ་ཁོ་ན་གོང་དུ་གསུངས་པའི་དེ་ཉིད་འདིར་ཡང་ཤེས་པར་བྱའོ། །མཆོད་པ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ་བསྟོད་པ་དང་བདུད་རྩི་མྱང་བ་ཡང་ཤེས་པར་བྱའོ། །ལག་པར་པོག་ཕོར་བསྲེགས་ནས་སུ། །པུས་མོ་བཙུགས་ཞེས་པ་ནི་བདག་ཉིད་དབུས་ཀྱི་གཙོ་བོའི་ང་རྒྱལ་དང་ལྡན་པ་ཉིད་ཀྱི་ཐུགས་ཀ་ནས་ལས་ཀྱི་རྡོ་རྗེའི་གཟུགས་སུ་ཕྱུང་ནས་སོ། །དེས་ཅི་བྱེད་ན། དཀྱིལ་འཁོར་གཙོ་ཞེས་པ་ནི་བདག་འཇམ་དཔལ་གྱི་ངོ་བོར་གནས་པ་ལའོ། །སངས་རྒྱས་ཞེས་པ་ནི་རྟག་པ་ལ་སོགས་པ་སྟེ་དེ་རྣམས་ལ་སྙན་གསན་དབབ་པར་བྱའོ། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནས། བྱིན་གྱིས་བརླབ་པར་


DTG043_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། །ཞེས་པ་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །ཁྱབ་བདག་ཅེས་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རང་བཞིན་ནོ། །མཆོད་སོགས་ཞེས་པ་ནི་བསྟོད་པ་ལ་སོགས་པའོ། །བསྲུངས་ནས་ཞེས་པ་ནི། ཕྱིར་འབྱུང་བའི་དུས་སུ་དྲན་པ་ལ་སོགས་པས་སོ། །སློབ་མ་སྟ་གོན་དུ་གནས་པ་གསུངས་པ། རང་གི་སློབ་མ་བརྟགས་ནས་གཟུང༌། །ཞེས་པ་ལ་སོགས་པའོ། །ཇི་ལྟ་བུ་ཞེ་ན། བློ་དང་ལྡན་པ་ཐེག་པ་ཆེན་པོ་ལ་མཆོག་ཏུ་དགའ་བ་ཆེན་པོ་དང་ལྡན་པ་བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པ་ང་རྒྱལ་མེད་པའི་རིགས་ཅན་ཞེས་པ་ནི་བྲམ་ཟེ་ལ་སོགས་པའི་ཁྱད་པར་ཅན་ནོ། །ཕྱི་ནང་གི་ཡོན་ཏན་དང་ལྡན་ཞིང་དད་པ་ཆེ་བ། གཟུགས་ལ་སོགས་པ་གཞོན་པས་བརྒྱན་པ་སྟེ། འདི་རྣམས་ནི་བསྟན་པས་མཆོག་ཏུ་གཟུང་བར་རྒྱལ་བས་གསུངས་སོ། །དེ་བཞིན་དུ་བདེ་བར་གཤེགས་པ་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་འདོད་པ་མངོན་དུ་ལྡན་པ་སྟེ། ལྷག་པར་མོས་པ་ཡོད་ན་ངན་ཞིང་ཡོན་ཏན་མེད་པ་དང་རིགས་དམན་པ་ཡིན་ཡང་གཟུང་བར་བྱ་བ་ཡིན་ནོ་ཞེས་པའོ། །དཀྱིལ་འཁོར་འཁོར་ལོ་རིམ་པ་འདི། །ཞེས་པ་ནི་དཀྱིལ་འཁོར་འཁོར་ལོའི་རིམ་པ་འདི་ལ་མོས་པ་དང་ལྡན་པ་བཞི་རྣམས་ལ་ཡང་ལུང་དུ་བསྟན་ན་ཞེས་པ་སྟེ། དགེ་སློང་དང་དགེ་སློང་མ་དང༌། དགེ་བསྙེན་དང་དགེ་བསྙེན་མ་ལ་ཡང་ངོ༌། །ཐམས་ཅད་ཀྱང་འདི་རྣམས་དང་ལྡན་ན་དཀྱིལ་འཁོར་དུ་ཞུགས་པར་བྱ་སྟེ་བསླབ་དང་ཞེས་པ་ལ་སོགས་པའོ། །དེ་ལས་གཞན་པའི་སློབ་མ་བསོད་ནམས་འདོད་པ་དང་ཚེ་འདིའི་སྲིད་རྣམས་འདོད་པའོ། །དེ་ཡང་ཚེ་ཕྱི་མའི་བསོད་ནམས་ནི་ཚེ་ཕྱི་མར་རིགས་རྒྱས་པ་ལ་སོགས་པའོ། །ཚེ་འདིའི་འདིར་བགེགས་ཀྱི་འཚེ་བ་བཟློག་པ་ལ་སོགས་པའོ། །ཚེ་འདིར་འབྲས་བུ་རྒྱས་པ་ཡིན། །ཞེས་པ་ནི་ཞར་ལས་འབྱུང་བ་ཡིན་ནོ་ཞེས་པའོ། །དེ་ལྟར་གནོད་དང་གནོད་མ་ཡིན་པ་སློབ་མ་ལ་སྨས་ནས། སློབ་དཔོན་རང་གི་ཁང་པའི་ནང་དུ་འགྲོའོ། །སྔོན་བཞིན་རྡོ་རྗེ་ཆུ་སྐྱེས་དག །ཅེས་པ་ནི་དེའི་ཚེ་དེ་རྣམས་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། སྙིང་ག་ན་གནས་པའི་རའི་མེས་ཐལ་བར་བྱས་ཏེ། རྣམ་པར་ཤེས་པ་ཡི་གེ་གསུམ་དུ་གནས་པ་དེ་ཉིད་ཞལ་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་ཆུ་


DTG043_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་ནང་དུ་བབ་སྟེ་དབང་པོ་རྒྱས་པར་བྱས། ཐབས་དེས་དག་པར་བྱས་ནས་བསྡུས་ཏེ། དེས་ཁང་པའི་སྒོ་རུ་ཚིགས་སུ་བཅད་པ་འདིས་གསོལ་བ་ལན་གསུམ་གདབ་པར་བྱའོ། །དེ་ཡང་གང་ཞེ་ན། སྟོན་ཆེན་ཁྱེད་ལ་བདག་དགའོ། །ཞེས་བ་ནས་ཞུགས་པར་མཛོད་ཅེས་པའི་བར་དུའོ། །ཆགས་ལྡན་སློབ་མ་མཛེས་པའོ། །ཞེས་པ་ནི་ཟབ་མོའི་དོན་ལ་ཆགས་པ་དང་ལྡན་པའོ། །སློབ་མའི་གཙོ་བོ་གཅིག་པུ་ནི། །ཞེས་པ་ནི་སློབ་མ་དམ་པ་ཅིག་གཙོ་བོར་བྱས་ནས། དེ་ལ་སོགས་པ་རྣམས་ལ་ཚིག་འདི་སྐད་དུ་སྨྲ་བར་བྱའོ། །བུ་འདིར་ཤོག་ཅིག་ཐེག་ཆེན་གྱི། །ཞེས་པ་ནས། ཐམས་ཅད་མཁྱེན་པ་ཐོབ་པར་གྱིས། །ཞེས་པའི་བར་བརྗོད་པར་བྱའོ། །རྣམ་པ་གསུམ་དང་བཤགས་སོགས་པ། །ཞེས་པ་ལ་སོགས་པས་ནི་འདི་སྟོན་པར་བྱེད་དོ། །སློབ་མ་རྣམས་སྡིག་པ་བཤགས་པ་ལ་སོགས་པ་ཡང་ཚིག་འདིར་གཞུག་གོ །ཐོག་མ་མེད་ལྡན་སྲིད་རྒྱུད་ལ། །རྙོག་པས་བསགས་པའི་སྡིག་ཀུན་གང༌། །སྙིང་རྗེ་ཆེན་པོ་བདུན་རིམ་བཞིན། །དེ་དག་ཐམས་ཅད་བཤགས་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང༌། །འཕགས་པ་གཞན་གྱི་དགེ་བ་གང༌། །མ་ལུས་བདག་གིས་ཡི་རངས་ཏེ། །ཡང་དག་བྱང་ཆུབ་ཕྱིར་བསྔོའོ། །སངས་རྒྱས་ཐམས་ཅད་དབུགས་འབྱིན་པར། །སངས་རྒྱས་ཀུན་ལ་གསལ་བྱས་ཏེ། །ནམ་མཁའི་དབྱིངས་ལ་བརྟན་དུ་ཤིས། །འཇིག་རྟེན་ཀུན་དང་སྡིག་མེད་མཛོད། །ཟླ་རྒྱས་དྲི་མེད་འདྲ་སེམས་ལས། །གྲུབ་པ་མཐའ་ཡས་སྙིང་རྗེ་ཐབས། །རྟག་ཏུ་བདག་ཡིད་ལ་གནས་པའི། །སངས་རྒྱས་ཀུན་ལ་སྐྱབས་སུ་མཆིའོ། །རྟོག་པ་ཀུན་ལས་ངེས་གྲོལ་བ། །མ་ལུས་ཀུན་གྱི་བཀྲ་ཤིས་བཞི། །དངོས་པོ་ཀུན་དགའ་རང་བཞིན་གཅིག །བདག་ནི་ཆོས་ལ་སྐྱབས་སུ་མཆི། །བཅིངས་པ་ཡང་དག་སྤངས་པ་ཡི། །དཔལ་ལྡན་སྙིང་རྗེ་མཆོག་ལྡན་པ། །རབ་དགའ་ལ་སོགས་སར་གནས་པའི། །འདུལ་དབང་མཆོག་ལ་སྐྱབས་སུ་མཆི། །བསམ་དང་རྣམ་སྨིན་དག་པ་ཡི། །སྒྲིབ་ཀུན་བག་ཆགས་བཅོམ་པ་སྟེ། །མོས་པས་རྣམ་པར་བརྒྱན་སེམས་ཀྱིས། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདེ་གཤེགས་སྲས་གཅིག་ལམ་གཅིག་པོ། །བྱིན་སོགས་བཅུ་པོ་དཀར་པོ་ལ། །སངས་རྒྱས་ཀུན་


DTG043_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དག་རང་བཞིན་བློས། །ད་ལྟར་བདག་གིས་བརྟེན་པར་བགྱི། །བདག་ཀྱང་ཐམས་ཅད་མཁྱེན་གྱུར་ཏེ། །དབང་ཕྱུག་གོ་འཕང་ཐོབ་ནས་ནི། །འགྲོ་བ་མ་ལུས་ཡོངས་སུ་བསྒྲལ། །སངས་རྒྱས་ཐོབ་པར་བགྱི་སླད་དུ། །འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཏེ། །བདག་གིས་སྟོབས་ཀྱི་ནུས་པ་དང༌། །སྨོན་ལམ་ལ་ཡང་མི་ཆགས་ཀྱི། །དངོས་གྲུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཐབས་ནི་རྟག་ཏུ་བྱེད་པའི་བདག །ཕུན་སུམ་ཚོགས་པའི་གཙོར་གྱུར་ཅིག །བདག་གི་སྨོན་ལམ་འདི་ཡིས་ནི། །ཇི་སྙེད་འགྲོ་བ་མ་ལུས་ཀུན། །བདེ་འགྲོའི་གོ་འཕང་ཐོབ་པར་ཤོག །ཅེས་ལན་གསུམ་དུ་སློབ་མ་རྣམས་བརྗོད་དུ་གཞུག་གོ །དེ་ནས་རྫས་འདི་རྣམས་སྦྱིན་པར་བྱ་སྟེ། །ཐམས་ཅད་བྱེད་པ་གསུམ་བྱས་ནས། །ཞེས་པ་ནི་དེ་རྣམས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་ཞེས་སོ། །དེ་ནས་རྡོ་རྗེ་དང་པདྨ་འཁོར་ལོ་དེ་རྣམས་སྙིང་ག་དང་མགྲིན་པ་དང་སྤྱི་བོར་བསམ་པར་བྱས་ལ།། དེ་རྣམས་ལ་ཧཱུཾ་དང་ཨཱཿཨོཾ་དགོད་པར་བྱའོ། །དྲི་ཆུ་རྡོ་རྗེ་ཁུ་ཚུར་གྱིས། །ཞེས་པ་ནི། །རྡོ་རྗེ་བཟུང་བའི་ཁུ་ཚུར་གྱིས་དྲི་ཆུ་བླངས་ཏེ། །ཧཱུཾ་ཨཱཿཨོཾ་ཞེས་བརྗོད་པར་བྱས་ནས་སྙིང་ག་དང་མགྲིན་པ་དང་མགོ་ལ་བསྐུ་བར་བྱ་སྟེ། རིམ་པས་མེ་ཏོག་ལ་སོགས་སྦྱིན། །ཞེས་པ་ནི་དེ་ལ་མཆོད་པར་བྱའོ་ཞེས་སོ། །སྤྱི་བོར་མེ་ཏོག་དང་སྤོས་མེ་མགྲིན་པ་དང་དྲི་སྙིང་གར་རོ། །ལྷ་བཤོས་ནི་མ་སྨོས་ཀྱང་མདུན་དུ་ཤེས་པར་བྱའོ། །ལུས་ཀུན་བྱེད་པས་བཟླས་བྱས་ཏེ། །སོ་སོར་བསྙེན་ནས་ཞེས་པ་ནི་རྫས་དེ་རྣམས་ཀྱང་བདུད་རྩི་འཁྱིལ་བའི་སྔགས་ཁོ་ན་བཟླས་ནས་སོ། །སྦྱིན་པར་བྱ་ཞེས་པ་ནི་ཚིག་འདིས་སྦྱིན་པར་བྱའོ། །དེང་གི་ཉི་མ་ནས་བཟུང་ནས། །འཁོར་བའི་ཉེས་པས་མ་གོས་ཤིང༌། །མཆོད་པ་ཀུན་དང་ཁྱོད་ལྡན་ཏེ། །དུས་རྣམས་ཀུན་དུ་བདེ་བར་གནས། །ཞེས་བརྗོད་ནས་བསྐུལ་བར་བྱའོ། །དེ་བཞིན་དུ་སོར་མོ་བཅུ་གཉིས་ཀྱི་ཚད་དུ་ཕྱིན་པ་རྩེ་མོའི་ཕྱོགས་སུ་མེ་ཏོག་བཏགས་ལ། སྲིན་དུས་བརྐོས་པའི་བུ་ག་མེད་པ། ཨ་ཤྭདྠ་འམ། ཨུ་དུམྦཱ་ར་ལ་སོགས་པས་བྱས་པའི་སོ་ཤིང་དྲང་པོར་དྲི་ཞིམ་པོ་བྱུག་ཅིང་སྦྱིན་པར་བྱའོ། །དེ་ནས་ལྟས་བལྟ་བའི་ཕྱིར་ཐོ་རངས་ལངས་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ་མི་སྨྲ་བར་དེ་འཆོས་ནས་མདུན་དྲང་པོར་བསྐྱུར་རོ། །གར་བསྐྱུར་


DTG043_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ས་ལ་བ་ལང་ཀོ་བ་ཙམ་བྱུགས་ཞེས་པ་ནི། གྲུ་བཞི་འམ་གསུམ་དུ་མཐུག་སྲབ་དེ་ཙམ་དུ་བྱུགས་ཏེ། ཞི་བ་ལ་སོགས་དངོས་གྲུབ་བལྟ། །ཞེས་པ་ནི་བྱང་ཕྱོགས་ལ་སོགས་པ་གོ་རིམས་བཞིན་དུ་ཞི་བ་དང་རྒྱས་པ་དང་མངོན་སྤྱོད་དང་དབང་གི་བྱ་བ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སྟེང་དུ་བལྟས་ན་རིག་འཛིན་ནོ། །འོག་ཏུ་བལྟས་ན་འོག་གི་དངོས་གྲུབ་ཏུ་འགྲུབ་པར་འགྱུར་རོ། །ཁ་བཀྲུས་ནས་ནི་ཧུབ་གསུམ་ཆུ། །ཞེས་པ་ངག་གི་ཉེས་པ་སྦྱང་བའི་ཕྱིར་ཁྱོར་བར་ཆུ་མི་མང་བ་བྱིན་ནས་ཀུན་བཏུང་བར་བྱའོ། །ཕྱི་རོལ་འཇུག་པར་བྱ་ཞེས་པ་ནི་དེའི་ཆོ་བག་ཞད་སྣོད་དུ་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་བཀྲ་ཤིས་པའི་རྨི་ལམ་མི་འཁྲུལ་བར་བྱ་བའི་ཕྱིར་མལ་དང་སྔགས་སུ་རྩྭ་ཀུ་ཤ་སྦྱིན་པར་བྱའོ། །དེ་ནས་བགེགས་བསྲུང་བར་བྱ་བའི་ཕྱིར། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཟླས་པ་གསུམ་སྒྲིལ་མདུད་པ་གསུམ་བོར་བས་དཔུང་པ་ལ་བསྲུང་བར་བྱའོ། །དེ་ནས་སྐབས་འདིར་སྡོམ་པ་ཀུན་གཟུང་བར་བྱ་སྟེ། དང་པོ་སློབ་མས་ཞུ་བ་ནི་ཕྱིར་མི་ལྡོག་དབང་ཞེས་པ་ལ་སོགས་པ་སྟེ། ཕྱིར་མི་ལྡོག་དབང་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དཀྱིལ་འཁོར་ལ་བྱིན་ནས་ཞེས་པ་ནི་ཁ་དོག་གཅིག་པའི་དཀྱིལ་འཁོར་ལ་གནས་ནས་ཞེས་སོ། །བདག་ལ་གསང་ཞེས་པ་ནི་བཀའ་སྩལ་ཞེས་པའོ། །གང་ཞེ་ན་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་གྲུ་བཞི་ལ་སོགས་པའོ། །ལྷའི་དེ་ཁོ་ན་ཉིད་ནི་གཟུགས་ལ་སོགས་པའི་རྣམ་པར་དག་པའོ། །སློབ་དཔོན་གྱི་ལས་ནི་རྒྱུད་དང་སྔགས་འཛིན་ཅིང་སྒྲུབ་པ་པོ་རྣམས་རྒྱུད་ལ་འཇུག་པའོ། །སངས་རྒྱས་ཀུན་གྱི་དམ་ཚིག་ནི་སྤྱི་དང་ཁྱད་པར་དུ་སྟེ། ཚུལ་ཁྲིམས་ལ་སོགས་པ་རྣམས་ཐོབ་པར་བྱེད་པའི་རྐྱེན་ནོ། །གསང་བ་མཆོག་གི་སྡོམ་པ་ནི་ལུས་ངག་གི་ལས་བྱེད་པ་ཅན་རྣམས་ཏེ། དེ་རྣམས་བདག་རྡོ་རྗེ་སློབ་དཔོན་ཆེན་པོར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་གསོལ་བ་འདེབས་ན་བཀའ་སྩོལ་ཅིག་ཅེས་པའོ། །འདོད་པའི་སློབ་མ་ཞེས་པ་ནི་སློབ་དཔོན་དུ་འདོད་པ་རྣམས་སོ། །སྡོམ་པ་བཟུང་བར་བྱས་ནས་སུ། །ཞེས་པ་ནི། རིག་པའི་དབང་གི་སྡོམ་པ་སྟེ། དེ་ལ་དང་པོར་སློབ་དཔོན་གྱིས་བསྒོ་བའི་དུས་ལུང་ནི་འདི་སྐད་དུ། སངས་རྒྱས་ཆོས་དང་དགེ་


DTG043_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གསུམ། །དགོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་འདི་ནི་བསྟན་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་གྱིས་ནི་གཟུང་བྱས་ཏེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། ཤེས་རབ་དྲིལ་བུ་རྗེས་སུ་དྲན། །སློབ་དཔོན་དག་ཀྱང་བཟུང་བྱས་ཏེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་བར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་དུ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཤིན་ཏུ་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་བའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །སྲོག་ཆགས་གསང་པར་མི་བྱ་ཞིང༌། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་སྤྱོད་དག་ཀྱང་མི་བྱ་ཞིང༌། །བརྫུན་དུ་སྨྲ་བར་མི་བྱ་སྟེ། །ཉེས་པ་ཀུན་གྱི་རྩ་བ་ཡིན། །ཆང་ནི་བཏུང་བ་སྤང་བར་བྱ། །སེམས་ཅན་གདུལ་བྱ་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྲུང༌། །སེམས་ཅན་དོན་ལ་མི་ཕྱོགས་དང༌། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདར་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་སོགས། །མཚན་མ་འགོམ་བར་མི་བྱ་སྟེ། །དེ་ལྟར་དམ་ཚིག་གསུངས་པ་ནི། །བློ་ལྡན་ཁྱོད་ཀྱིས་བསྲུང་བར་བྱ། །ཞེས་བརྗོད་པར་བྱའོ། །དེ་ནས་སློབ་མ་དེས་བླ་མས་གསུངས་པའི་སྡོམ་པ་དེ་གཟུང་བར་བྱའོ། །ཇི་ལྟར་ཐེག་གསུམ་གནས་པའི་མགོན། །བསླབ་པའི་ཚུལ་ཁྲིམས་རྣམ་པ་གསུམ། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་སོ་སོར་གཟུང༌། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལ་


DTG043_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་སྡོམ། །འདི་ནི་མཆོག་ཏུ་གཟུང་བར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །ཡང་དག་ཉིད་དུ་གཟུང་བར་བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དམ་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཚིག་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་དག་བདག་གིས་བསྒྲལ། །མ་གྲོལ་བ་དག་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་ཕྱུང་སྟེ། །མྱ་ངན་འདས་ལ་དགོད་པར་བགྱི། །ལུས་དང་ངག་དང་ཡིད་ངག་གི །མི་དགེ་བ་ནི་བཅུ་པོ་དང༌། །བག་མེད་པ་ཡི་གནས་གྱུར་པའི། །ཆད་ནི་རྣམ་པར་སྤང་བར་བགྱི། །དེ་བཞིན་ལྷ་དང་ལྷ་མིན་དང༌། །གསང་བ་ལ་ནི་བརྙས་པ་དང༌། །མཚན་མ་ལ་སོགས་འགོམ་པ་རྣམས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ནི་རབ་ཏུ་ལྡོག་པར་བགྱི། །ཞེས་ལན་གསུམ་དུ་བརྗོད་བར་བྱའོ། །དེ་ལྟར་སྡོམ་པ་བཟུང་བའི་སློབ་མ་དེ་ལ་སྤྲོ་བ་བསྐྱེད་ཅིང་བདེ་བའི་ཆོས་བཤད་པ་ནི། །ཐམས་ཅད་མཁྱེན་པ་ཞེས་པ་ནས། །དེ་བཞིན་གཤེགས་པ་རྣམས་འོངས་འགྱུར་ཞིང་ཞེས་པའི་བར་དུ་བརྗོད་པར་བྱའོ། །དོན་བསྟན་ཞེས་པ་ནི་དེ་ལྟ་བུའི་ཚིག་གིས་ཆོས་ཀྱི་དོན་བསྟན་ནས། །བསྲུངས་ནས་བུ་ཞེས་པ་སྟེ་བདུད་རྩི་འཁྱིལ་བའི་སྔགས་ཁོ་ནས་སོ། །དེ་ནས་སློབ་མ་རྣམས་ཀུ་ཤའི་མལ་ལ་ཉལ་དུ་བཅུག་ནས་ཁྱེད་ཀྱིས་རྨི་ལམ་མཐོང་བ་ནང་པར་བདག་ལ་སྨྲོས་ཤིག་ཅེས་བརྗོད་ནས་ཉལ་དུ་གཞུག་གོ །བསྲུང་དང་ཞེས་པ་ནི་སློབ་པ་བསྲུང་བ་ཡང་བདུད་རྩི་འཁྱིལ་པའོ། །དེ་བཞིན་དུ་སྦྱིན་བ་ལ་སྟེ་སོ་ཤིང་ལ་སོགས་པའོ། །སོགས་ཀྱི་སྒྲས་བསྡུས་པས་བསང་གཏོར་ལ་སོགས་པ་བྱ་བ་ཐམས་ཅད་བྱེད་པའི་སྔགས་ཀྱིས་བཟླས་པར་བྱའོ་ཞེས་སོ། །ཅིའི་ཕྱིར་


DTG043_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། རིགས་ལྔ་དང་སྐུ་ལ་སོགས་པའི་དཀྱིལ་འཁོར་གསུམ་གྱི་ལས་ནི་བདུད་རྩི་འཁྱིལ་པས་བྱེད་པ་སྟེ་ཏིང་ངེ་འཛིན་རྣམ་པར་དག་པའི་ཕྱིར་རོ། །མཐོང་བའི་རྨི་ལམ་དགེ་བ་ནི་རང་གིས་བྱང་ཆུབ་ཀྱི་ཤིང་ལ་འགྲོ་བ་དང༌། རང་གིས་ཆོས་བཤད་པ་དང༌། སྐྱེད་མོས་ཚལ་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་དང༌། རྒྱལ་སྲིད་ཐོབ་པ་དང༌། རྣལ་འབྱོར་པ་ཚོགས་པ་དང༌། དམ་པའི་ཆོས་ཀློག་པ་ལ་སོགས་པ་དང༌། རིགས་རྣམས་དང་འབྲེལ་པ་དང༌། སངས་རྒྱས་ཀྱི་ཞིང་མཐོང་བ་དང༌། རྒྱ་མཚོ་ལས་དགྲོལ་བ་དང༌། རི་མཐོན་པོ་ལ་འཛེགས་པ་དང༌། བརྒྱ་བྱིན་ལས་རྒྱལ་བ་དང༌། རབ་གནས་ཀྱི་ཆོ་ག་ལ་སོགས་པ་མཐོང་བའོ། །མི་དགེ་བ་ནི་སྤྲེའུ་དང༌། མ་ཧེ་དང༌། བྱི་ལ་དང༌། འཐབ་པ་དང༌། མཚོན་འབབ་པ་དང༌། རང་འཆི་བ་དང༌། འབྲུ་མར་གྱིས་ལུས་བསྐུས་པ་ལ་སོགས་པའོ། །མི་དགེ་བ་ལྟུང་བྱེད་སྔགས་ཀྱིས་གཞོམ་ཞེས་པ་ནི་སློབ་དཔོན་གྱིས་བཟླས་ནས་ཞེས་སོ། །ཡང་ན་དེ་རྣམས་ཀྱིས་བཟླས་པའི་ཕྱིར་རོ། །སློབ་མ་བསྲུང་བ་ལ་བདུད་རྩི་འཁྱིལ་པ་དེ་ཁོ་ན་མཆོག་ཡིན་ནོ་ཞེས་སོ། །དཀྱིལ་འཁོར་སྦྱོར་བ་བསྒོམ་བྱ་སྟེ། །ཞེས་པ་ནི་གོང་དུ་བསྒོམ་པ་རྣམས་ལ་ལྷག་པར་མོས་པའོ། །མཆོད་ནས་ཞེས་པ་ནི་བསྟོད་པ་དང་བདུད་རྩི་མྱང་བའི་བར་ཡང་རྟོགས་པར་བྱའོ། །ནམ་མཁར་དགོད་དོ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱུང་ནས་ནམ་མཁའི་ཕྱོགས་སུ་བཀོད་དེ། རང་དང་ཉེ་བས་ཁ་སྦྱར་གྱི་སྦྱོར་བ་སྲུང་སྟེ་གཞག་གོ །དམ་ཚིག་གི་འཁོར་ལོ་བདག་གི་ཐུགས་ཀར་བསྡུས་ནས་མཉམ་པར་བྱའོ། །དེ་ནས་ལངས་ནས་གདོད་སོ་ཤིང་ལ་སོགས་པའི་བྱ་བ་ཀུན་བྱ་བའོ་ཞེས་གསུངས་སོ། །ད་ནི་ཐིག་གདབ་པའི་ཆོ་ག་གསུངས་པ། །རྟག་པ་ཞེས་པ་ལ་སོགས་པའོ། །རྟག་པ་ལ་སོགས་གཟུགས་འདྲ་བ། །ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་ཁ་དོག་དང་མཐུན་པའི་རང་བཞིན་གྱི་དཀྱིལ་འཁོར་སྐུལ་བར་བྱེད་པའི་སྐུད་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་སྐུད་པ་སྟེ་ཚོན་སྣ་ཚོགས་སོ་སོར་བཅོས་ལ། དེ་དང་དེ་ཡི་ས་བོན་བྱུང༌། །ཞེས་པ་སྟེ་ཧཱུཾ་ལ་སོགས་པའི་ས་བོན་བྱུང་བར་བསམས་ལ། དབྱེ་བ་ཉི་ཤུ་རྩ་ལྔ་ཞེས་པ་ནི་སྐུད་པ་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔ་སྟེ་ཉི་ཤུ་ལྔའི་བྱེ་བྲག་ཏུ་མོས་


DTG043_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །རང་སྐུ་འཇམ་པའི་རྡོ་རྗེ་ཉིད་དུ་བསྒོམས་ནས། ཛ་ཡིག་ཟླ་བ་ཉི་མའི་སྤྱན། །ཞེས་པ་ནི་མིག་གཡས་གཡོན་ཛ་སེར་པོ་ལས་ཉི་མ་དང་ཟླ་བའི་མིག་ཏུ་བསམས་ལ། བར་མིག་ལྕགས་ཀྱུས་དྲངས་ནས་སུ། །ཞེས་པ་ནི་དེ་ཉིད་ལ་ཛས་མཚན་པ། རྫི་མ་རླེབ་རླེབ་པོས་ནམ་མཁའི་དེ་བཞིན་གཤེགས་པ་ལ་བལྟ་ཞིང༌། ཨོཾ་དཱིཔྟ་དྲྀཥྚི་ཨངྐུ་ཤ་ཛཿཞེས་བརྗོད་ཅིང་ཛ་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀ་ན་གནས་པའི་ཡེ་ཤེས་ཀྱི་སྐུད་པ་ལ་ཨོཾ་ཨཱཿཧེ་བྷ་ག་ཝཱན་པྲ་མ་ཐ་ཤཱ་ཤྭ་ཏོ་སཱུ་ཏྲ་པ་ཙཀྲ་སུ་དུ་པ་ཡ་ཧཱུཾ་ཞེས་གསོལ་བ་བཏབ་པས་དྲངས་ནས། སྐུད་བྱེད་སྐུད་པ་དང་ལྷན་ཅིག །ཅེས་པ་ནི་སྔོན་དེའི་ངོ་བོར་འགྱུར་པའི་སློབ་མས་སྣ་གཅིག་བཟུང་བ་ལ། རང་རང་ཁ་དོག་ནང་དུ་ཐིམ། །ཞེས་པའོ། །ཅུང་ཟད་མ་འབྲེལ་པ་ནི་ཚིགས་སུ་བཅད་པའི་ངོར་བཏབ་པའོ། །ཇི་སྙེད་མི་བསྐྱོད་པ་ཡི་སྔགས། །ཕུན་ཚུན་རྗེས་སུ་འབྲེལ་པ་ཡིས། །ཞེས་པ་ནི་པྲ་ཡཙྪའི་རྗེས་ལ་རཏྣ་སམྦྷ་བ་དང༌། ཨ་མི་ཏ་དང༌། ཨ་མོ་གྷ་སིདྡྷི་དང༌། ཨཀྵོ་བྷྱ་ཞེས་བྱ་བ་བརྗོད་ནས་གསོལ་བ་གདབ་པར་བྱ་སྟེ་གཞུག་ཅེས་པའོ། །དེ་ལྟར་སོ་སོར་གནས་པ་ཀུན། །དྲན་པ་ལ་སོགས་གནས་པར་བཀལ།། ཞེས་པ་ནི། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་སྦ་ར་སྤ་ར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱ་ཧཱུཾ་ཞེས་བརྗོད་ནས་བསྒྲིལ་བར་བྱའོ། །ལས་ཐམས་ཅད་པའི་ཁ་དོག་གཅིག་པར་ཡང་བཤད་དོ། །དེ་ནས་དེ་དག་གསེར་ལ་སོགས་པའི་སྣོད་དུ་དྲི་ཞིམ་པོ་དང་བདུད་རྩི་རྣམ་པ་ལྔ་ས་བྱུགས་ནས། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་བར་བྱའོ། །ཡིག་གསུམ་བར་བཅུག་རྣལ་འབྱོར་པས། །ཞེས་པ་ནི་ཐིག་སྐུད་ཡི་གེ་གསུམ་གྱི་བར་དུ་ཆུད་པར་མོས་ནས། སྐུད་པ་བཟུང་ནས་བརྡེག་པར་བྱ། །ཞེས་སོ། །ཛ་ཡིག་གསུམ་གྱིས་ཀྱང་བྱས་ནས། །ཞེས་པ་ནི་དེ་བརྗོད་དེ་ཤེས་རབ་མས་ཀྱང་བརྗོད་བར་བྱའོ། །དེ་མེད་ན་ཀུན་བྱེད་དམ་རྣམ་པར་སྣང་མཛད་དུ་བསྒོམས་པའི་སློབ་མ་ལ་གཏད་ཅིང་དེས་ཀྱང་ཛ་ཛ་ཛ་ཞེས་བརྗོད་པར་བྱའོ། །བློ་གྲོས་ཅན་གྱིས་མཁའ་ཐིག་གདབ། །ཅེས་པ་ནི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་བྱེད་པའི་དུས་ལ་བབ་པས་གནས་འདིར་གཤེགས་པའི་ཆེད་དུ་ཐིག་སྐུད་


DTG043_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲས་བསྐུལ་བ་བརྗོད་ཅིང༌། ཨོཾ་བཛྲས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་ནམ་མཁའི་མ་ལུས་པར་བརྗོད་པར་བྱའོ། །དེ་བཞིན་འོག་ཀྱང་རབ་གདབ་ཅེས་པ་ནི་ནམ་མཁའ་ལ་བཏབ་པ་ཇི་ལྟར་དེ་བཞིན་དུ་ས་ལ་ཡང་གདབ་པར་བྱའོ་ཞེས་སོ། །གནོད་སྦྱིན་ཞེས་པ་ལ་སོགས་པ་ནི་ནམ་མཁའ་དང་ས་ལ་གདབ་པའི་གཡས་སྐོར་ལ་སོགས་པས་ཕྱི་རོལ་གྱི་དྲངས་པའི་ཐིག་གདབ་པ་སྟོན་ཏེ། གནོད་སྦྱིན་ཞེས་པ་ནི། བླ་མ་མེ་མཚམས་ནས་གནོད་སྦྱིན་ཕྱོགས་སུ་བལྟས་ཏེ་ཤར་གྱི་ཐིག་གདབ་པོ། །དེ་བཞིན་བླ་མས་གཡས་སྐོར་དུ་བསྐོར་ནས་རླུང་མཚམས་སུ་གནས་ཏེ། ཡི་དགས་ཀྱི་ཕྱོགས་སུ་བལྟས་ནས་ནུབ་ཀྱི་ཐིག་གདབ་པ་དང༌། བླ་མ་དེ་ཉིད་དུ་གནས་ནས། བརྒྱ་བྱིན་ཕྱོགས་སུ་བལྟས་ནས་བྱང་ཕྱོགས་སུ་ཐིག་གདབ་པ་དང༌། དེ་ནས་བསྐོར་ནས་མེ་མཚམས་སུ་གནས་ཏེ་ཀླུ་བདག་གི་ཕྱོགས་སུ་བལྟས་ནས་ལྷོ་ཕྱོགས་ཀྱི་ཐིག་གདབ་པས་ཕྱོགས་བཞི་དག་གི་ཕྱི་རོལ་གྱི་ཐིག་གདབ་པར་འགྱུར་རོ། །དེ་བཞིན་དུ་མེ་མཚམས་སུ་གནས་ནས་རླུང་མཚམས་སུ་བལྟས་ཏེ་གྲྭའི་ཐིག་དང་པོ་གདབ་པར་བྱའོ། །བདེན་བྲལ་མཚམས་སུ་གནས་ནས་དབང་ལྡན་གྱི་མཚམས་སུ་བལྟས་ཏེ་གྲྭའི་ཐིག་གཉིས་པ་གདབ་པར་བྱའོ། །ཤར་དང་ཞེས་པ་ལ་སོགས་པའི་ཕྱོགས་རྣམས་འབྱེད་པའི་ཐིག་སྟོན་ཏེ། དེ་ཡང་བླ་མས་ཤར་དང་བྱང་དུ་ཁ་བལྟས་ནས་ཕྱོགས་ཀྱི་ཐིག་མ་ལུས་པ་གདབ་པར་བྱའོ་ཞེས་རེའུ་མིག་བརྒྱད་དུ་གདབ་ཅེས་པ་ནི་དབུས་ཏེ་གཙོ་བོའི་རེའུ་མིག་ལ་གཏོགས་པའོ། །དེ་ནི་ཉེ་བའི་མཚན་ཉིད་དུ་ཟད་དེ། སྒོ་ལ་སོགས་པ་ཀུན་གདབ་བྱ། །ཞེས་བྱའོ། །དེ་ལྟར་ཐིག་བཏབ་པའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེ་ནས་ཐིག་སྐུད་ཉིས་འགྱུར་བྱ། །ཞེས་པ་ནི་ཉིས་བལྟབ་ཏུ་བཀུག་པའོ། །དཀྱིལ་འཁོར་དབུས་སུ་ཤིན་ཏུ་བཟུང༌། །ཞེས་པ་ནི་ཙནྡན་ལ་སོགས་པའི་ཕུར་བུ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཾ་ཞེས་ལན་བདུན་བཟླས་ནས་དབུས་སུ་གདབ་སྟེ་ཐིག་སྐུད་གཟུང་ངོ༌། །དེ་ནས་ཕྱི་རོལ་ཞེས་པ་ནི་ནང་གི་དཀྱིལ་འཁོར་དང་ཕྱིའི་དཀྱིལ་འཁོར་རོ། །རྡོ་རྗེ་སྐུད་གཉིས་ཡང་བྲིའོ། །ཞེས་པ་ནི་ནང་གི་རྡོ་རྗེ་རབ་དང་གཉིས་པ་ནི་ཕྱི་རོལ་གྱི་པདྨོ་ལ་སོགས་པའི་ར་བའོ། །དབང་ལྡན་མཚམས་ནས་ཞེས་པ་ནི་བསྐོར་བ་སྟེ། ཡང་དབང་ལྡན་གྱི་མཚམས་ནས་བརྩམས་


DTG043_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་མདུན་བལྟས་ཞེས་པ་ནི་གཞན་དུ་བལྟས་ན་ལོག་པར་འགྱུར་བའི་ཕྱིར་གཡས་སྐོར་དུ་ནམ་མཁའི་ཐིག་དང་བཅས་པ་བསྐོར་བར་བྱའོ་ཞེས་སོ། །དེ་ནས། ཕྱོགས་ཀུན་མཉམ་པ་ངོ་བོ་རུ། །ཤེས་རབ་ལྡན་པས་ཐིག་གདབ་བྱ། །ཞེས་སོ། །མཚན་མ་ངན་ཞེས་པ་ལ་སོགས་པ་ནི་ལས་དང་པོ་པ་མི་བརྟན་པ་ལ་གསུངས་པ་སྟེ་བརྟན་པ་རྣམས་ལ་ནི་དེ་ལྟ་བུ་མེད་པའོ། །ད་ནི་ཕྱིའི་དཀྱིལ་འཁོར་གྱི་གཟུགས་དང་དབྱིབས་ཇི་ལྟར་ཞེ་ན། གྲུ་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐིག་སྐུད་བཞི་ཞེས་པ་ནི་ཕྱོགས་བཞིའི་ཚོན་སྣ་ལྔའི་ཐིག་ལ་བྱ་ཞེས་པའོ། །ནང་གི་དཀྱིལ་འཁོར་གྱི་ཚད་དང་དབྱེ་བའི་ཐབས་བསྟན་པ་ནི། དེའི་ནང་གི་ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་དཀྱིལ་འཁོར་ནི་གྲུ་བཞི་སྟེ་ཚོན་སྣ་ལྔ་ཕན་ཆད་དོ། །དེའི་ཕྱེད་དབུས་སུ་བསྐོར་བར་བྱའོ། །དེའི་ཡང་དབྱི་བས་ཇི་ལྟ་བུ་ཞེ་ན། ཟླུམ་པོ་འཁོར་ལོ་ལ་སོགས་པའི་ཀ་བ་དང་ལྡན་པ་འདི་ཐུགས་ཀྱི་དཀྱིལ་འཁོར་ཡིན་པས། མཛེས་པའི་རྡོ་རྗེ་ཕྲེང་བས་བསྐོར། །ཞེས་སོ། །དེ་ནས་སྒོ་ལ་སོགས་པའི་ཚད་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་མིག་གཉིས་ལ་ཧི་ལས་བྱུང་བའི་ཉི་ཟླས་ཁྲོ་བོའི་ལྟ་བས་བལྟས་ནས་དེའི་འོད་ཟེར་གྱིས་བགེགས་བསལ་ནས་ཏེ་སྒོ་དབྱེ་བར་བྱའོ་ཞེས་སོ། །སྔར་ཕྱེ་བ་རྣམས་ལ་ཡང་རིགས་པར་སྦྱར་རོ། །དཀྱིལ་འཁོར་བརྒྱད་ཅར་སྒོའི་ཞེས་པ་ནི་ཕྱིའི་དཀྱིལ་འཁོར་ལ་ཆ་བརྒྱད་གནས་པའི་ཆ་གཅིག་ལ་སྒོའི་དབུས་བྱའོ་ཞེས་སོ། །བར་ཁྱམས་སྒོ་ཡི་ཚད་ཡིན་ཏེ། །ཞེས་པ་ནི་ནང་གི་དཀྱིལ་འཁོར་དང་འདོད་པའི་ལྷ་མོའི་སྣམ་བུའི་བར་དུ་སྟེ་སྒོའི་དབུས་དང་མཉམ་པའོ། །ལྷའི་སྣམ་བུ་ཞེས་པ་ནི་འདོད་པའི་ལྷ་མོའིའོ། །ཀུན་དུ་ཁ་ཁྱེར་ཞེས་པ་ནི་མཆོད་པའི་ལྷ་མོའི་སྣམ་བུ་སྟེ་སྒོའི་ཕྱེད་དོ། །དེ་བཞིན་དུ་སྒོའི་འགྲམ་སྟེ་ཁ་ཁྱེར་གྱི་ཕྱི་རོལ་དང་གཤོག་པ་སྟེ་ཀ་བའི་ནང་ལོགས་སྒོ་ཕྱེད་དོ། །དེའི་ཚད་ཀྱི་ཁ་ཁྱེར་གྱི་ཕྱི་རོལ་དུ་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པའི་སྣམ་བུ་ཡང་ཤེས་པར་བྱའོ། །དེའི་ཕྱེད་ཀྱིས་ནི་ཚོན་སྣ་ལྔའི་ས་དང༌། དབུས་ཀྱི་འཁོར་ལོ་ལ་སོགས་པའི་ཀ་བ་དང་མཉམ་པར་བྱའོ་ཞེས་སོ། །སྒོ་སྟེང་སུམ་འགྱུར་ཏྭ་ར་ན། །ཞེས་པ་ནི་སྒོའི་དབུས་ཀྱི་ཚད་སྟེང་དུ་སུམ་འགྱུར་བྱས་པ་ལ་ཏྭ་ར་ཎ་རྒྱན་དང་བཅས་པ་ཕྱོགས་བཞིར་


DTG043_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་ཞེས་སོ། །དེ་ཡང་ཐེམ་སྐས་ལ་སོགས་པའི་གཟུགས་དྲི་བུ་དང་ཅོད་པན་ལ་སོགས་པས་བརྒྱན་པ་ཆོས་ཀྱི་འཁོར་ལོ་དང་རི་དགས་གཉིས་ཀྱིས་མཚན་ཅིང་བ་དན་ཉི་ཤུ་རྩ་གཅིག་ལ་སོགས་པས་བརྒྱན་པའོ། །གཞན་དཀྱིལ་འཁོར་གྱི་དབྱིབས་དང་མཐུན་པར་ཇི་ལྟར་མཛེས་པར་བྱའོ་ཞེས་སོ།། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་གཞན་གྱི་རིགས་སུ་གཏོགས་པ་དགག་པའི་ཕྱིར་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པ་སྟེ་དེ་ཡང་འཇམ་དཔལ་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་ན་འདིར་གསུངས་མཁན་ཏེ་འཇམ་དབྱངས་རྡོ་རྗེའི་རིགས་སུ་འདོད་དོ། །དེ་བས་ན་ཆོས་ཀྱི་སྐུ་རྣམ་པར་དག་པས་དཀྱིལ་འཁོར་ཞེས་བྱའོ། །རྒྱུད་ལས་ཁྲུ་བཅུ་དྲུག་ལ་སོགས་པ་ཚད་ངེས་པར་གསུངས་པ་དེ་ཉིད་གཉིས་སུ་མེད་པའི་སྦྱོར་བ་ངེས་པར་གཟིགས་པ་རྣམས་ལ་དམིགས་པར་བསྟན་པའི་ཕྱིར་སེམས་ཅན་ཞེས་པ་ལ་སོགས་པའོ། །དེ་ཡང་སེམས་ཅན་གྱི་བསམ་པའི་བྱེ་བྲག་གིས་ཚད་ལ་སོགས་གསུངས་ཞེས་སོ། །དོན་ཀུན་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལས་དངོས་གྲུབ་འབྱུང་བས་རིགས་ལ་སོགས་པའི་ངེས་པ་ག་ལ་ཡོད་ཅེས་སོ། །དེ་བས་ན་ཚད་ཀྱང་ཁྲུ་གང་ནས་བརྩམས་ཏེ་སྟོང་ཕྲག་གེ་བར་དུ་བྱའོ་ཞེས་སོ། །ཚོན་གྱི་ཆོ་ག་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པའོ། །འབར་བའི་མིག་གིས་ཞེས་པ་ནི། ཛ་སེར་པོ་ལས་ཉི་མ་དང་ཟླ་བའི་མིག་གིས་སོ། །ཚོན་རྩི་རྣམས་ཞེས་པ་ནི་རིན་པོ་ཆེ་ལྔ་འམ། བྱུང་ཁུངས་ཀྱི་ཕྱེ་མ་འམ་སཱ་ལུ་ལ་སོགས་པའི་ཕྱེ་མ་ཞིབ་མོར་བཏགས་ལ་རྣམ་པ་ཉི་ཤུ་རྩ་ལྔའི་དབྱེ་བ་མོས་ནས་སོ། །སྔ་མའི་གོ་རིམས་ཞེས་པ་ནི་ཐིག་སྐུད་ལྟར་རང་གི་མིག་གིས་བལྟས་ནས། ཨོཾ་དིཔྟ་དྲྀཥྚི་ཨངྐུ་ཤ་ཛ།ཞེས་བརྗོད་ནས་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས་རང་རང་གི་མདོག་དཀར་པོ་ལ་ཐིག་གདབ་པར་བྱའོ། །དེ་ལྟར་བསམས་ནས། བདེན་པ་གང་གིས་སངས་རྒྱས་རྣམས། །སེམས་ཅན་དོན་ལ་ཆགས་པ་པོ། །བདེན་པ་དེ་ཡི་བྱིན་རླབས་ཀྱིས། །ཚོན་རྩི་རྣམས་ནི་འབར་གྱུར་ཅིག །ཅེས་བརྗོད་ནས་ཚོན་རྩི་ལ་བལྟས་ཏེ་གསལ་བར་བྱས་ནས་སྔགས་འདི་བརྗོད་དོ། །ཨོཾ་བཛྲ་ཙི་ཏྲ་ཡས་མ་ཡ་ཧཱུཾ་ཞེས་ཡང་དང་ཡང་དུ་བཟླས་ཏེ་དྲི་ཞིམ་པོའི་སྤོས་དང་ཅུང་ཟད་བསྲེས་པ་


DTG043_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་དངུལ་ལ་སོགས་པའི་སྣོད་དུ་སྩལ་ཏེ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཡ་ཞེས་རྡོ་རྗེ་ཤུགས་ཀྱིས་ཐིག་ནམ་མཁའ་ལ་བཏེག་ནས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ་འདི་རྣམས་སུ་མོས་པས་དགྱེས་པར་བྱའོ་ཞེས་སོ། །དེ་དག་གང་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་དག་པ་འདི། །ཞེས་པ་ལ་སོགས་པའོ། །དེ་ལ་དང་པོ་ཚོན་སྣ་ལྔ་གདབ་པའི་ཐབས་སྟོན་ཏེ། །དེ་ཡང་བླ་མས་གཡོན་གྱི་ཁུ་ཆུར་གྱིས་དབང་ལྡན་མཚམས་ལ་བསྟེན་ཏེ་ཕྱི་རོལ་དུ་དཀར་པོ་དེ་ནས་དམར་པོ་དེ་ནས་ལྗང་གུ་ཀུན་གྱི་ནང་རོལ་དུ་ནག་པོ་སྟེ། གཡས་སྐོར་དུ་བར་མ་ཆད་པར་ཡ་ཕུབས་ཀྱི་ཚད་ཙམ་དུ་བྲིས་ནས་མེ་ཏོག་དང་ལྡན་པའི་སྣོད་ཀྱིས་བཀབ་ནས། དེ་ནས་ཅི་བདེ་བར་བྲི་བར་བྱའོ། །གཡས་སྐོར་ཚུལ་མི་བདེན། །ཚོན་ལ་ཕུར་བུས་གདབ་པར་བྱ། །ཞེས་པ་ནི་ཕྱོགས་མི་བདེ་བ་ལ་སོགས་པའི་དུས་སུ་དུད་རྩི་འཁྱིལ་བའི་ཕུར་བུས་བཏབ་ནས་བྲི་ཞེས་པའོ། །རྡོ་རྗེ་རྩེ་མོའི་ཚོན་བསྟན་པའི་ཕྱིར་རྡོ་རྗེ་རྩེ་མོ་དཀར་པོ་ཞེས་པ་ལ་སོགས་པས་ཕྱོགས་ཀྱི་ཚོན་རྣམ་པར་དབྱེ་བའི་ཕྱིར། ཤིན་ཏུ་དཀར་པོ་ཤར་གྱི་ཕྱོགས། །ཞེས་བ་ལ་སོགས་པའོ། །རྟག་ཏུ་ཐབས་དང་ཤེས་རབ་ལྡན། །ཞེས་པ་ནི་རང་གི་ལྷའི་ཐབས་དང་ཤེས་རབ་ཀྱི་ང་རྒྱལ་མ་བཏང་བ་ཉིད་དུ་ཤིན་ཏུ་མཉམ་པར་བཞག་ནས་ཕྱོགས་པའི་སྔགས་པ་རྣམས་ཀྱིས་དགྱེ་བར་བྱའོ་ཞེས་པས་སོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་འོག་ཏུ་སྤྲུལ་ལ་སོགས་པ་བྱུང་བར་གྱུར་ན། དེ་བཟློག་པ་བསྟན་པའི་ཕྱིར། རྡོ་རྗེ་བདུད་རྩི་འཁྱིལ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན་པས་དེ་ཁོ་ནའོ། །སྐུ་ལ་སོགས་པ་ཡང་གཤིན་རྗེ་གཤེད་ལ་སོགས་པ་ཡང་ཤེས་པར་བྱའོ། །སྡང་བ་ཐམས་ཅད་ཅེས་པ་ནི་རླུང་དང་ཆར་པ་དང་སྦྲུལ་ལ་སོགས་པ་ལ་གཏོར་བའོ། །ཕྱག་རྒྱ་ཆེན་པོ་མཆེ་བར་གསུངས། །ཞེས་པ་ནི་གདུག་པ་འཇོམས་པས་ན་མཆེ་བ་སྟེ་ཀུན་བྱེད་དོ། །དེ་བསམས་ནས་སྡང་བའི་དགྲའི་སྔགས་ཀྱི་རྒྱལ་པོ་འདི་བརྗོད་པར་བྱའོ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ། ཞེས་པ་ལ་སོགས་པའོ། །ཕྱག་རྒྱ་དགོད་པའི་ཆོ་ག་གསུངས་པ། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཞེས་པ་ལ་སོགས་པའོ། །ཕྱག་མཚན་རྣམ་པར་དག་པ་དང་བཅས་པ་གསུངས་པ་སྟེ་གོ་སླའོ། །དེ་ནས་ཕྱིར་བྱུང་ནས་རྣམ་པ་ཀུན་གྱི་


DTG043_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གདབ་བས་ཤིན་ཏུ་གསལ་བར་བྱ་སྟེ། ཉེས་པས་མི་གོས་པར་བྱ་བའི་ཕྱིར་ཡི་གེ་གསུམ་གྱི་མཐར་མུཿགྮག་པའི་སྔགས་ཀྱིས་ཚོན་རྩི་དང༌། དེ་བཞིན་གཤེགས་པ་ལ་སོགས་པ་གཤེགས་པར་བྱས་ནས། དཀྱིལ་འཁོར་གྱི་ཕྱི་སྐོར་ལ་བྱུག་པ་དང༌། དྲི་ཞིམ་པའི་ཆུས་གཏོར་བ་དང༌། བུམ་པ་དགྲམ་པ་དང༌། ན་བཟའ་དང་མེ་ཏོག་དང་བ་དན་ལ་སོགས་པའི་དྲི་ཞིམ་པོ་དང༌། ལྷ་བཤོས་དང་མར་མེ་དབུལ་བ་ལ་སོགས་པའི་བྱ་བ་བཤམ་པར་བྱའོ་ཞེས་སོ། །དེ་བཞིན་དུ་འདིར་སྒྲུབ་པ་པོས་དངོས་གྲུབ་བསྒྲུབ་པར་འདོད་པས་ས་དག་པར་བྱ་བ་ལ་སོགས་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ཏེ་ཐིག་བྱིན་གྱིས་བརླབ་པ་དང་ཚོན་བྱིན་གྱིས་བརླབ་པར་བྱ་སྟེ། ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་ལོན་པ་ཁང་པར་བཅུག་སྟེ། དེས་ཐིག་གདབ་ཅིང་ཚོན་བཀྱེ་ནས་ཕྱག་མཚན་ལ་སོགས་པ་བཀོད། དེ་ནས་དབབ་པའི་ལྷ་གཤེགས་སུ་གསོལ་ནས། དེ་གཉིས་རང་གི་གནས་སུ་བཏང་སྟེ་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་སོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ལྷ་གནས་པར་བསམ་ཞིང་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ། ཤེས་རབ་ལུས་ཞེས་པ་ལ་སོགས་པའོ། །ཤེས་རབ་ལུས་སྦྱོར་སྔ་མ་བཞིན། །ཞེས་པ་ནི་ལེགས་པར་བརླབ་པའི་ཕྱག་རྒྱ་དང་ལྷན་ཅིག་ཏུ་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པའི་གདན་ལ་འདུག་སྟེ། རྗེས་སུ་ཆགས་པའི་མཐའ་ལ་ཐུག་པར་སྦྱོར་བ་དང་པོར་བྱ་སྟེ། བསམས་ཏེ་ནང་གི་ནང་དུ་ཐིམ། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཞལ་དུ་ཞུགས་ནས་ཟླ་བ་ཞུ་བ་རྡོ་རྗེའི་ལམ་ནས་པདྨའི་ནང་དུ་བརྟག་སྟེ་དེ་ལ་ས་བོན་ལས་ལྷའི་སྐུར་བརྟགས་ཏེ། བཛྲ་དྷྲྀཀ་ལ་སོགས་པའི་སྔགས་ཀྱིས་གོ་རིམས་བཞིན་དུ་སྤྲོས་ནས་ཇི་ལྟ་བ་བཞིན་དུ་གནས་སུ་དགོད་པར་བྱའོ་ཞེས་སོ། །སྒྲུབ་པ་པོས་ནི་ལྷའི་བཀའ་ཐོབ་ནས་སྤྲོ་བར་བྱ་བ་ནི་མན་ངག་གོ །རང་གི་སེམས་ནི་མཁའ་ཁྱབ་པའི། །དཀྱིལ་འཁོར་ཞེས་པ་ནི་རང་གི་སེམས་དང་འདྲེས་པའི་ཕྱིར་རང་གི་སེམས་དེ་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་རྡོ་རྗེ་དང་པདྨ་སྦྱོར་བའི་སྒྲས་བཀུག་སྟེ། མདུན་དུ་གནས་པར་བྱ་ཞེས་ཤར་སྒོར་ཕྱོགས་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ལ་སོགས་པ་སྤྲོས་པས་དེ་དང་ལྷན་ཅིག་ཏུ་འོངས་པའི་བགེགས་བསྐྲད་པར་བྱའོ། །མངོན་པར་བསྲུང་བྱས་ཏེ་ཞེས་པ་ནི་ཛ་ལ་སོགས་པ་སྔ་མ་བཞིན་དུ་མཛད་པའོ། །དེ་ནས་ཡོན་དང་ཞེས་པ་


DTG043_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བསང་གཏོར་ལ་སོགས་པའི་བྱ་བ་བྱས་ནས། གཤིན་རྗེ་གཤེད་ལ་སོགས་པས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་ཏེ། ཨོཾ་དྷརྨྨ་དྷཱ་ཏུའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི་བསྙེན་པའོ། །དེ་བཞིན་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཉེ་བར་སྒྲུབ་པའོ། །སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་སྒྲུབ་པའོ། །འོད་ཟེར་གྱིས་བསྐུལ་བ་མངོན་དུ་བྱས་ནས་རང་རང་གི་རིགས་ཀྱི་བདག་པོས་དབང་བསྐུར་བ་ནི་སྒྲུབ་པ་ཆེན་པོའོ། །དེ་རྣམས་མ་ཉེས་པར་བྱ་བའི་སྦྱོར་བ་གསུངས་པ། མཆོད་པ་ནི་བྱས་པ་སྟེ་ཕྱག་རྒྱའི་གནས་པའི་གནས་ཀྱི་ས་བོན་གྱི་འོད་ཟེར་ལས་ལྷ་མོའི་གཟུགས་ཀྱིས་ནམ་མཁའི་ཁམས་བཀད་ནས་དེས་ཐིམ་པ་ལ་སོགས་པས་དགྱེས་པར་བྱས་ནས། སྔགས་ཀྱི་བྱིན་གྱིས་བརླབ་པ་སྟེ་གསང་བའི་མཆོད་པའོ། །བསྟོད་ཅེས་པ་ནི་རྡོ་རྗེ་དང་དྲིལ་བུ་ལྡན་པས་མི་བསྐྱོད་རྡོ་རྗེ་ལ་སོགས་པ་དགེས་པར་བྱའོ། །ཤིན་ཏུ་ཚིམ་ཞེས་པ་ནི་གོ་ལ་སོགས་པའི་ཆོ་གས་དག་པར་བྱས་པའི་བདུད་རྩིས་སོ། །ཤིན་ཏུའི་སྒྲས་ནི་མེ་ཏོག་གིས་སྤྱན་ལའོ། །དྲི་དང་སྤོས་ཤངས་ལའོ། །བྱུག་སྤོས་ཀྱིས་སྐུ་ལའོ། །མར་མེས་ཐུགས་ལའོ། །ལྷ་བཤོས་ཞལ་དུའོ། །དྲིལ་བུ་ལ་སོགས་པ་སྙན་དུའོ། །ཡོན་ཆབ་དང་ཞལ་བསིལ་དང་ཕྱག་དང་ཞབས་ལ་དབུལ་བ་ལ་སོགས་པའི་རིམ་པའོ། །བཟླས་ཏེ་ཞེས་པ་ནི་སོ་སོའི་སྔགས་བརྗོད་པའོ། །དགེས་པར་བྱས་ཞེས་པ་ནི་དགེས་པའི་ཞེས་པ་ཡན་ཆད་བསྒོམ་པར་བྱ་ཞེས་སོ། །ངལ་བར་བྱེད་པ་ནི་མན་ངག་ཏུ་ཤེས་པར་བྱའོ། །དེ་ནས་སྲུང་བ་བྱས་ཏེ་ཕྱི་རོལ་ཏུ་བྱུང་ནས་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན་པ་གསུངས་པ། སྔོན་བཞིན་པདྨའི་སྣོད་དུ་ཡང༌། །ཡེ་ཤེས་བདུད་རྩིར་བྱས་ཞེས་པ་ནི་སྣོད་རྒྱ་ཆེན་པོའི་ནད་དུ་སྡིག་མེད་ཤ་དང་ཟན་ལ་སོགས་པ་བཀོད་ལ་ཏིང་ངེ་འཛིན་གཉིས་པའི་སྐབས་སུ་གསུངས་པ་ལྟར་རླུང་ལ་སོགས་པའི་རིམ་གྱིས་སྦྱངས་པའི་ཁ་ཟས་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་བསམས་ཏེ། ཕྱོགས་སྐྱོང་རང་རང་རྣལ་འབྱོར་གནས། །ཞེས་པ་ནི་གཞུང་གཞན་ལ་གྲགས་པའི་སྤྱན་ལ་སོགས་པའི་གཟུགས་སུ་བསྐྱེད་ལ། བདག་པོ་ཁྲོས་པའི་སྙིང་ལས་འཕྲོས་པའི་འོད་ཟེར་རང་བཞིན་གྱི་ཕྱོགས་སྐྱོང་བ་རྣམས་བཀུག་སྟེ་བསྟིམ་ནས་མཆོད་ནས་ཞེས་པ་ནི་དེ་རྣམས་གྱི་ལྕེ་ལ་གནས་པའི་རྡོ་རྗེ་


DTG043_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་གོང་གི་བདུད་རྩི་དྲངས་པར་བསམས་ཏེ་ཚིམ་པར་བྱའོ། །དེ་གསོལ་བ་བཏབ་ནས་གཤེགས་སུ་གསོལ་ཏེ། དཀྱིལ་འཁོར་ནང་དུ་འགྲོ་ཞེས་སོ། །དེ་ནས་རྫས་དང་ཡོ་བྱད་ལ་སོགས་པ་ལྷག་པའི་སྐྱོན་ཐམས་ཅད་དག་པར་བྱ་བའི་ཕྱིར། ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་སུ་གྱུར་པ་སྟེ། རྒྱན་དང་གོས་ཞེས་ཏེ། སྟོད་གཡོགས་དང་སྨད་གཡོགས་དང་ཐོད་བཅིང་བ་དང༌། དཔུང་རྒྱན་ལ་སོགས་པ་དང་ལྡན་པར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུར་ལྡན་པས་ནང་དུ་སོང་སྟེ་དཀྱིལ་འཁོར་ལ་གཡས་སུ་བསྐོར་བ་བྱས་ཏེ། ཕྱག་འཚལ་ནས་མེ་ཏོག་གཏོར་ཏེ་བདག་གི་མགོ་ལ་གཙོ་བོས་བཅིང་བར་བསམས་ནས། དག་པར་འགྱུར་རོ་ཞེས་སོ། །དེ་ནས་དཀྱིལ་འཁོར་པ་རྣམས་སྦྱིན་སྲེག་གིས་ཚི་མ་པར་བྱས་པའི་ཕྱིར་སྦྱིན་སྲེག་མཆོད་པ་ལ་སོགས་པས་སོ། །སོར་བཞིའི་ཚད་དུ་ལྷག་པ་ནི་དེ་ཙམ་དུ་ས་ལས་འཕགས་པའོ། །དེའི་ཚད་ཅེས་པ་ནི་སོར་བཞི་ཙམ་གྱི་པདྨ་རབ་ཏུ་རྒྱས་པ་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་གྱིས་འདབ་མ་བཅུ་དྲུག་གིས་བསྐོར་བ་ནི་ཤུགས་ཀྱིས་རྟོགས་པར་བྱའོ། །ཁ་ཁྱེར་ཁྲུ་གང་ཞེས་པ་ནི་གོ་སླའོ། །ཁྲུ་ཕྱེད་ཅེས་པ་ནི་ཟབས་སུ་ཕྱེད་དོ། །འཁོར་ལོ་ལྟ་བུས་ལས་ཀུན་བྱེད། །ཅེས་པ་ནི་བསམ་པའི་བྱེ་བྲག་གིས་རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱང་བྱེད་དོ། །ཕྱི་རོལ་རྡོ་རྗེ་ཕྲེང་བས་བསྐོར། །ཞེས་པ་ནི་ཐབ་ཀྱི་དབུས་སུ་ཕྱག་མཚན་གྱི་ཕྱི་རོལ་དུ་ཤེས་པར་བྱའོ། །ཀུན་བྱེད་བཟླས་ནས་བསྲུང་བྱས་ཏེ། །ཞེས་པ་ནི་བདག་དང་ཡོ་བྱད་ལ་སོགས་བའོ་ཞེས་སོ། །ཡོན་ཆབ་གཡོན་དུ་ཞེས་པ་ནི། དུང་ཕོར་གསུམ་ལ་སོགས་པ་གཡོན་དུ་གཞག་པ་ཉེ་རེག་ལ་སོགས་པ་བྱ་ཞེས་པའོ། །གཞན་དུ་གཞག་ཅེས་པ་ནི་གཡས་སུ་མེ་ཏོག་ལ་སོགས་པ་བཞག་ལ། གཡོན་གྱི་དུང་ཕོར་དང་པོའི་ཆུས་ཡོ་བྱད་གཞག་པ་རྣམས་ལ་དག་པར་བྱའི་ཕྱིར་བསང་གཏོར་བྱས་ནས་ཞེས་སོ། །གཡས་སྐོར་ཚུལ་དུ་ཀུ་ཤ་དངོ༌། །ཞེས་པ་ནི་བདག་དང་ཡོ་བུད་ལ་སོགས་པའོ། །ཧ་ཅང་རིང་བ་དང་ཐུང་བ་མ་ཡིན་པའི་སྐུ་ཤ་སྔོན་པོ་སྲིན་བུས་མ་ཟོས་པ་ལ་བཛྲ་སཏྭ་ཨ་ཞེས་བརྗོད་ནས་གནོད་སྦྱིན་ནས་བརྒྱ་བྱིན་གྱི་ཕྱོགས་སུ་རྩེ་མོས་རྩ་བ་ནོན་པར་དགྲམ་པར་བྱའོ། །དང་པོ་བསྐྱེད་པ་ཞེས་པ་ནི་སྤྱིན་སྲེག་གི་ལྷ་དང་པོ་སྟེ་མེ་ལྷའོ། །དེའི་སྙིང་པོ་


DTG043_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་མོ། །བཀུག་ནས་དང་པོའི་ཆོས་ཡེ་ཤེས་ཀྱི་མེ་ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ནས་ཞེས་སོ། །བཀུག་པའི་སྔགས་ནི། ཨོཾ་མེ་ཡི་ལྷ་ནི་འབར་བ་ཆེ། །འདོད་པའི་དོན་ཀུན་སྒྲུབ་མཛད་པ། །སེམས་ཅན་དོན་ལ་ཐུགས་རྗེས་དགོངས། །གནས་འདིར་ཉེ་བར་བྱོན་མཛོད་ཅིག །ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་ཆེན་པོ། །ལྷ་དང་དྲང་སྲོང་བྲམ་ཟེ་དག །བསྲེག་པར་བྱས་ན་སྲེག་ཏུ་གསོལ། །གནས་འདིར་མྱུར་དུ་བྱོན་མཛོད་ཅིག །ཅེས་བརྗོད་ནས་ཐབ་ཀྱི་ཁ་ཁྱེར་ལ་བྱོན་པར་བསམ་མོ། །དེ་ལ་བསང་གཏོར་ལ་སོགས་བྱས་ནས་ཞེས་པ་ནི་ཀུ་ཤའི་བམ་པོས་དུང་ཕོར་དང་པོའི་ཆུ་གཏོར་ཞིང༌། ཨོཾ་ཨང་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་ཨ་རྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་བརྗོད་ནས་བསང་གཏོར་བྱའོ། །དེ་ནས་དུང་ཕྱོར་བར་མའི་མེ་ཏོག་དང་ལྡན་པའི་ཆུ་མཐེབ་མཛུབ་གཉིས་ཀྱིས་མེ་ཏོག་ཚུལ་དུ་བཟུང་ནས། ཨོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་ཀ་བྱ་བཱ་ཧཱ་ནཱ་ཡ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརྗོད་ནས་ཉེ་རག་སྦྱིན་ནོ། །དེ་ནས་དུང་ཕོར་གསུམ་པའི་བདུད་རྩི་སྤོས་ལ་སོགས་པ་དང་དྲིལ་བུའི་སྒྲ་དང་བཅས་པས་ཞལ་དུ་བཏབ་ཅིང༌། ཨོཾ་ཨགྣ་ཡ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརྗོད་ནས་མཆོད་ཡོན་དབུལ་ལོ། །དེ་ནས་དུང་ཕོར་བར་མའི་མེ་ཏོག་འགྱིང་བག་ཏུ་བླངས་ཏེ། ཨོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བི་ཥའ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ནས་རྐང་པ་གཉིས་ལ་དབུས་བར་བྱའོ། །དེ་ལ་ཐིམ་པར་བསམ་ཞེས་པ་ནི། ཀུན་ནས་ཐིམ་པར་བྱས་ནས་བཅིངས་ཏེ་དབང་དུ་བྱས་ནས་སྔགས་འདི་བརྗོད་དོ། །ཨོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བིཥ་ཨཱ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །དེ་སྟེང་རིན་ཆེན་རྡོ་རྗེའོ། །ཞེས་པ་ནི་མགུལ་པའི་སྟེང་དུ་རིན་ཆེན་རྩེ་མོའི་འོག་ཏུ་རྡོ་རྗེ་ཞེས་སོ། །རྡོ་རྗེ་དང་ཞེས་པ་ནི་དབུས་སུ་སོར་གཅིག་གི་རྡོ་རྗེ་བྲི་བར་བྱའོ། །གཞན་ལ་སོར་ཕྱེད་པའི་རྡོ་རྗེ་བྲི་བར་བྱའོ། །བླུགས་གཟར་དགང་གཟར་ཁ་ལ་འབར། །ཡི་དམ་ལྷ་སྙིང་བསམས་ནས་ནི། །ཞེས་པ་ནི་རྫས་འཛག་པའི་བུ་གར་རྡོ་རྗེའི་བུམ་པར་རཾ་བསམས་ནས་མར་


DTG043_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དབུལ་བར་བྱའོ། །དེ་ཡི་ཞལ་དུ་རཾ་བཀོད་ནས། །ཞེས་པ་ནི་མེ་ལྷ་དེའི་ཞལ་དུ་རཾ་བསམས་ལ་དེས་དྲངས་པར་བསམས་ནས་དབུལ་བར་བྱའོ་ཞེས་སོ། །བཀྲ་ཤིས་བསྲེགས་ཤིང་བསྲེག་བྱ་སྟེ། །ཞེས་པ་ལ་སོགས་པ་ནི་རྫས་དབུལ་བའི་རིམ་པ་སྟེ། དེ་ཡང་མར་ལ་སོགས་པ་ཞུ་པའི་རྫས་ནི་ཞལ་དུའོ། །ཡམ་ཤིང་དང་ཕྱེ་མ་དང་སྤོས་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཞོ་དང་འབྲས་ལ་སོགས་པའི་ཟས་དང་ཏིལ་དང་འཐོར་འཐུང་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མཆོད་ཡོན་དང་མར་མེ་ནི་མདུན་དུའོ། །མེ་ཏོག་ནི་སྤྱི་རྩེར་དབུལ་ལོ། །དེ་བསྟན་ཆོ་ག་རིམ་པ་བཞིན་ཞེས་སོ།། དེ་ལྟར་བསྲེགས་པས་འབར་བའི་མཚན་མ་ནི་དྲན་ནུས་པས་མ་བཤད་དོ། །དེ་ཉིད་ཡེ་ཤེས་འབར་མེ་ལ། །ཞེས་པ་ནི་མེ་ཐོབ་ཀྱི་གཟུགས་སུ་གྱུར་པའི་ནང་དུ་ཞེས་པའོ། །ཉི་ཟླ་ལས་བྱུང་བདག་པོར་བཅས། །ཞེས་པ་དེ་ཉིད་གསུམ་གྱི་སྔགས་བཟླས་ནས་བྱུང་སྟེ་ཇི་ལྟ་བ་བཞིན་དུ་བཀོད་པའོ། །དེ་ནས་འོད་ཟེར་གྱིས་དཀྱིལ་འཁོར་སྤྱན་དྲངས་ཏེ་མདུན་དུ་བསམ་མོ། །སྔགས་ནི། ཨོཾ་ཚུར་སྤྱོན་ཚུར་སྤྱོན་བཅོམ་ལྡན་འདས། །གང་ཟག་དང་པ་ཅན་རྣམས་ཀྱིས། །མཆོད་ཡོན་ལ་སོགས་དབུལ་བར་དགོངས། །གནས་འདིར་མྱུར་དུ་བྱོན་པར་མཛོད། །ཅེས་བརྗོད་པར་བྱའོ། །ཛཿ་ཧཱུཾ་བཾ་ཧོཿ་ཁཾ་རཾ་གྱིས་བསང་གཏོར་བྱའོ། །ཨོཾ་ནི་རི་ཏི་ཧཾ་ཁཾ་གིས་ཉེ་རེག་གོ །ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། མེ་ཏོག་དང་ཞབས་གཡོན་ལ་དེས་དབུལ་ལོ། །ཨོཾ་བདྲ་དྷུཔྤེ་ཧཱུཾ་སྭཱ་ཧཱ། སྤོས་སོ། །ཨོཾ་བཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། དྲི་ཆབ་པོ། ཨོཾ་བཛྲ་དཱི་པཾ་ཧཱུཾ་སྭཱ་ཧཱ། མར་མེའོ། །ཨོཾ་བཛྲ་ནཻ་བི་ཏེ་ཧཱུཾ་སྭཱ་ཧཱ། ལྷ་བཤོས་སོ། །དེ་ནས་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་ནས། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ་སྭཱ་ཧཱ་དྲྀ་ཤྱ་ཧོ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཞེས་བརྗོད་ནས་ཉེ་བར་སྒྲུབ་པ་ལ་སོགས་པ་བྱིན་གྱིས་བརླབས་ནས་སྔོན་དུ་ཕྱིའི་མཆོད་སོགས་ནི་ཕྱི་དང་གསང་བ་བསྟོད་པ་མཛད་ནས། གོང་མའི་རིམ་པས་སྲེག་ཤིང་ལ་སོགས་པས་སོ་སོའི་སྔགས་ཀྱིས་དབུལ་ལོ་ཞེས་སོ། །དེ་ཡང་རྒྱས་པའི་ཞེས་པ་ལ་སོགས་པའོ། །རྒྱས་པ་ལ་ཨོཾ་གྱི་མཐའ་དང་བཅས་པའོ། །ཞི་བ་ལ་ནི་སྭཱ་ཧྰྸི་མཐའ་དང་བཅས་པའོ། །དགུག་པ་ལ་ནི། ཛའི་མཐའ་དང་བཅས་པའོ། །འཁོན་དང་


DTG043_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་དང༌། མངོན་སྤྱོད་ལ་ནི་ཧཱུཾ་ཕཊ་ཀྱི་སྒྲ་དང་བཅས་པའོ། །དེ་བས། སྔགས་ཀྱིས་མཐའ་ཡས་བསྐུལ་བར་གསུངས། །ཞེས་བྱའོ། །སྔོན་བཞིན་ཡང་དག་ཚིམ་པར་བྱ། །ཞེས་པ་ནི་ཏིང་ངེ་འཛིན་གཉིས་པ་གསུངས་བཞིན་དུ་རླུང་ལ་སོགས་པས་དག་པར་བྱས་པའི་བདུད་རྩི་རིམ་པར་བྱའོ་ཞེས་སོ། །ཉི་ཟླ་འཁོར་ལོ་ཞེས་པ་ནི་དེ་ལས་འགྱུར་བའི་ཕྱིར་རོ། །དམ་པའི་ལྗགས་ཞེས་པ་ནི་ཧཱུཾ་ལ་སོགས་པའི་རྡོ་རྗེ་བསྐྱེད་པའི་རྡོ་རྗེ་བསྒོམས་ནས་དེའི་འོད་ཀྱིས་དྲངས་ནས་ཞེས་སོ། །དེ་ལྟར་ཚིམ་པར་བྱས་ནས་བཟོད་པར་གསོལ་བ་བཏབ་ནས་བསང་གཏོར་ལ་སོགས་པའི་བྱ་བ་བྱས་ནས་མཆོད་བསྟོད་བྱས་ཏེ་སྔགས་འདིས་གཤེགས་སུ་གསོལ་ལོ། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རང་གི་ཡུལ་དུ་གཤེགས་ནས་ཀྱང༌། ཡང་ནི་གནས་འདིར་བྱོན་མཛོད་ཅིག །མུཿ་ཞེས་བརྗོད་པར་བྱའོ། །རྣལ་འབྱོར་དག་ཅེས་པ་ནི་རང་གི་ལྷའི་སྦྱོར་བ་དང་ལྡན་པས་མེ་ལྷ་སྔོན་བཞིན་དུ་བསྐྱེད་ནས་གཞན་བཅུག་སྟེ། ལྷག་མའི་སྲེག་རྫས་རྣམས་གོང་མའི་རིམ་པས་བསྲེག་པར་བྱའོ་ཞེས་སོ། །དེ་བཞིན་དུ་གསོལ་བ་བཏབ་ནས་གོང་མའི་རིམ་པས་གཤེགས་སུ་གསོལ་ལོ། །སྦྱིན་སྲེག་གི་ཆོ་ག་བསྡུས་པའོ། །དེ་ལྟར་དཀྱིལ་འཁོར་མཆོད་པའི་ཆོ་ག་གསུངས་པ། དཀྱིལ་འཁོར་མཆོད་ནས་ཞེས་པ་ལ་སོགས་པའོ། །སློབ་མར་ཞུགས་པའི་རིམ་པ་བཞིན། །ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ནས་མེ་ཏོག་དེར་བའི་བར་གྱིས་དང་པོ་རང་ཉིད་ཞུགས་ནས། དབང་བསྐུར་ཡན་ཆད་བསྐྱེད་བྱས་ཏེ། །ཞེས་པ་བསྙེན་སྒྲུབ་བཞི་དང་ལྡན་པར་བྱས་ནས་སུའོ། །རིགས་བདག་བཀའ་སྩལ་ཐོབ་ནས་སུ། །ཞེས་པ་ནི་ཆུའི་དབང་ནས་བཀའ་སྩལ་པའི་དབང་ཡན་ཆད་ལྷས་གནང་བར་བསམས་ནས་ཞེས་བྱའོ། །དེ་ནས་སྒྲུབ་པ་པོ་རྣམས་ནི་དངོས་གྲུབ་ཀྱི་ལམ་གྱི་རིམ་པ་ལ་འཇུག་པར་ཤེས་པར་བྱའོ། །སློབ་དཔོན་ནི་འདོད་ཆགས་ཆེན་པོ་ལས་བྱུང་བའི་དཀྱིལ་འཁོར་གཟུགས་བརྙན་བཞིན་དུ་སྣང་བ་དེ་སློབ་མ་གཞུག་པར་བྱ་བའི་དོན་དུ་དེ་ཁོ་ན་ཉིད་དང་བདེན་པ་བརྗོད་པར་བྱའོ། །ནམ་མཁའ་ལས་བྱུང་ཞེས་པ་ལ་སོགས་པས་འཇམ་པའི་རྡོ་རྗེའི་དེ་ཁོ་ན་ཉིད་སྟོན་ཏོ། །མཆོག་ཆེན་ཞེས་པ་


DTG043_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ནི་རྣམ་པར་སྣང་མཛད་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །སྐྱོན་མེད་རྟག་ལ་སོགས་པས་ནི་སྣང་བ་མཐའ་ཡས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །དེ་ལ་སྐྱོན་མེད་ཅེས་པ་ནི་ཟབ་མོའོ། །རྟག་པ་ཞེས་པ་ནི་གསལ་བའོ། །གཏན་དུ་དག་པ་ཞེས་པ་ལ་སོགས་པས་ནི་རིན་ཆེན་འབྱུང་ལྡན་གྱི་དེ་ཁོ་ན་ཉིད་སྟོན་ཏོ། །དངོས་གྲུབ་ཆེན་པོ་ཞེས་པ་ལ་སོགས་པས་ནི་མི་བསྐྱོད་པའི་དེ་ཁོ་ན་ཉིད་སྟོན་ཏོ། །སེམས་ཅན་ཀུན་ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་གྲུབ་པའི་དེ་ཁོ་ན་ཉིད་སྟོན་ཏོ། །དེ་ལ་ཡིད་ཁྱབ་པ་ནི་ཕྱག་རྒྱ་ཆེན་པོའོ། །སྙིང་ལ་གནས་པ་ནི་དམ་ཚིག་གི་ཕྱག་རྒྱས་སོ། །ཀུན་གྱི་ཕ་ནི་ལས་ཀྱི་ཕྱག་རྒྱའོ། །འདོད་པའི་དོན་ནི་ཆོས་ཀྱི་ཕྱག་རྒྱའོ། །བདེན་པ་གང་གིས་ཞེས་པ་ལ་སོགས་པས་ནི་དེ་རྣམས་ལ་གསོལ་བ་གདབ་པའོ། །གཟུགས་བརྙན་དང་ནི་ཞེས་བྱ་བ་ལ་སོགས་པས་ནི་ལྷ་རྣམས་དང་གཞལ་མེད་ཁང་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་ཏེ། གཟུགས་བརྙན་དང་མཉམ་ཉིད་ལ་སོགས་པའི་ཆོས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེ་ཉིད་ཤེས་པ་ནི་ཆོས་དེ་རྣམས་སོ། །དེ་ཉིད་རྙེད་པ་ཞེས་པ་ནི་གཞལ་མེད་ཁང་ལ་སོགས་པའི་མཚན་ཉིད་དུ་ཤེས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གཟུགས་ལྟར་གསལ་བ་སྟེ། སྡིག་མེད་པར་ནི་བལྟ་བར་བྱ། །ཞེས་སྡེམ་པ་ལ་སོགས་པའི་རིམ་པས་དག་པར་བྱས་པའི་སློབ་མ་ཞེས་བྱའོ། །ད་ནི་སློབ་མ་གཞུག་པའི་ཆོ་ག་གསུངས་པ་ཐུན་མོང་བཞེས་ལ་སོགས་པའོ། །ཐུན་མོང་སྡོམ་པ་ཞེས་པ་ནི་རིག་པའི་དབང་ཐོབ་པར་བྱེད་པའི་སྡོམ་པ་སྟེ། བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་དང་ལྡན་པ་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །དེ་དང་དུས་སྔོན་དུ་ལྡན་པར་བྱས་པ་ཞེས་པའི་དོན་ཏོ། །སྔོན་བཞིན་ཞེས་པ་ནི་བསྙེན་པའི་སྐབས་བཞིན་དུ་ཞེས་སོ། །སྐུ་སོགས་འོད་གསལ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་བསྙེན་སྒྲུབ་བཞི་དང་ལྡན་པར་བསམ་པའོ་ཞེས་སོ། །དེ་ནས་དཀྱིལ་འཁོར་ཆེན་པོ་དང་བར་དུ་ཡོལ་བས་བཅད་ནས་བསང་བྱེད་ཀྱི་བུམ་པའི་ཆུས་གཏོར་ལ་དམར་པོའི་ཤམ་གྱིས་གདོང་གཡོགས་ཏེ། ཞེས་པ་ནི་ལྷའི་ཡེ་ཤེས་ཞེན་པར་བྱའི་ཕྱིར་དེས་གཡོགས་ཞེས་པའོ། །དེ་ནས་བླ་མས་ཁྱོད་ཅི་ལ་དགའ་ཞེས་ལན་གསུམ་དུ་དྲི་བར་བྱའོ། །དེས་བསྐལ་པ་བཟང་པོ་དགའ་བོ་


DTG043_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་གསུམ་སྨྲ་བར་བྱའོ། །མེ་ཏོག་གི་ཕྲེང་བ་ལག་པས་དཀྱིལ་འཁོར་གྱི་ལྷ་ལ་སྒོ་ནས་ཡང་དག་པར་མཆོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ལྷའི་རྣལ་འབྱོར་མ་བཏང་བ་ཉིད་དུ་ཞེས་སོ། །སོན་པ་འབུལ་ཞེས་པ་ནི་བླ་མ་ལ་དབུལ་བ་སྟེ། ཡུལ་འཁོར་ཁྱིམ་དང་གླང་པོ་རྟ། །གསེར་དང་མུ་ཏིག་བྱི་རུ་དང༌། །ནོར་བུ་དང་ནི་ཁྱད་པར་རྫས། །བུ་དང་ཆུང་མ་བདག་ཉིད་དང༌། །བུ་མོ་ཤིན་ཏུ་ཡིད་འོང་དང༌། །བྲན་ཕོ་བྲན་མོ་བཅས་པ་ཀུན། །དེང་ནས་བརྩམས་ཏེ་དབུལ་བར་བྱ། །ཞེས་ཡོན་གྱི་བྱེ་བྲག་གིས་དབུལ་ལོ། །སྙིང་གར་རྡོ་རྗེ་སྙིང་གཞག་སྟེ། །ཞེས་པ་ཧཱུཾ་གིས་བསྐྱེད་ནས་ཞེས་སོ། །དེ་ནས་ཨོཾ་སརྦྦ་ཡོ་ག་ཞེས་པ་ནས་སུ་ར་ཏེ་ས་མ་ཡ་སྟྭཾ་ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཏིཥྛ་བཛྲ་ཡ་ཐ་སུ་ཁཾ་ཞེས་པས་འཁོར་ལོ་བསྐུལ་བར་བྱས་ནས་འདི་བརྗོད་དོ། །འདི་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ་ནས་དད་པ་མི་བྱེད་པ་ཡང་མི་རུང་ངོ་ཞེས་པའི་བར་དུ་བརྗོད་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ལ་སོགས་པའི་རང་སྔགས་ཀྱིས་ཡོལ་བའི་རྒྱབ་ཏུ་བཀུག་ནས་ཆུད་པར་བྱས་སམ་ཡང་ན་ཡི་གེ་ལྔ་པོ་བརྗོད་ཅེས་པ་ནི་ཨ་ཁཾ་བའི་ར་ཧཱུཾ་ཞེས་བརྗོད་ནས་གཞུག་པ་ལ་སོགས་པ་བྱས་ནས་སྔ་མ་བཞིན་དུ་སྡོམ་པ་འཛིན་དུ་གཞུག་གོ །དེ་ནས་འོག་ཏུ་ཡང་བརྗོད་དོ། །དེ་ཡང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་ཞེས་པ་ནས་ཁྱོད་པའི་ཚིག་ལས་འདས་པར་མི་རུང་ངོ་ཞེས་བརྗོད་པར་བྱའོ། །དེ་ནས་དམ་བསྒྲག་པའི་ཕྱིར་དེའི་སྙིང་གར་རྡོ་རྗེ་བཞག་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ཅེས་པ་ནས། དེ་མ་ཐག་ཏུ་བཀས་ནས་གཤེགས། །ཞེས་བརྗོད་དོ། །ཡི་གེ་གསུམ་འབར་པདྨར་གནས། །ཞེས་པ་ནི་པདྨ་བྷནྡྷའི་ནང་དུ་གནས་པའི་བདུད་རྩི་ཡི་གེ་གསུམ་གྱིས་སྦྱངས་པའི་བདུད་རྩི་འཐུང་དུ་གཞུག་སྟ་འདི་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་པ་ནས། ཨོཾ་བཛྲ་བ་ཞེས་པའི་བར་དུ་བརྗོད་པར་བྱའོ། །དེ་ནས་བརྟན་པའི་དམ་བཅས་པ་ནས་རྡོ་རྗེ་དང་བདུད་རྩི་འགྱུར་དུ་མི་གནས་པའི་ཕྱིར་བརྟན་པའོ། །དེ་རིང་ཕྱིན་ཆད་ཁྱོད་ཀྱིས་ཞེས་པ་ནས་དམྱལ་བར་ལྟུང་བར་མ་འགྲོ་ཞིག་ཅེས་བརྗོད་པར་བྱའོ། །དེ་ནས་སློབ་


DTG043_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་དེ་ལྟར་སྨྲས་པ་ལས་སློབ་མས་ཀྱང་དེ་ལྟར་བཀའ་གདབས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ་ནས་དབབ་པར་ཤོག་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་དེའི་སྙིང་གར་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སེང་པོ་གྲྭ་ལ་སྣ་ཚོགས་རྡོ་རྗེས་མཚན་པ་ལ་ཧཱུཾ་བསམ་མོ། །མགྲིན་པར་བཾ་ལས་བྱུང་བ་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་ལ་ཨས་མཚན་པའོ། །དེ་བཞིན་དུ་སྤྱི་བོར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུ་འདྲ་བ་རྒྱལ་མཚན་སྔོན་པོས་མཚན་པ་ལ་ཧ་བསམ་མོ། །དེའི་རྐང་པའི་འོག་ཏུ་འོད་ཟེར་འབར་བའི་ཛྷཻ་བསམས་ནས། རླུང་རང་བྱུང་ཟུར་གསུམ་པ་ཞེས་པ་ནི་རླུང་གི་སྟེང་དུ་མེ་གཟུགས་གྲུ་གསུམ་པའི་སྟེང་དུ་ཛྷཻ་བསམས་ནས། དེའི་འོད་རྐང་པའི་བུ་གནས་ཞུགས་ནས། རྐང་གི་དབུས་ཚུན་ཆད་སྣང་བར་བྱས། ཨཱ་བེ་ཤ་ཡ་སྟྭཾ་པ་ཡ་ར་ར་རར་ཙ་ལ་ཡ་ཧཱུཾ་ཧ་ཨཱ་ཛྷཻ་ཞེས་པ་དང་རྡོ་རྗེ་དྲིལ་བུའི་སྒྲ་དང་བཅས་པས་དབབ་པར་བྱའོ། །དེ་མ་ཐག་ཏུ་འོད་དཔག་ཏུ་མེད་པར་མོས་པའི་ལྕེའི་སྟེང་དུ་ཐིག་ལ་དམར་པོ་ལ་ཨ་བསམས་ནས་གསུངས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བརྗོད་ནས་བརྟན་པར་བྱའོ་ཞེས་སོ། །དེ་ནས་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་གཏོར་བར་བྱའོ། །པྲ་ཏཱི་ཙྪ་བཛྲ་ཧོ་ཞེས་བརྗོད་ནས་དེ་ཉིད་མགོ་ལ་བཅིང་བར་བྱ་སྟེ་སྔགས་འདི་བརྗོད་དོ། །ཨོཾ་པྲ་ཏི་གྲྀ་ཧྣ་སྭ་མཾ་མ་ཧཱ་བ་ལ་ཞེས་བརྗོད་པར་བྱའོ། །ཕྱག་མཚན་ཉེ་འམ་ཞེས་པ་ནི་རེའུ་ཆའི་གནས་ལས་ནི་ཤེས་པར་བྱ་སྟེ་སྐུ་དང་དབུ་ལ་བབ་ན་མཆོག་གོ །ཞལ་ལ་བབ་ན་སྔགས་ཀྱི་དངོས་གྲུབ་པོ། །སྐུའི་དབུས་སུ་བབ་ནས་ཐ་མལ་པ་བརྒྱད་དོ། །སྨད་དུ་བབ་ན་ལས་རྣམས་འགྲུབ་པོ། །ཉེ་ན་དངོས་གྲུབ་ཀྱང་ཉེའོ། །རིང་ན་དངོས་གྲུབ་ཀྱང་རིང་ངོ༌། །བར་དུ་བབ་ན་ཉེ་བའི་རིགས་སོ། །དཀྱིལ་འཁོར་ལས་ཐལ་ན་དད་པ་ཆུང་དུ་སྟེ་དམན་པའི་དངོས་གྲུབ་པོ། །སྙིང་པོ་ལ་བབ་ན་གང་ཡང་འགྲུབ་པོ། །རེ་ཁཱ་ལ་ཕོག་ན་ཡང་དོར་རོ། །མཉམ་པའམ་བདག་གི་མདུན་དུ་ལྷུང་ན་ལན་གསུམ་དོར་རོ། །དེར་མ་ཆུད་ན་སླར་གཏང་པོ་ཞེས་སོ། །སྤྱན་ལ་ཕྱག་འཚལ་འོད་འབར་ཅན། །ཞེས་པ་ནི་མིག་གཉིས་ལ་འོད་ཟེར་འབར་བའི་ཨོཾ་རེ་རེ་


DTG043_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་དོ། །ཨོཾ་བཛྲ་ས་ཏྭ་ས་མནྟེ་དེ་ཏྱ་ཙཀྵཱུདྒྷ་ཊ་AN་ཏ་པ་ར་པ་ཨུདྒྷ་ཊ་ཡ་ཏི་སརྦྦ་AAKShO་བཛྲ་ཙཀྵུ་ཨ་ནུཏྟ་རཾ་ཞེས་བརྗོད་ནས་གདོང་གཡོགས་བཀྲོལ་ཏེ་ཁྱོད་ཀྱི་མིག་གིས་ཇི་ལྟར་མཐོང་ཞེས་དྲིས་ཏེ། དཀར་པོ་མཐོང་ན་མཆོག་ཐོབ་པའོ། །སེར་པོ་མཐོང་ན་རྒྱས་པའོ། །དམར་པོ་མཐོང་ན་དབང་ངོ༌། །ནག་པོ་ནི་མངོན་སྤྱོད་དོ། །སྣ་ཚོགས་པ་ནི་གང་ཡང་རུང་པའོ། །ཤེས་བྱའི་རྣམ་པ་ཐམས་ཅད་ལ་མིག་ཕྱེ་བར་བསམས་ནས་དཀྱིལ་འཁོར་པར་བྱའོ། །ཇི་ལྟར་ཞེ་ན། འཁོར་ལོའི་བདག་པོ་ནས་བརྩམས་ནས་བདུད་རྩི་འཁྱིལ་པ་ཡན་ཆད་དོ་ཞེས་པ་སྟེ་འཇམ་དབྱངས་ནས་ཀུན་བྱེད་རྣམ་པར་དག་པ་དང་བཅས་པ་ཞེས་སོ། །ཀུན་བྱེད་ནས་གཙོ་བོའི་བར་དུ་བསྟན་ཏོ་ཞེས་པ་ཅི་འདོད་དོ། །ད་ནི་སློབ་མ་དབང་བསྐུར་བའི་ཆོ་ག་གསུངས་པ། སྤྱི་བོར་ཞེས་པ་ལ་སོགས་པའོ། །དེ་ལ་བུམ་པ་རྣམས་ཀྱི་ཆུ་མཆོད་ཡོན་གྱི་སྣོད་ལས་གཅིག་ཏུ་བྱས་པ། ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པའི་བསྙེན་སྒྲུབ་བཞི་དང་ལྡན་པས་གྲུབ་པར་བྱས་ཡེ་ཤེས་སེམས་དཔའ་བཀུག་སྟེ་མཆོད་ནས་ཐིམ་པར་བྱ་སྟེ། ཆུའི་ངོ་བོར་གྲུབ་པར་བྱས་ནས་སྤྱི་བོར་བླུགས་ནས་སྔགས་འདི་བརྗོད་པར་བྱའོ། །གསང་གསུམ་དམ་ཚིག་ལས་བྱུང་པ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་རབ་དག་པས། །མི་བསྐྱོད་རྡོ་རྗེའི་དབང་བསྐུར་རོ། །ཨོཾ་བཛྲོ་ད་ཀཱ་བྷིཥིཉྩ་ཡ་མཱཾ་ཞེས་བརྗོད་པས་མེ་ལོང་ལྟ་བུའི་ཡེ་ཤེས་རབ་ཏུ་རྒྱས་སོ། །དེ་བཞིན་དབུ་རྒྱན་དབང་བསྐུར་སྔ་མ་བཞིན། །ཞེས་པ་ནི་ལུགས་མ་ལ་སོགས་པའི་དབུ་རྒྱན་ལ་ངར་གྱི་ཅོད་པ་ནི་གྱིས་མཚན་པ་དང་། རིན་ཆེན་འབྱུང་ལྡན་གོང་མ་བཞིན་དུ་བསྒོམས་ནས་དེར་གྱུར་པ་ལ་བསྐོན་ཏེ་འདི་སྐད་བརྗོད་དོ། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་བའོ། །ཨོཾ་བཛྲ་བའི་ར་ཏ་ཀ་བཛྲ་ཤ་ལི་ཧོཿ་ཞེས་བརྗོད་ནས་དེའི་དབུས་སུ། ཡི་དམ་གྱི་ལྷ་ནི་བྱིན་ནས་ཞེས་པ་ནི་རིགས་ཀྱི་བདག་པོ་གཞག་པར་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རབ་ཏུ་རྒྱས་སོ། །སྙིང་གར་རྡོ་རྗེ་དེ་བཟུང་ནས་ཞེས་པ་ནི་ཧྲཱིཿ་དང་པདྨ་ལས་གྱུར་པའི་སྣང་བ་མཐའ་ཡས་སྔར་བཞིན་གྲུབ་པར་བྱས་ནས། དེ་ཡོངས་སུ་


DTG043_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་རྡོ་རྗེ་ལག་པ་གཡས་པར་སྦྱིན་ཏེ་དབང་བསྐུར་རོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །རབ་གྲུབ་ཕྱིར་ན་གཟུང་བར་བྱ། །ཨོཾ་པྲ་ཏི་ཨཱ་བེ་ཤ་ཛྙཱ་བཛྲ་ཨ་བྷི་ཥིཉྩི་ཞེས་བརྗོད་པས་སོ་སོར་རྟོག་པའི་ཡེ་ཤེས་རྒྱས་སོ། །རྡོ་རྗེ་དྲིལ་བུས་འཁྱུད་པའི་ཚུལ། །ཞེས་པ་ལཾ་དང་རལ་གྲི་ལས་བྱུང་བའི་དོན་ཡོད་གྲུབ་པ་ནི་སྔ་མ་བཞིན་དུ་གྲུབ་པར་བྱས་ནས། དེ་ལས་གྱུར་པའི་དྲིལ་བུར་བསྒོམས་ཏེ་རྡོ་རྗེ་དང་འཁྱུད་པའི་ཚུལ་གྱིས་བཟུང་སྟེ། བདག་པོར་དབང་ཞེས་པ་ནི་ཕྱི་དང་ནང་གཉིས་ཀྱི་རྣལ་འབྱོར་ལས་སོ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །འགྲོ་དོན་མཉམ་ཉིད་བྱེད་པ་དང༌། །མཆོད་པའི་ལས་རྣམས་རྫོགས་བྱེད་ཕྱིར། །རྡོ་རྗེ་ལས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲཱ་དྷི་པ་ཏི་སྟཾ་ཨ་བྷི་ཥིཉྩ་མི་ཞེས་བརྗོད་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་རབ་ཏུ་རྒྱས་སོ། །ཕྱི་བོར་མིང་གི་དབང་བསྐུར་ཏེ་ཞེས་པ་ནི་རྣམ་པར་སྣང་མཛད་ཕབ་སྟེ། དེའི་ལུས་ལ་སྟྭཾ་སྩལ་སྤྱི་བོར་ལག་པ་བཞག་ནས་ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་པ་ནི་བོས། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བར། །རྡོ་རྗེ་དབང་ནི་རབ་ཏུ་གྲགས། །ཨོཾ་བཛྲ་ས་ཏྭ་ཏྭཾ་ཨ་བྷིཥིཉྩ་ཏ་ཞེས་བརྗོད་པས་རྣམ་པར་དག་པའི་ཡེ་ཤེས་རབ་ཏུ་རྒྱས་སོ། །ད་ནི་དེ་རྣམས་ལ་ཡེ་ཤེས་ལྔ་འབྱུང་བ་གསུངས་པ། གང་གང་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་གྱི་གང་དང་གང་སྣང་བ་དེ་ཀུན་གྱི་རང་བཞིན་ནི། འཇམ་པའི་རྒྱལ་པོ་ཉིད་ཡིན་ཏེ་འདི་ཕྱིར། རང་བཞིན་གྱིས་ནི་ཆོས་ཀུན་དག །ཅེས་པ་སྟེ། རང་བཞིན་གྱི་བསྒོམ་པ་བྲལ་བའི་ཕྱིར་ན་ཆོས་ཀུན་ལྷའི་སྐུར་སྣང་བའོ། །དེ་ཀུན་ཡེ་ཤེས་འདུས་པའི་ཕྱིར། འཇམ་པའི་དབྱངས་ནི་རང་གི་དཀྱིལ་འཁོར་གྱི་གཙོ་བོ་འམ་གཞན་ལས་ཁྱད་པར་དུ་མཐོང་བར་བྱ་བའི་མཚན་གྱི་གོང་དུ་དཔལ་ཞེས་པའི་སྒྲ་གཞག་གོ་ཞེས་སོ། །དབང་རྣམ་པར་དག་པ་གསུངས་པ། ཆུ་དབང་མི་བསྐྱོད་ཅེས་པ་ལ་སོགས་པའོ། །ཡེ་ཤེས་རིག་འདི་རྡོ་རྗེར་འགྱུར། །ཞེས་པ་ནི་མིང་གི་དབང་ནི་རིག་པའི་བདག་ཉིད་ཀྱི་ཕྱིར་ན་ཡེ་ཤེས་ཏེ་ཤིན་ཏུ་རྣམ་པར་དག་པའོ། །ད་ནི་ཐུན་མོང་དུ་གསུངས་པ་ཆོས་ཀྱི་དབྱིངས་ཞེས་བྱའོ། །དེའི་རྒྱུད་ནི་དེ་ལས་གྱུར་པ་སྟེ་དབང་བཞིའོ། །དེ་ནས་


DTG043_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དབང་བཞི་བསྡུས་པས་ན་ཁྱད་པར་དུ་དེ་ལ་རིག་པའི་དབང་ཞེས་བྱའོ། །འདི་རྣམས་ཀུན་གཞི་ལ་སོགས་པ་མེ་ལོང་ལྟ་བུར་གནས་འགྱུར་བས་མ་རིག་པ་འཇོམས་པའི་ཕྱིར་དེ་སྐད་བརྗོད་དོ། །ད་ནི་དེ་རྣམས་ཀྱི་རྒྱུ་བརྟུལ་ཞུགས་ལ་སོགས་པ་གསུམ་དུ་གསུངས་པ། བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པའོ། །བརྟུལ་ཞུགས་ཞེས་པ་དམ་ཚིག་གསུམ་ལས་དང་པོ་དང་གཉིས་པའོ། །ལུང་བསྟན་པ་དང་དབུགས་དབྱུང་བ་ནི་འོག་ནས་སྟོན་པ་སྟེ་ཐུན་མོང་དུ་ཤེས་པར་བྱའོ། །དེ་རྣམས་ནི་རིག་པའི་ཡེ་ཤེས་ལྔའོ། །འདི་སྤྱོད་པ་བྱེད་པས་ན་རིག་པར་སྦྱོར་བའོ།། དེ་བས་ན་དམ་ཚིག་འདི་མེད་པར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སྣོད་མ་ཡིན་པས་ཧཱུཾ་ལས་གྱུར་པའི་རྡོ་རྗེ་ལག་ཏུ་གཏད་ལ་འདི་སྐད་དུ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བརྗོད་ནས། ཧི་ཧི་ཧཱུཾ་ཞེས་པ་ནས་རྡོ་རྗེ་བརྟུལ་ཞུགས་བྱིན་ཏེ་དེ་ནས་རྡོ་རྗེའི་དེ་ཁོ་ན་ཉིད་བསྟན་ཏོ། །ཐོག་མཐའ་མེད་ཕའི་སེམས་དཔའ་ཞེས་པ་ནས་རྡོ་རྗེ་སྙིང་པོའི་གཙོ་ཞེས་པ་དེ་ཁོ་ན་ཉིད་བྱིན་པ་ནི་རྡོ་རྗེའི་དམ་ཚིག་གོ །དེ་ལྟ་བུའི་དེ་ཁོ་ན་ཉིད་རྟོགས་པས་གསུང་གི་བསྟན་པའི་ཕྱིར་དྲིལ་བུ་གྲོགས་སུ་གསུངས་པ། དེ་བཞིན་ཉིད་ཅེས་པ་ལ་སོགས་པ་གསུངས་སོ། །ཨ་ལས་ཡོངས་སུ་གྱུར་པའི་དྲིལ་བུ་ལག་ཏུ་བྱིན་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ནས། རྒྱལ་བས་བྱང་ཆུབ་མཆོག་ཏུ་འདོད། །ཅེས་པས་བརྟུལ་ཞུགས་བྱིན་ནས་དེ་ཁོ་ན་ཉིད་བརྗོད་དོ། །དེ་ནི་ཆོས་ཀྱིས་ཞེས་པ་ནི་གཞུང་བཞིན་དུ་དཀྲོལ་བར་བྱ་སྟེ། སྲིད་པ་རང་བཞིན་གྱིས་དག་པ། །ཞེས་པ་ནི། གཟུང་བ་ལ་སོགས་པས་དག་པ་སྟེ་དེ་ལྟར་མ་ཡིན་ན་དོན་མེད་པར་འགྱུར་བ་ལ་སོགས་པའོ། །རང་བཞིན་དག་ཅེས་པ་ནི་ཟབ་པའོ། །དེ་སེམས་ཅན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམས་པས་དམ་པའི་སྲིད་པ་ཞེས་ཏེ། དེ་བཞིན་གཤེགས་པ་རྣམས་ཐོབ་པར་བྱེད་པའོ། །བྱེད་པ་པོ་ཞེས་པ་ནི་ཟབ་པ་དེ་ཉིད་དོ། །དེ་ལྟ་བུའི་རང་བཞིན་དུ་ཤེས་པ་ནི་དྲིལ་བུའི་དམ་ཚིག་གོ །ད་ནི་ཕྱག་རྒྱའི་དམ་ཚིག་གིས་བཅོམ་ལྡན་འདས་ཐོབ་པར་བྱེད་པའི་བཟླས་པ་གསུངས་པ་ཕྱག་རྒྱ་ཆེན་པོ་ཞེས་པ་ལ་སོགས་པའོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ལྷའི་སྐུ་ལ་སོགས་པའོ། །


DTG043_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་ཏེ་ཞེས་པ་ནི་སྐུལ་སོགས་པའོ། །སྙིང་ག་ཞེས་པ་ནི་ས་བོན་རྣམས་ཀྱིས་སོ། །བསྙེན་པ་ལ་སོགས་ཞེས་པ་ནི་ཆུང་དུ་དང༌། འབྲིང་པོ་དད་ཆེན་པོའི་བསྙེན་པ་ལ་སོགས་པས་སོ། །དམ་ཚིག་ཅེས་པ་ནི་རྡོ་རྗེ་འཛིན་པའོ། །འདོད་པ་ཡང་ཡིན་ལ་གཟུགས་ལ་སོགས་པ་ཡང་ཡིན་པས་དེ་སྐད་དོ། །སྔགས་ནི་དབུས་སུ་བཏགས་ནས་བཟླས། །ཞེས་པ་ནི་མན་ངག་གི་རིམ་པས་ཤེས་སོ། །རང་གི་རང་བཞིན་ཞེས་པ་ནི་རང་གི་ལྷའི་རང་བཞིན་ཏེ་གཟུགས་ལ་སོགས་པའོ། །དེ་ལྟར་ཤེས་པར་བྱས་ནས་མཆོད་པར་བྱའོ་ཞེས་ཏེ་གསང་ཆེན་གྱི་མཆོད་པ་སྟེ་ཡིད་དགའ་བར་བྱེད་པའི་ཕྱིར་རོ། །མི་མཐུན་པ་གང་ཞེ་ན། དཀའ་ཐུབ་དམ་བཅས་དེ་དག་ནི། །ཞེས་པ་སྟེ་ཉན་ཐོས་ལ་སོགས་པའོ། །དེ་བསྙེན་བྱས་ན་འགྲུབ་པ་མེད། ཅེས་སོ། །གང་མི་འགྲུབ་ཅེ་ན། མི་སྣང་མངོན་ཤེས་མཁའ་འགྲོ་སྟེ། ཐ་མལ་པ་རྣམས་ཀྱིས་མི་འགྲུབ་པོ། །དེ་བཞིན་དུ་སྐུ་གསུང་ཐུགས་ལ་འགྲུབ་པ་ཕྱག་རྒྱ་ཆེན་པོ་ཡང་མི་འགྲུབ་ཅེས་སོ། །དེ་བས་ན་བཀའ་སྩལ་པ། དེ་ནས་སངས་ཞེས་པ་ལ་སོགས་པའོ། །འབྲས་བུ་གསུངས་པ། ཆོས་ཡིག་མཆོག་ཅེས་ཏེ་མི་འགྱུར་བས་ན་ཡི་གེ་སྟེ། ཟབ་པོ་གསལ་བ་དབྱེར་མེད་པའོ། །བདེ་སྡུག་གཉིས་མེད་བདག་མེད་ཅེས་པ་ནི་གཟུགས་ལ་སོགས་པ་རེ་རེ་ཡང་གསུམ་གྱི་བདག་ཉིད་དོ། །དེ་འདོད་ཆགས་ཡེ་ཤེས་ཏེ་རྡོ་རྗེ་འཛིན་པ་ལ་སོགས་པར་ཤེས་པར་བྱས་ནས་དེ་ཁོ་ན་ཉིད་འགྲུབ་པོ་ཞེས་སོ། །དེ་ཡང་སྐུ་གསུང་ཐུགས་བསྒོམ་པ། །ཞེས་པ་ནི་ཕྱག་རྒྱའི་དམ་ཚིག་བསྒོམས་ན་བརྟགས་པ་ཙམ་གྱིས་འགྲུབ་པོ་ཞེས་སོ། །དམ་ཚིག་གསུམ་བསྡུས་པ་གསུངས་པ། ཇི་སྐད་ཅེས་པ་ལ་སོགས་པའོ། །ད་ནི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་གསུངས་པ། སྡོམ་པ་ཞེས་པ་ལ་སོགས་པ་གསུངས་པའོ་ཞེས། སྔོམ་པ་བཟུང་བའི་སློབ་མ་ཡིས། ཞེས་པ་ནི་ཕྱིར་མི་ལྡོག་པའི་སྡོམ་པའོ། །དེ་ཡང་ཕྱིར་མི་ལྡོག་པའི་དབང་ལ་སོགས་པས་སློབ་མ་བཞུགས་སུ་གསོལ་བར་བྱ་སྟེ། དེ་ནས་བླ་མས་སྡོམ་པའི་མཆོག་བཀའ་སྩལ་པ། །ཕམ་པ་འདི་ནི་བཅུ་བཞིར་གྲགས། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་དེ་ལྟར་གསུངས། །སློབ་དཔོན་ཉིད་ལ་སྨོད་པ་དང༌། །བདེ་བར་


DTG043_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྐད་ཅིག་དང༌། །ཁྲོས་པས་མཆེད་ཀྱི་སྐྱོན་རྣམས་བརྗོད། །བྱམས་པས་ཆེན་པོ་ཡོངས་བྲལ་དང༌། །བྱང་ཆུབ་སེམས་ནི་སྨད་པ་དང༌། །ཐེག་པ་གསུམ་པོ་སྨད་པ་དང༌། །སྣོད་མ་ཡིན་ལ་གསང་བ་བསྟན། །བདག་ཉིད་རྒྱལ་བའི་ཕུང་པོ་སྨད། །དག་པའི་ཆོས་ལ་སོམ་ཉི་དང༌། །དམ་པའི་ཆོས་ལ་དགའ་བྲལ་བར། །སྡུག་བསྔལ་དག་ལ་ཆོས་སུ་བརྟགས། །དད་སེམས་དག་ནི་སྨད་པ་དང༌། །དམ་ཚིག་ཉིད་ལ་སྤྲད་པ་དང༌། །རྙེད་པའི་གཟུགས་མང་སྨད་པ་དང༌། །དེ་ལྟར་རྩ་བའི་ལྟུང་བ་ཡིས། །སྔགས་པ་རྣམས་ཀྱི་དམ་ཚིག་ཉམས། །ཉིན་གསུམ་མཚན་གསུམ་ལན་དྲུག་ཏུ། །ཉིན་རེ་བཞིན་དུ་བརྗོད་པར་བྱ། །ཡན་ལག་དམ་ཚིག་ཅེས་བྱ་བ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང༌། །ཚོགས་ཀྱི་དཀྱིལ་འཁོར་སྨོད་པ་དང༌། །གསང་བའི་ཆོས་ནི་སྟོན་པ་དང༌། །སེམས་ཅན་དད་དང་ལྡན་པ་ལ་།དམ་པའི་ཆོས་ནི་ལོག་པར་བསྟན། །ཉན་ཐོས་དག་ཏུ་རློམ་བྱེད་པ། །ནང་དུ་ཞག་བདུན་གནས་པ་དང༌། །སྦྱོར་བ་ངེས་པར་མ་བྱས་དང༌། །སྣོད་མིན་གསང་བ་སྟོན་པ་རྣམས། །ཁ་ན་མ་ཐོ་སྦོམ་འགྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པ་གྲུབ་པར་མི་འགྱུར་ཏེ། །ནད་དང་སྡུག་བསྔལ་རབ་ཏུ་འཕེལ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །སྔགས་པས་དེ་དག་ཡོངས་སྤངས་ཏེ། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་སྡོམ་པ་བཟུང་བའི་སློབ་མས་དེ་བཞིན་དུ་རྗེས་སུ་མཐུན་པའི་ཡོན་ཕུལ་ནས་ཕྱག་འཚལ་ནས་ཚིགས་སུ་བཅད་པ་འདིས་རྡོ་རྗེ་སློབ་དཔོན་གྱི་དབང་ནོད་པར་བྱ་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པ་ནས། ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་པའི་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་དབང་སྦྱིན་པ་ནི་འཇུག་པའི་སྒོ་ཞེས་པ་ནི་ཤར་སྒོར་རོ། །འདབ་བརྒྱད་པདྨའི་ཁྲི་ལ་གཞག །ཅེས་པ་ནི་ཁ་དོག་གཅིག་པའི་དཀྱིལ་དུ་ས་བོན་ལ་སོགས་པས་བརྒྱན་པ་ལ་འདབ་མ་བརྒྱད་པའི་པདྨ་ལ་གནས་པར་བྱས་ལ། དེའི་སྟེང་དུ་རས་ལ་སོགས་པས་གཡོགས་པའི་སེང་གེས་མཚན་པ་ལ་སློབ་མ་དེ་བཞག་སྟེ། གསོལ་བ་གདབ་པར་བྱའོ། །དེ་


DTG043_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་མ་དེ་ལྷག་པར་མོས་པ་ལ་སོགས་པས་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པར་བྱས་ནས་ཐབས་འདིས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་རོ། །ཕྱོགས་བཅུ་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཏེ་བདེ་བར་གཤེགས་པ་ལྷ་མོའི་ཚོགས་དང་བུམ་པ་གཙོ་བོར་བྱས་པའོ། །མེ་ཏོག་སྤོས་མར་མེ་དྲི་ལྷ་བཤོས་གདུགས་རྒྱལ་མཚན་ཅན་ཁྱད་པར་གྱི་མཆོད་པ་སྣ་ཚོགས་པ་ཐོགས་པ་རྣམས་རང་སྙིང་ལས་ཕྱུང་ནས་ཞེས་པ་ནི། སློབ་དཔོན་དང་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་ཕྱུང་ནས་དེ་བསྐུལ་བ་ཞས་སོ། །རོལ་མོ་དྲི་སོགས་ལྡན་བྱས་ཞེས་པ་ནི་རྔ་ལ་སོགས་པའོ། །རོལ་མོ་དང་དྲིལ་བུ་ལ་སོགས་པའི་རོལ་མོ་དང་ལྡན་པ་རྣམས་ཀྱི་ཚིགས་སུ་བཅད་པའི་རྡོ་རྗེ་བརྗོད་དོ། །སྔོན་བཞིན་རིག་པའི་དབང་བསྐུར་ནས། །ཞེས་པ་ནི་དེ་རྣམས་ཀྱིས་བྱས་པར་བསམས་ཤིང་སློབ་དཔོན་གྱིས་ཆུ་ལ་སོགས་པ་བཀའ་སྩལ་བའི་མཐར་ཐུག་པའི་བར་དུ་བསྐུར་བར་བྱའོ། །དེ་རྣམས་ཀྱི་ཚིགས་སུ་བཅད་པའི་སྡེ་བརྗོད་པ་འདི་དག་གོ །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་ནས། །སངས་རྒྱས་ཀུན་གྱིས་བྱིན་པ་ཡིན། །ཞེས་པས་དབང་བསྐུར་བར་བྱའོ། །ཕྱིར་མི་ལྡོག་པའི་དབང་ཞེས་པ་ནི་ས་བརྒྱད་པ་ལས་སོ། །དེ་ནས་དེ་ཐམས་ཅད་ཡེ་ཤེས་ངོ་བོ་སློབ་མ་དེ་ལ་གཞུག་པར་བསམས་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། མི་བསྐྱོད་པ་རིན་པོ་ཆེའི་དབུ་རྒྱན་གསལ། དེ་ནས་སྤྱི་བོར་མེ་ཏོག་སྤོས་དང་མར་མེ་དྲི་མགྲིན་པ། སྙིང་གར་དྲི་རྒྱན་སྣ་ཚོགས་པ་ཁྱད་པར་གྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པ་ནས་ཡང་དག་པར་བསྟོད་ནས། དེ་ནས་སློབ་མ་རྡོ་རྗེ་དྲིལ་བུ་འཛིན་པར་བྱས་ནས་བཀྲ་ཤིས་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་ངོའི་སྟེང་དུ་གདུགས་བཏེག་པར་བྱས་ནས་གཡས་སྐོར་དུ་ལན་གསུམ་བྱེད་དུ་གཞུག་ནས། དཀྱིལ་འཁོར་གྱི་སྒོར་ཐལ་མོ་སྦྱར་ནས་གདུགས་དང་བཅས་པས་ཕྱག་བྱེད་དུ་གཞུག་གོ །དེ་ནས་དེ་གདུགས་བཟུང་ནས་ཁྲི་ལ་བཞག་སྟེ། རིམ་པ་འདི་སློབ་དཔོན་གྱིས་བརྗོད་པར་བྱའོ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་


DTG043_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་བཀུར་བར་འགྱུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་གྱིས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཞེས་སློབ་དཔོན་གྱི་ལས་བསྟན་ཏོ། །དེ་ལ། ཚོན་ལྔ་ཡང་དག་སངས་རྒྱས་ལྔ། །ཞེས་པ་ནི་རྟག་པ་ལ་སོགས་པ་སྟེ་ཅིའི་ཕྱིའི་ཚོན་ཞེས་བྱ་ན། ཚོན་རྩིར་སྣང་བའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ངོ་བོར་སེམས་ཅན་གྱི་སེམས་མཚོན་པའི་ཕྱིར། དེ་བཞིན་དུ་དབང་པོ་ལ་སོགས་པའི་ཆོས་ཇི་སྙེད་རང་རང་གི་ཚོན་ཉིད་དང་བྲལ་བའི་ཕྱིར་དག་པས་ན་ལྷ་རྣམས་ཏེ་དེའི་བུམ་པའོ། །ཇི་ལྟ་བུ་ཞེ་ན་སེམས་ཅན་རྣམས་ལ་ཡེ་ཤེས་བདུད་རྩི་ལྟ་བུ་བྱིན་པས་གསེར་ལྟ་བུར་གནས་སོ། །ཚོགས་གཉིས་ཀྱིས་གང་བའི་རྟགས་སུ་བུམ་པ་གང་བའོ། །སེམས་ཅན་ལ་ཐུགས་རྡོ་རྗེའི་ཆུས་བརླན་པའི་རྟགས་སུ་ཆུས་གང་བ་ཞེས་སོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་གིས་མེ་ཏོག་དང༌། འགྲོ་བ་རྣམས་ཡིད་ཚིམ་པར་བྱེད་པས་ན་སྒྲོན་མ་དང་། འཛམ་བུ་གླིང་དུ་ཆོས་བཤད་པས་ཐམས་ཅད་ནང་འགྲངས་པས་བདུག་པ་དང༌། །ལུང་སོགས་པ་ཆོས་ཀྱིས་ཚིམ་པའི་ལྷ་བཤོས་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་ན་སྔོམ་པ་སྟེ་དམ་ཚིག་གི་རྟགས་དང༌། བདེ་བ་ཆེན་པོ་འཕེལ་བར་བྱེད་པའི་གླུ་དང་གར་ལ་སོགས་པས་ཀྱང་བརྒྱན་པའོ། །ཕྱིན་ཅི་ལོག་ཐམས་ཅད་ལས་གྲོལ་ཞིང་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་གནས་ཉིད་ཀྱི་ཕྱིར་ན་གཞལ་ཡས་ཁང་ངོ༌། །དཀྱིལ་འཁོར་སྙིང་པོ་འདུས་པའི་ཕྱིར། །ཞེས་པ་ནི་སྙིང་པོ་ནི་གསལ་བ་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཏེ། དེ་བསྡུས་པ་ནི་དེ་རྟོགས་པའི་དུས་ན་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་དེའི་ངོ་བོར་རྟོགས་པས་ན་དཀྱིལ་འཁོར་རོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་ལྷའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། དད་པ་བརྩོན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མེ་ལོང་སོགས་ཟད་ཡེ་ཤེས་ཞེས་པ་ནི་ཀུན་གཞི་ལ་སོགས་བ་གནས་འགྱུར་ཞིང་བག་ཆགས་དང་བཅས་པ་ཟད་ཅིང་མཐར་ཐུག་པ་སྟེ་སྐད་ཅིག་མའོ། །མ་སྐྱེས་ཡེ་ཤེས་ཞེས་པ་ནི་དེ་རྣམས་ཀྱི་རྣམ་པར་དག་པ་སྟེ། བཅོས་མ་མ་ཡིན་པའི་ཕྱིན་ཅི་ལོག་པ་ཐམས་ཅད་དུ་མི་འགྱུར་བའོ། །གཟུགས་ལ་སོགས་འཁྲུལ་པ་དག་པས་ནི་གཅིག་དང་དུ་མ་ལ་སོགས་པ་


DTG043_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའོ། །ཕུང་པོ་བཞིས་ཞེས་བྱ་བ་ལ་སོགས་པ་ནི་རང་དབང་དུ་བརྟགས་པ་རྣམ་པར་དག་པ་སྟེ་ལྟ་མོ་ལ་སོགས་པའོ། །རང་གི་མི་མཐུན་པའི་ཕྱོགས་ཞེས་པ་ནི་སྒྲིབ་པ་བཞིའོ། །དེ་ལ་ལྡོག་པས་ན་སྟོབས་བཅུ་ལ་སོགས་པའོ། །སོ་སོ་རང་རིག་ཅེས་པ་ནི་གསལ་བའོ། །ཆོས་ཉིད་ཅེས་པ་ནི་ཟབ་པའོ།། དེ་གོ་རིམས་བཞིན་དུ་དབྱེར་ཡོད་པ་དང་དབྱེར་མེད་པའི་རང་བཞིན་དུ་གནས་པའོ། །དེ་བཞིན་དུ་རིག་པའི་འཁྲུལ་པ་ཞེས་བྱ་བ་ནི་གོང་དུ་བསྟན་པ་ལྟར་ཕྱིའི་དོན་གྱི་འཁྲུལ་པ་ལ་སོགས་པ་རྣམས་ལོག་ཅིང༌། གཞན་གྱི་རྣམ་ལྟར་འདི་བལྟས་ཏེ། །འབྲས་བུ་ཕ་རོལ་ཕྱིན་སོགས་ཀུན། །ཞེས་སོ། །དེ་ཉིད་ཀྱིས་འདིར་དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་ཤེས་པར་བྱའོ་ཞེས་བསྟན་ཏོ། །ད་ནི་དེ་ལ་དེ་ཁོ་ན་ཉིད་དགུ་པ་སློབ་དཔོན་ལ་སོགས་པའི་ལས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ་ལ་སོགས་པ་གསུངས་པ། ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། སློབ་མ་རྣམས་དབང་བསྐུར་བའམ། བདག་ཉིད་ཀྱང་དངོས་གྲུབ་སྒྲུབ་པའི་དོན་དུ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ཏེ། ཕྱག་རྒྱ་དགོད་པའི་ཕྱག་རྒྱ་ཡན་ཆད་རྫོགས་པར་བྱས་ནས་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ་བཞིན་དུ་བླ་རེ་ལ་སོགས་པ་དང༌། ཨ་ག་རུ་ལ་སོགས་པའི་སྤོས་དང་མར་དཀར་གྱི་མར་མེ་འབུམ་ལ་སོགས་པ་དང༌། པི་ཝང་ལ་སོགས་པའི་རྒྱན་གྱི་ཁྱད་པར་སྣ་ཚོགས་པས་རྣམ་པར་བསྐོར་ནས་ཆོ་ག་འདིས་དཀྱིལ་འཁོར་བསྒྲུབ་པར་བྱའོ་ཞེས་སོ། །དེ་ནས་བྱད་དང་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་བདག་ཉིད་ཕྱིའི་ཁྲུས་བྱས་ནས་གླ་རྩི་ལ་སོགས་པས་བྱུགས་ཤིང་རྒྱན་སྣ་ཚོགས་པས་རྣམ་པར་བརྒྱན་པ་ལེགས་པའི་ནང་ཚངས་ཅན་གྱི་སྟན་ལ། རྡོ་རྗེ་དྲིལ་བུ་ལྡན་པ་ཤར་ཕྱོགས་སུ་བལྟས་ཏེ་འདུག་པར་བྱའོ། །དེ་ནས་བྱད་ལ་སོགས་པ་དང་ལྡན་པའི་བུ་མོད་དང་ལྷན་ཅིག་ཏུ་གནས་ནས་རྗེས་སུ་ཆགས་པའི་མཐའ་ལ་ཐུག་པས་དང་པོ་སྦྱོར་བ་བྱ་སྟེ། ཆོ་ག་གསུམ་གྱིས་གསང་བའི་གནས་སུ་ལྷ་བསྐྱེད་ནས་བརྟན་པར་བྱས་ཏེ་རིག་པ་དག་སྣང་བ་ཐོབ་ནས་སྦྱོར་བར་བྱའོ་ཞེས་སོ། །འདི་ཉིད་ནི་ལས་དང་པོ་དང་ཆུད་ཟད་ཡེ་ཤེས་དབང་དུ་གྱུར་པར་འགྱུར་བའི་མཚན་མ་ཡང་ཡིན་ནོ། །དེ་ནས་རང་མཚན་བརྗོད་ནས། རྡོ་རྗེ་བདག་ཅེས་པ་ནི། བཛྲ་དྷྲྀཀ་ལ་སོགས་པ་བརྗོད་ནས་


DTG043_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་བདག་ཉིད་རྣམས་འབྱུང་ངོ་ཞེས་སོ། །འཁོར་ལ་མདུན་དུ་བཀུག་ནས་སུ། །ཞེས་པ་ནི་རྡོ་རྗེ་དང་པདྨ་སྦྱོར་བའི་སྒྲས་གཤིན་རྗེ་གཤེད་བསྐུལ་བས་དེ་བཀུག་ནས་ཤར་ཕྱོགས་ཀྱི་སྒོར་གནས་པར་བསམ་མོ། །བགེགས་ཀུན་བསྐྲད་ཅེས་པ་ནི། །སྤྲོས་པའི་ཁྲོ་བོ་སོ་སོར་བསྲུང་བྱས་ཏེ། །ཞེས་པ་ནི་དྲ་བ་ལ་སོགས་པས་སོ། །དེ་ནས་ཡོན་ཕུལ་ནས་ཞེས་པ་སྟེ་དུང་ཕོར་གྱི་ཆུ་ཀུ་ཤའི་བམ་པོས་གཏོར་ཞིང༌། ཨོཾ་ཨ་མཾ་ནི་ཝརྡྷ་པྲ་ཏཱིཙྪ་ཧཱུཾ་ཞེས་བརྗོད་ནས་བསང་གཏོར་བྱའོ། །ཉེ་རེག་གི་སྔགས་ཀྱང་དེའོ། །དེ་བཞིན་དུ་བདུད་རྩིའི་ཆུ་ལ་ཡང་སྣོད་དུ་ཕུལ་ནས། ཨོཾ་ཨ་ཕྲ་བ་ར་སཏྐཱ་རཾ་ཨོཾ་ཨཾ་ཛ་ཞེས་བརྗོད་དོ། །ཨོཾ་ཨ་མཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཛ་བར་ཡ་ཞེས་བརྗོད་ནས་མེ་ཏོག་བསྒྱིང་བས་བླངས་ཏེ་ཞབས་ལ་དབུལ་བར་བྱའོ། །མཆོད་བྱས་ཏེ་ཞེས་པ་ནི་ཕྱི་དང་གསང་བའི་མཆོད་པས་སོ། །དེ་ལ་བསྟོད་ནས་བདུད་རྩི་མྱངས་པ་ཡང་རབ་ཏུ་བྱས་ཏེ་སྒོ་སྲུང་གི་སྒོ་རུ་ལས་བྱ་ཞེས་པ་ནི་ཤེས་རབ་མཐར་བྱེད་ཀྱི་འོད་ཟེར་གྱིས་བཏེག་སྟེ་བསྐོར་ནས་ཇི་ལྟ་བ་བཞིན་དུ་ཐིམ་པར་བྱའོ། །ཕྱི་མའི་བརྡ་ཕྲད་པར་ཟད་དོ། །དེ་ནས་མཆོད་པ་ལ་སོགས་པ་བྱས་ནས་ཕྱི་རོལ་དུ་བྱུང་སྟེ། གོང་མ་བཞིན་དུ་ཕྱོགས་སྐྱོང་རྣམས་ལ་གཏོར་མ་དབུལ་ལོ། །དེ་ནས་ལྷག་ཆད་ཀྱི་སྐྱོན་བསལ་བའི་ཕྱིར་རྡོ་རྗེ་ཧཱུཾ་མཛད་དུ་བསྒྱུར་ནས་ནང་དུ་ཞུགས་ཏེ་གོང་མ་བཞིན་དུ་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་སྦྱིན་སྲེག་གི་ཆོ་ག་བྱས་ནས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དངོས་གྲུབ་ཐམས་ཅད་རབ་འགྲུབ་མཛོད། །ཅེས་གསོལ་བ་བཏབ་པོ། །དེ་ལ་གཞན་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་དོན་དུ་དཀྱིལ་འཁོར་ཇི་སྐད་དུ་གསུངས་པ་བྲིས་པའི་ཕྱོགས་བཞིའི་གནས་མཛེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྡོང་པོ་བརྒྱན་པ་དང་སྣང་བ་དམ་པ་དང༌། གསེར་འོད་དམ་པ་རྣམས་བཀླགས་ཤིང་སངས་རྒྱས་ལ་སོགས་པ་ལ་གོང་མ་ལྟ་བུའི་སྤོས་ལ་སོགས་པའི་ཡོ་བྱད་དཔག་ཏུ་མེད་པས་བསགས་ནས་ཕྱག་རྒྱ་དགོད་པ་ཡན་ཆད་རྫོགས་པར་བྱས། །སྐུད་པ་དང་ཚོན་རྩི་གཤེགས་སུ་གསོལ་ནས། བ་ལང་གི་ལྕི་བ་དང་བསྲེས་ནས། ཕྱི་སྐོར་ལ་བྱུག་ཅིང་མེ་ཏོག་ལ་སོགས་པ་སྣ་ཚོགས་པ་དགྲམ་པར་བྱའོ། །དེ་ནས་ཁྲུས་ལ་སོགས་པ་བརྩམས་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་རྡོ་རྗེ་དྲིལ་བུ་དང་ལྡན་པས་


DTG043_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཀྱིས་གཡོགས་པའི་སྟ་ན་ལ་འདུག་སྟེ། དམ་ཚིག་གཅིག་པར་ཡོད་པའི་གྲོགས་པོ་རྣམས་ཀྱང་གོང་མའི་རིམ་པས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་གནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ། །དེ་ནས་བླ་མས་བསྟན་པའི་དེ་ཁོ་ན་ཉིད་ལ་གོམས་བར་བྱ་བའི་ཆེད་དུ་བྱང་ལ་སོགས་པ་དང་ལྡན་པའི་བུ་མོ་རང་གི་གཡོན་དུ་བཞག་སྟེ། གོང་དུ་བླ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་འཁྱུད་པ་དང་འོ་བྱ་བ་ལ་སོགས་པའི་རིམ་པས་ཡེ་ཤེས་འཕེལ་བར་བྱའོ། །ཕྱི་མའི་སྔ་མ་བཞིན་དུ་བསྟན་པ་ལྟར་རོ། །དེ་བཞིན་དུ་རིག་པ་འདིས་ཚོགས་ཀྱི་དཀྱིལ་འཁོར་ཡང་བསྒྲུབ་པར་བྱའོ་ཞེས་སོ།། ད་ནི་དེ་ཁོ་ན་ཉིད་བཅུ་པ་གླེགས་བམ་ལ་སོགས་པས་བསྐོར་བའི་ཆོ་ག་སློབ་དཔོན་ལས་གསུངས་པ། དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་སྔོན་བཞིན་བྲིས་ནས་སུ། །ཞེས་པ་ནི་དད་པ་ཅན་གང་ཞིག་གིས་གཟུགས་བརྙན་ནམ་གླེགས་བམ་ལ་སོགས་པ་ཡིད་ཀྱིས་བསམས་ནས། སྐྱེས་བུ་བྱེད་མཐའ་ཡན་ཆད་དབང༌། །ཞེས་པ་སྟེ་ཆུ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ཡན་ཆད་ཇི་ལྟར་རིགས་པར་བསྐུར་བར་བྱའོ་ཞེས་སོ། །བུམ་པ་ལ་སོགས་པ་ལ་ཡི་གེ་གསུམ་དང་ལྔ་བཟླས་པར་བྱའོ་ཞེས་སོ། །ཡང་ན་སྔོན་དུ་ཕྱུང་བའི་སྔགས་ཞེས་པ་སྟེ། བཛྲ་དྷྲྀཀ་ལ་སོགས་པ་ཡང་བཟླའོ་ཞེས་སོ། །ཕྱི་ཡི་ཁྲུས་ནི་བྱས་ནས་སུ། །ཞེས་པ་ནི་བསྐུར་བའི་དུས་སུ་མེ་ལོང་དང་ལྡན་པའི་སྤྱི་ཁྲུས་བྱས་ནས་ཞེས་སོ། །ནང་གི་ཁྲུས་གང་ཞེ་ན་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་གཟུགས་སུ་བསྙེན་སྒྲུབ་དང་ལྡན་པས་བསྐྱེད་པ་དེ་བཞིན་ཉིད་ཀྱི་ཁྲུས་ཏེ་ཆོ་གའོ། །དེ་ལྟ་བུ་ལ་སོགས་པའི་རིམ་པ་རྫོགས་ནས་དགོངས་ཞི་བའི་སྦྱིན་སྲེག་གི་རིམ་པ་བྱ་སྟེ། དེ་ནས་ཐབ་ཀྱི་ནང་དུ་མན་འཇིའི་སྟེང་དུ་གསེར་དངུལ་གྱི་སྣོད་བཞག་ནས། འབྲས་གྲུས་པ་གཙང་མ་འོ་མ་དང་སྤྲང་རྩི་དང་བུ་རམ་དང༌། མར་རྒྱ་ཆེ་བར་བཏབ་ནས་བླུགས་པར་བྱའོ། །དེ་བསྐོལ་ཞིང་བདུད་རྩི་བྱིན་གྱིས་བརླབ་པའི་ཆོ་གས་སྦྱངས་ཏེ་ཡི་གེ་གསུམ་དུ་མར་བཟླས་ཏེ་དངུལ་གྱི་སྣོད་དུ་བླུགས་ཏེ། ཨོཾ་དཱི་པྱ་ཨནྣ་ས་མཱ་དྷི་དྷྱཱེ་ན་པྲ་ཎི་ནེ་སྭཱ་ཧཱ། ཞེས་བརྗོད་ནས་ལྷ་རྣམས་ལ་དབུལ་བར་བྱའོ། །རང་ཡང་མྱང་ཡོན་བདག་ལ་ཡང་སྦྱིན་གཞན་དག་


DTG043_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་སྦྱིན་ནོ། །དེ་ནས་འདི་བརྗོད་པར་བྱའོ། །བཟོད་པར་གསོལ་མཐའ་སངས་རྒྱས་ཀུ། །ལྷ་དང་དེ་ཡི་སྲས་ཀུན་གང༌། །ཚངས་པ་ལ་སོགས་ཕྱོགས་སྐྱོང་ཀུན། ཆོ་ག་གང་འདི་བྱ་བ་ལ། །ཞི་བ་བཀྲ་ཤིས་ཀུན་ལ་ནི། །ཡོན་བདག་ཆེན་པོར་བྱས་ནས་སུ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །ཡང་ནི་སླར་ནི་བྱོན་མཛོད་ཅིག །ལྷ་ལ་བཟོད་པར་གསོལ་ནས་སུ། །འདི་ཉིད་ཀྱིས་ནི་བྱིན་གྱིས་རློབ། །གང་གིས་ད་ལྟར་བཞུགས་པར་འགྱུར། །བསྐལ་པ་འམ་བསྐལ་པ་བརྒྱ་ལྷག་དང༌། །ཅི་སྙེད་ལྷ་ཀུན་གསུང་མཛོད་ཅིག །ས་དང་ཆུ་དང་མེ་རླུང་རྣམས། །མོས་པ་དགའ་བ་བྱས་ནས་སུ། །ལེགས་པའི་རང་གནས་གཤེགས་སུ་གསོལ། བུ་དང་རིགས་རྒྱུད་སྲུང་མཛོད་ཅིག །ཅེས་བརྗོད་ནས་ནུབ་མོ་ཡང་དག་པའི་ཚོགས་ཀྱིས་མཆོད་པར་བྱ། དགེ་འདུན་རྣམས་ལ་ཆོས་སྟོན་གསོལ་ས་གཞི་བྱུག་པར་བྱའོ། །ལྷ་མཉེས་པར་འདོད་ན་བླ་མ་ཅེས་ཀྱང་མཉེས་པར་བྱའོ། །ཡོ་བྱད་ཅི་སྙེད་པ་མ་ལུས་པར་དབུལ་བར་བྱའོ། །དེ་ལྟར་བྱས་པས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་དབང་ཐམས་ཅད་འབྲས་བུ་བཞིར་བསྡུས་པ་གསུངས་པ་ཆ་དང་ཞེས་པ་ལ་སོགས་པ་སྟེ་འབྲས་བུའི་སྒོ་ནས་བླ་མ་ཤེས་སོ། །ད་ནི་གསང་བའི་དབང་བསྐུར་བའི་ཆོ་ག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། རིག་པའི་དབང་དང་ཕྱིར་མི་ལྡོག་པའི་དབང་ཐོབ་པ་དེ་ཉིད་ལས་ཆུའི་ཡེ་ཤེས་བསྐྱེད་ནས་ཞིང་དག་པར་བྱ་བའི་ཕྱིར་སྔར་གྱི་དཀྱིལ་འཁོར་འདི་ཉིད་དམ་གཞན་ཡང་རུད་སྟེ་མེ་ཏོག་ལ་སོགས་པས་བརྒྱན་ནས། སླར་ལོ་ལ་སོགས་པར་བསྙེན་བཀུར་བྱས་པའི་བླ་མ་ལ་གསེར་ལ་སོགས་པའི་ཡོན་དང༌། ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྤྱོད་བ། །དི་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་སྐུ་དྲིན་སྩོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །རྗེ་གཅིག་བདག་ལ་སྐྱབས་མ་མཆིས། །འགྲོ་བ་དད་པའི་ཐུབ་ཆེན་པོ། །དེ་བས་བློ་མཆོག་མཉེས་པར་མཛོད། །སྡུག་བསྔལ་ཀུན་གྱི་རྒྱུར་འགྱུར་བ། །རྗེ་བཙུན་གྱིས་ནི་གྲོལ་བར་མཛོད། །སྡུག་


DTG043_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཐམས་ཅད་གྲོལ་བར་མཛོད། །མགོན་མེད་རྣམས་ལ་ཐུགས་རྗེས་དགོངས། །ཞེས་གསོལ་པ་གདབ་པོ། །དེ་ནས་བླ་མ་དཔལ་ལྡན་པས། ཡོན་ཏན་གྱི་ཆོས་སྙིང་རྗེ་སློབ་མ་ལ་བསྐྱེད་ནས་ཞལ་གདམས་པར་བྱས་ནས་རབ་ཏུ་དགའ་ནས་སྔ་མ་ལྟ་བུའི་སྔོམ་པ་བསྟན་པར་བྱ། དེ་ནས་སློབ་མ་དེས་གཟུགས་ལ་སོགས་པ་དང་ལྡན་པའི་རིག་མ་ལེགས་པར་བསླབས་པ་ལོ་བཅུ་དྲུག་ལོན་པ་བླ་མ་ལ་ཕུལ་ནས་བླ་མ་ཆེན་པོ་ལ་གསང་བའི་དབང་ནོད་དུ་གསོལ་བ་གདབ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཁྱོད་ནི་སངས་རྒྱས་ཀུན་གྱི་བདེ་བ་བསྒྲུབ་པ་སྟེ། རྣམ་དག་བྱང་ཆུབ་སེམས་དཔའ་བདེ་བ་རྒྱ་ཆེན་པོས་སྲས་སུ་བཅས་པའི། །ཡུན་རིང་སྟོང་ཉིད་བསྒོམས་པས་བདག་ནི་ཤིན་ཏུ་གདུངས། །དཀའ་བའི་ཡིད་འོང་དོན་ཆེན་འདོད་པ་བདག་ལ་བསྐྱབ་ཏུ་གསོལ། །ཀྱེ་འདོད་ཆགས་དེ་ནི་དྲི་མེད་ཀུན་དུ་བཟང་པོའི་སྤྱོད་པ་སྟེ། །དག་པའི་འདོད་ཆགས་རྡོ་རྗེ་དམ་ཚིག་ལ་ནི་ཕྱེད་མཛད་ནས།། དཀའ་བ་རྣམ་པ་དྲུག་ལ་སྤྱོད་པས་ཤིན་དུ་གདུངས་མཛད་པའི། །རབ་ཏུ་དགྱེས་པ་དབང་འདོད་པའི་བདེ་བ་ཉེད་ཀྱིས་འཇོམས་པར་མཛད། །རྣམ་དག་རྡོ་རྗེ་ལས་བྱུང་བ་ཡི་ཡེ་ཤེས་ཆུ། །རིན་ཆེན་འབར་བ་བྱང་ཆུབ་སེམས་ཡིད་རྣམས་ཕྱུང་ནས། །རྒྱལ་བ་རྣམས་ཀྱི་དབུ་ནི་སྐམ་པ་ལས། །དྲི་མེ་རིན་ཆེན་ཆར་གྱི་སྤྱི་བོར་དབང་བསྐུར་མཛོད། །མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པས། །པདྨའི་གནས་སུ་རྡོ་རྗེ་མཛོད་གཏོང་བ། །སྣ་ཚོགས་སེམས་དཔའ་སེམས་ཅན་རླན་གྱུར་པ། །སྦྱོར་བ་གཞན་གྱོན་མ་རྟོགས་བཤད་པར་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་དབང་མཆོག་བདེ་བྱེད་པ་པོ། །རྡོ་རྗེ་པདྨོ་ཆེ་བའི་ཚུལ་གྱིས་སྦྱོར་མཛད་དེ། །རྒྱུ་བ་ཀུན་གྱི་གཟུགས་ཀྱི་སྐུ་ནི་རབ་བསྟན་ནས། །ཐམས་ཅད་བདེ་བར་སྒྲུབ་པ་ཉིད་ཀྱིས་བདག་ལ་མཉེས་པར་མཛོད། །ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་བྱིན་གྱིས་བརླབ་པ་ཡང་བྱས་ཏེ་ཞེས་པ་ནི་འབྲིང་པོའི་བསྙེན་སྒྲུབ་བཞི་དང་ལྡན་པར་བྱ་སྟེ། །རྡོ་རྗེ་དང་པདྨ་དག་པར་བྱས་ནས་ཡང་དག་པའི་སྦྱོར་བ་བྱ། །དེ་ནས། ཐུགས་དབང་དེ་ནི་རྡོ་རྗེ་དཀྱིལ། །ཡང་དག་ཐིམ་ནས་ཞེས་པ་ནི། །ས་བོན་གྱིས་ནི་བསྐུལ་བ་ཡི། །ཐུགས་དབང་ཞུ་བའི་རྗེས་འགྲོ་བ། །རིགས་ནི་བརྟགས་པར་བྱས་ནས་ཀྱང༌། །སློབ་མའི་


DTG043_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རུ་དབབ་པར་བྱ། །ཞེས་པ་བླ་མས་བསྟན་པ་ལྟར་ཤེས་རབ་ཀྱི་བྱེ་བྲག་གིས་དབབ་པར་བྱའོ། །དེ་ནས་སློབ་མ་རྣམ་བར་སྣང་མཛད་ཀྱི་ངོ་བོར་གནས་པས་ཀྱང་དེ་བཞིན་གཤེགས་པ་ཞུ་བའི་བདག་ཉིད་དུ་ཤེས་པར་བྱས་ནས་བཏུང་བྱར་བྱའོ། །སྣང་སྲིད་དུ་སྣང་བ་ཐམས་ཅད་ཀྱང་དེ་ཡིན་པར་ཤེས་པར་བྱའོ། །ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་པར་བྱའོ། །དེ་ནས་བླ་མའི་ཞལ་ནས་བརྒྱུད་པའི་རྣལ་འབྱོར་པ་གསུམ་པ་ལ་རྡོ་རྗེ་བཟླས་པས་སྒྱུ་མ་ལྟ་བུའི་སྐུའི་ངོ་བོར་བསྟན་པར་བྱའོ། །སློབ་མས་ཀྱང་བསྟོད་པ་སྣ་ཚོགས་པས་བསྟོད་པར་བྱའོ། །དེ་ཁོ་ན་ཉིད་གསུམ་པའོ། །ད་ནི་དེ་ཁོ་ན་ཉིད་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ། དཔལ་ལྡན་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ་དེ་ལྟར་རིག་པའི་དབང༌། ཕྱིར་མི་ལྡོག་པའི་དབང་ཐོབ་པ་སློབ་མ་གཞི་དག་པར་བྱས་པ་དེ་ལ་རང་རིག་ཆོས་སྐུ་གསལ་བར་བསྟན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མར་བྱིན་གྱིས་བརླབས་པ་བརྒྱན་པ་ཇི་སྐད་གསུངས་པ་དེ་ལག་ཏུ་སྦྱིན་པར་བྱའོ། །དེ་ནས་སྔ་མ་ལྟ་བུའི་སྡོམ་པ་དང་ཁྱད་པར་གྱི་སྡོམ་པ་སློབ་མ་ལ་བསྟན་པར་བྱས། དེ་ནས་དེས། ཀྲི་ཏ་མུ་ཙ་ཧེ་ཧེ་བ་ཅ་བི་ཏྲ་མུ་ཧི་དྷ་བྷ་ཀྵ་རཀྟཾ་ཤུ་ཀྲ་ཏ་ཐཱ་མཱཾ་སཾ་སྟྭཾ་ནཾ་བྷ་ཀྲ་ཏིཥྛ། བརྩེག་མ་ནཾ་བར་མ་ས་བུ་ཧི་བྷ་རྩ་ཡ་ཐཱ་ས་ག་མི་ཏི་ཞེས་བརྗོད་པ་དང་དེས་བཞད་གད་དང་བཅས་པར་སྨྲས་པ། ཀྲིཉྩ་པི་ནོ་ཏ་ཧེ་དེ་བ་ཤ་ཀཾ་ཀ་དྷི་བཀྵི་ནཾ། ཀརྫེ་བྷ་ག་ཧི་ས་ཏི་ཧྲི་ནཾ་ཙུམྦ་ནཾ་བྷ་ག་མོ་བ་ཙ་ཞེས་ལན་གདབ་པར་བྱའོ། །དེ་ནས་ཡང་གོན་པའི་ག་ཤ་ཕུད་ནས་པདྨ་གསལ་བར་བསྟན་ཏོ་ཞེས་བརྗོད་དོ། །ཨེམ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་དང་ལྡན་པའི། །གང་གི་ཆོ་ག་སྦྱིན་བྱེད་ན། །དེ་ཡི་མདུན་ན་རྟག་པར་གནས། །དོན་བྱེད་པདྨ་དམ་པ་འདི། །སངས་རྒྱས་རྣམས་ཀྱིས་བཀུར་བའི་གནས། །བདེ་ཆེན་རྒྱལ་བའི་རང་བྱུང་ནི། །དེ་ནང་རྟག་ཏུ་བཞུགས་པ་ཡིན། །བྷ་ག་བྷོ་ཀྵ་ཧོ་ར་ཏི། །དེ་ནས་བླ་མའི་མན་ངག་གིས་ནང་ན་གནས་པའི་རྩ་བའི་འཁོར་ལོ་བསྐུལ་ནས། སོར་མོ་ལ་སོགས་པ་བླ་མའི་མན་ངག་གིས་ཤེས་པར་བྱ་སྟེ། ས་བཅུ་དང་ལྡན་པ་དེ་ལ་འཁྱུད་པར་བྱའོ། །བསྒྲུབ་བྱ་སྒྲུབ་པོ་སྦྱར་བ་དག །དེ་ནི་བརྙེས་པ་ཞེས་སུ་གསུངས། །རྡོ་རྗེ་པདྨོ་སྦྱོར་པ་གང༌། །ཉེ་བར་སྒྲུབ་པ་ཞེས་སུ་འདོད། །


DTG043_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་དང་ཕཊ་དང་ལྡན་པར་ནི། །བསྒྲུབ་པ་སྒྲུབ་པར་གསུངས་པའོ། །རང་བཞིན་ཉིད་བདེ་ཞི་བར་ནི། །སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཞེས་སོ། །དེ་བས་ན། ཉམས་སུ་མྱོང་ཞིང་བདེ་བ་དེ། །རྡོ་རྗེ་སྐྱིལ་མོ་ཀྲུང་གནས་སེམས། །ནོར་བུའི་བར་དུ་མཐོང་བར་བྱ། །ཞེས་སོ། །བདེ་བ་དེ་གནས་ན་འདོར་རོ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཞེས་བརྗོད་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྡན་པར་མཐོང་ནས་རང་གི་སྙིང་ག་ནས་གཏི་མུག་དགའ་མ་ལ་སོགས་པ་སྤྲོས་ནས་སློབ་མའི་སྙིང་གར་གཞུག་པར་བྱའོ། །དེས་ཀྱང་པདྨ་རཱ་ག་ལ་སོགས་པ་སྣ་ཚོགས་པས་མཆོད་པར་བྱའོ། །པདྨ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཅན་གྱི་ལྕེས་བླང་བར་བྱའོ། །ཨོཾ་བཛྲ་ཨམོ་ཀྵོ་ཧོ། །ཤེས་རབ་ཡེ་ཤེས་སོ། །དེ་ནས་དེས་རྒྱས་བཏབ་ནས་དབང་བསྐུར་བ་རིན་པོ་ཆེ་བཞི་བླ་མའི་མན་ངག་གིས་མཁའ་གཉིས་ཀྱི་སྦྱོར་བའི་བཤད་པ་སྦྱིན་པར་བྱ་སྟེ། བསམ་པ་བརྟན་པ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའོ། །གཞན་ལ་མ་ཡིན་ཏེ། དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ཕྲིན་ལས་བསྟན་པར་བྱས་ནས། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་དབང་གི་དམ་ཚིག་དང་སྡོམ་པ་དེ་ཉིད་བསྟན་པར་བྱའོ། །དེ་བས་ན་བཀའ་སྩལ་ཏེ་ཞེས་སོ། །དེ་ཇི་ལྟར་བྱང་ཆུབ་ཅེས་པ་ལ་སོགས་པའོ། །དེ་ལ། དེ་ལས་གཞན་ཡང་དམ་ཚིག་གསུངས། །ཞེས་པ་ནི་ལྟུང་བྱེད་དང་སྦོམ་པོའི་ལྟུང་བྱེད་དོ། །དཀོན་མཆོག་མ་བཞིན་པའི་ཞེས་པ་ནི་ལེའུ་དགུ་ལ་སོགས་པའི་རིམ་པས་ཞེས་སོ། །རྣལ་འབྱོར་རྒྱུད་ཅེས་པ་ནི་འདི་ཉིད་དོ། །དེ་ལས་གསུངས་པ་ཁྱད་པར་གྱི་སྡོམ་པ་སྟེ། གླེགས་བམ་བཀླག་པ་ལ་སོགས་པའོ། །དེ་དག་ཀྱང་ཆོག་བཞིན་དུ་གསུངས་ཞེས་སོ། །དེ་ནས་སློབ་མ་དེས་པུས་མོ་བཙུགས་ཐལ་མོ་སྦྱར་ནས་གནས་པ་ལ་དེའི་སྤྱི་བོར་གཡོན་པའི་ཕྱག་བཞག་ནས་རིག་མའི་བརྟུལ་ཞུགས་སྦྱིན་པར་བྱའོ། །བདག་གིས་དེ་རིང་ཡང་དག་བཤད། །སྒྲུབ་པ་པོ་ལ་རིག་མ་སྦྱིན། །བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཕྱིར། །དེ་བཞིན་གཤེགས་རྣམས་མཁྱེན་པར་གསོལ། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་བས་འདིར་ནི་རིག་མའི་མཆོག །ཐམས་ཅད་ཆོས་ནི་གཉིས་མེད་དེ། །སྣང་བ་གཉིས་ཀྱིས་མཚོན་པ་ཡིན། །དེ་བས་


DTG043_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་འཁོར་བ་རུ། །ཁྱེད་ཀྱིས་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་ཆེན་གང་ཞིག་འདའ་བྱེད་ན། །དེ་ལ་དངོས་གྲུབ་མཆོག་ནི་མེད། །རིག་མའི་བརྟུལ་ཞུགས་ཆོ་གའོ། །ལུང་བསྟན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དེ་བཞིན་གཤེགས་གྱུར་ནས། །ཞེས་པ་ནི་བདག་ཉིད་སྐད་ཅིག་གིས་ཡི་གེ་ཨ་ལས་ཤཱཀྱ་ཐུབ་པའི་སྐུར་གྱུར་ཏེ་ཞེས་སོ། །མཆོག་སྦྱིན་ཚུལ་གྱིས་ལུང་བསྟན་བྱ། །ཞེས་པ་ནི་ཕྱག་རྒྱ་དེ་ཁོ་ནས་སོ། །དེ་དངོས་གང་ཞེ་ན་སྙིང་གར་ཁུ་ཚུར་གཡོན་གྱིས་སློབ་མའི་བར་གྱི་མཐར་གསུང་སྟེ་གསང་བའི་མཆོག་སྦྱིན་པའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ལུང་བསྟན་པར་བྱའོ། །བདེ་གཤེགས་ཀུན་གྱི་ལུང་བསྟན་ཡིན། །ཞེས་པ་ནི་སློབ་དཔོན་ནམ་རྡོ་རྗེ་འཛིན་པ་ལ་སོགས་པའོ། །བཀའ་ལུང་གནང་བའི་དབང་བསྐུར་བ་གསུངས་པ་ཇི་ལྟ་ཇི་ལྟར་ཞེས་པ་ལ་སོགས་པའོ། །དེ་ལ་དག་པ་ཞེས་པ་ནི་ཐ་མལ་པའི་འདོད་ཆགས་ལ་སོགས་པ་དག་པས་སེམས་ཅན་གྱི་དོན་བྱ་ཞེས་སོ། །རང་རིག་བྱ་བ་གསུངས་པ་ཉིན་རེ་ཞེས་པ་ལ་སོགས་པའོ། །བསྒྱུར་ནས་འགྲུབ་ཅེས་པ་ནི། གྲུབ་པའི་མཚན་མ་རྙེད་ནས་ཇི་སྐད་གསུངས་པ་བཞིན་དུ་འགྲུབ་ཅེས་སོ། །འབྲས་བུ་གསུངས་པ་མི་སྣང་ཞེས་པ་ལ་སོགས་པའི་སྟེ། དེ་ལ། འགྲོ་ཀུན་གཙོ་པོ་རྡོ་རྗེ་ཅན། །ཞེས་པ་ནི་ཕྱག་རྒྱ་ཆེན་པོ་སྟེ་ཕྱོགས་མ་ཆད་པའོ། །དེ་ལས་གཞན་ཞེས་པ་ནི་རྒྱ་མཚོ་ཆག་པ་ལ་སོགས་པའོ། །དེ་དག་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་ལ་རྗེས་སུ་ཆགས་པས་འགྲུབ་པ་ལ་སོགས་པའོ། །དེ་ཉིད་གསུངས་པ་རྡོ་རྗེ་བདག་པོ་ཞེས་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཡུལ་རྣམས་བསྟན་པ་བྱང་ཆུབ་ཐོབ་ཅེས་སོ། །དེ་བས་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བ་གསུངས་པ་སྟེ། ཆོ་ག་བཞིན་ཞེས་པ་ནི་མན་ངག་གི་རིམ་པས་ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ་སྔ་མ་ལྟ་བུའི་ཀུན་མཁྱེན་ཞེས་བྱ་བ་སོགས་པས་གསོལ་བ་གདབ་པའི་སློབ་མ་ལ་བརྒྱུད་པ་དང༌། ཉན་པ་དང་མཆོག་དང་ཐུན་མོང་སྒྲུབ་པ་དང༌། དབང་བསྐུར་བ་ལ་སོགས་པའི་རྒྱུད་སོམ་ཉིར་གྱུར་པ་


DTG043_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བསྟན་ཏོ། །ཐམས་ཅད་སྣང་བའི་དབང་སྦྱིན་ནོ། །ཞེས་སོ། །དབུགས་ད་བྱུང་བའི་དབང་གསུངས་པ་ཅི་བཞིན་ཞུགས་པའི་ཞེས་པ་ལ་སོགས་པའོ། །དེ་ལ་བསྔགས་པར་འདོད་པ་རྣམས་ལ་ཞེས་ཡོན་ཏན་བརྗོད་པར་འདོད་པ་རྣམས་ལ་འོག་ནས་བྱུང་བའི་ཚིག་གིས་དབྱུགས་དབྱུང་ཞེས་སོ། །དམ་ཚིག་གསུམ་ཞེས་པ་ནི་རྡོ་རྗེ་ལ་སོགས་པའོ། །ཆོ་ག་སྦྱིན་ཞེས་པ་ནི་འདིར་ནི་མན་ངག་གི་རིམ་པས་ཇི་ལྟ་བཞིན་དུ་སྦྱིན་ནོ་ཞེས་སོ། །བསྔགས་པ་དངོས་གང་ཞེ་ན། གསང་བའི་མཆོག་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། ཁྱེད་རྣམས་འགྲོ་བར་ཤོག་ཅིག་ཅེས་པའི་བར་གྱིས་རྡོ་རྗེ་འཛིན་པའི་ས་ལ་དབུགས་དབྱུང་བར་བྱའོ། །དེ་ནས་ཤིན་ཏུ་ཁོ་ནར་གནས། །ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པར་གནས་པའོ། །སྲིད་པ་ཤིན་ཏུ་དག་པ་སྟེ། །ཞེས་པ་ནི་དུས་དེ་ནས་བཟུང་སྟེ་ཁྱེད་ཀྱི་སྲིད་པ་ནི་ཤིན་ཏུ་རྣམ་པར་དག་པའོ་ཞེས་སོ། །དམ་ཚིག་རྡོ་རྗེ་ལྡན་པ་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །དེའི་ཁྱད་པར་གསུངས་པ་རིག་མ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཕྱག་རྒྱ་ནི་རང་གི་ལྷའོ། །དམ་པའི་ཆོས་ནི་སྨོད་མི་བྱ། །ཞེས་པ་ལ་སོགས་པས་ནི་སེམས་ཀྱིས་ཀྱང་མི་རུང་ནས་གཞན་ལྟ་ཅི་སྨོས་ཞེས་སོ། །དད་པ་མེད་པས་དེ་རྣམས་དོན་མེད་པར་བསམས་ནས་ཡལ་བར་བྱ་བ་མ་ཡིན་ནོ། །མ་རིག་པ་ཞེས་བྱ་བ་ནི་མ་ཐོས་པའོ། །གཏི་མུག་གིས་ཞེས་བྱ་བ་ནི་མ་བསམས་པའི་དབང་གིས་མ་དྲན་པའོ། །རང་དབང་ཞེས་པ་ནི་རྡོ་རྗེ་འཛིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་ལས་བྱུང་བའི་ཕྱག་རྒྱ་སྔགས་དང་ཡེ་ཤེས་ཀྱི་སྐུའོ། །ཉིད་ལས་བྱུང་ཞེས་པ་ནི་གཞན་ལ་བརྟེན་པ་དང་འདྲ་ཡང་རང་གི་དེ་ཁོ་ན་ཉིད་རྟོགས་པ་ལས་བྱུང་ངོ་ཞེས་སོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ཞེས་པ་ནི་གོང་མ་ལྟ་བུའི་དམ་ཚིག་གསུམ་མོ། །སྤང་བར་བྱར་མི་རུང་ཞེས་པ་ནི་སྐོམ་པས་ངལ་བའི་དབང་གིས་མི་སྤང༌། སྨོད་བྱེད་ན་ཞེས་པ་ནི་མ་དྲན་པ་ལ་སོགས་པས་སོ། །རྗེས་སུ་རིགས་པས་ཞེས་པ་ནི་རང་གི་དབང་གི་རྗེས་སུ་མཐུན་པར་ཞེས་པའོ། །རང་གི་དམ་ཚིག་ཅེས་པ་ནི་རང་གི་ལྷའི་སྐུའོ། །དམ་ཚིག་ལྷ་དང་མཉམ་པར་དུ། །ཞེས་པ་ནི་རང་གི་ལྷ་དང་གཅིག་ཁོ་ན་སྟེ་སོམ་ཉི་མི་བྱའོ། །དེ་དག་ཀུན་མཛོད་ཅིག་ཅེས་པ་


DTG043_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གོང་དུ་གསུངས་པ་རྣམས་སོ། །འགྲོ་བའི་བདེན་པ་ཞེས་པ་ནི་ཆུང་བ་དང་མི་བརྟན་པ་དང་ཡུན་རིང་པོར་གནས་པ་ལས་དེ་ཉིད་བསྒོམས་པའི་སྟོབས་ཀྱིས་དག་པ་སྟེ། རྡོ་རྗེ་སེམས་དཔའ་དང་འདྲ་ཞེས་པ་ནི་དེ་དང་ངོ་གཅིག་ཏུ་གྱུར་པ་དེ་ལ་ཁྱེད་རྣམས་གྲོལ་བར་ཤོག་ཅེས་སོ། །དེ་ནས་སྔར་བསྟན་པའི་བཀའ་ལུང་ཀུན་སྣང་བའི་དབང་ཡང་སྦྱིན་ནོ། །དེ་ལྟར་དབང་ཐམས་ཅད་བསྐུར་ནས་དམ་པ་ལ་གུས་པ་དང་ལྡན་པས་སློབ་མ་རྣམས་ཀྱིས་བླ་མ་ཆེན་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། །ཇི་ལྟར་རྗེས་མཐུན་གྱི་བཀའ་སྩལ་པ་ལྟར་བདག་ཅག་གིས་ཀྱང་དེ་ལྟར་བྱའོ་ཞེས་བླ་མའི་མདུན་དུ་གསོལ་བར་བྱའོ། །ད་ནི་དཀྱིལ་འཁོར་བསྡུ་བའི་ཆོ་ག་གསུངས་པ། འབྱོར་པ་ཞེས་པ་ལ་སོགས་པའོ། །སོ་སོ་རེ་རེ་ཞེས་པ་ནི་སློབ་མ་དེ་དག་འབྱོར་པ་ཡོད་ན་རང་གི་སྡིག་པ་ལ་སོགས་བཞི་བར་བྱ་བའི་ཕྱིར་གོང་ནས་གསུངས་པ་ལྟ་བུའི་སྦྱིན་སྲེག་རེ་རེ་བྱའོ་ཞེས་སོ། །ཡང་ན་ཐབ་གཅིག་ཁོ་ནར་མི་འགལ་ལོ། །ཇི་ལྟར་བྱ་སྟེ་ལག་པ་གཡོན་གྱིས་ཞེས་ཏེ་བླ་མའི་ལག་པ་གཡོན་གྱིས་སློབ་མའི་ལག་པའི་མཐེའུ་ཆུང་བཟུང་སྟེ་བསྐོར་ཞིང་གོང་མའི་ཆོ་གས་ཞི་བར་བྱའོ་ཞེས་སོ། །གྲངས་གསུངས་པ་ལྟ་བུའི་ལུགས་གསུམ་མམ་བདུན་ནམ་གཅིག་ཅེས་སོ། །ས་བདག་དང་ཕྱོགས་སྐྱོང་བ་ལ་སོགས་པ་བཞི་བར་བྱ་བའི་སྦྱིན་སྲེག་གསུངས་པ། རྒྱལ་པོ་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། གོང་གི་ཐབ་དེ་ཉིད་དུ་ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས་ཕྱོགས་སྐྱོང་ལ་སོགས་པར་ཞི་བའི་དོན་དུ་སྦྱིན་སྲེག་བྱས་ནས་གསོལ་བ་གདབ་པར་བྱའོ། །དེ་གང་ཞེ་ན་སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པར་ཁྱེད་ཀྱིས་གྲོགས་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །ད་ནི་སྤྱོད་ལམ་ལ་སོགས་པས་མཉེས་པར་བྱ་བ་གསུངས་པ། གང་དེ་ལྷག་པར་ཞེས་པ་ལ་སོགས་པའོ། །ཟས་དང་ཞེས་པ་ནི་ཆད་ལ་སོགས་པའོ། །སྤྱོད་ལམ་ཞེས་པ་ནི་སྡོམ་བ་མཆོག་ལ་སོགས་པ་ལས་གསུངས་པའི་གླུ་དང་གར་ལ་སོགས་པའོ། །བདག་གཞན་ཞེས་པ་ནི་སློབ་དཔོན་དང་གྲོགས་པོ་ལ་སོགས་པས་ཤེས་སོ། །


DTG043_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་ནི་འདི་ལྟ་སྟེ། སྦྱིན་སྲེག་བྱས་པའི་དེ་མ་ཐག་པ་འདིར་བླ་ན་ཡོད་པ་ལ་སོགས་པའི་མཆོད་པ་དང༌། བཟའ་བཏུང་དང་གླུ་གར་ལ་སོགས་པ་མཆོད་པ་དང་བདག་དང་ལྷའི་དཀྱིལ་འཁོར་སྣ་ཚོགས་དམ་པའི་མཆོད་པས་ཚིམ་པར་བྱས་ཏེ་བསྡུ་བར་བྱ་ཞེས་བྱ་བར་སྦྱར་རོ། །སྐལ་ལྡན་སློབ་མས་བཟུང་ནས་སུ། །ཞེས་པ་ནི་སྐལ་བ་དང་ལྡན་པའི་སློབ་མ་ལས་གཞན་ལ་སྨྲར་མི་རུང་བའི་དོན་མནས་བསྒགས་ཏེ་བསྟན་ཏོ། །དེ་ནས་གཞུག་པ་ཐམས་ཅད་ཀྱིས་ཀྱང་བླ་མ་ཆེན་པོ་ལ་ཕྱག་བྱས་ནས་མངོན་པར་བསྟོད་དེ་ཕྱིར་ཕྱུང་བར་བྱའོ། །མཐའ་མར་མུཿ་གཞུག་ཡིག་གསུམ་གྱི་ནི། སྔགས་ཀྱིས་ཉེ་བར་བསྡུ་བར་བྱ། །ཞེས་པ་ནི་ཐམས་ཅད་རྫོགས་ནས་མཆོད་པ་ལ་སོགས་པ་བྱ་སྟེ། ཨོཾ་ཨཱཿཧཱུཾ་མུཿཞེས་པའི་སྔགས་ཀྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གཤེགས་སུ་གསོལ་ལོ། །བསྡུ་བར་བྱ་ཞེས་པའི་ཚིག་གིས་ནི་ཨོཾ་ཨཱཿཧཱུཾ་ཞེས་པ་དམ་ཚིག་གི་དཀྱིལ་འཁོར་བདག་གི་ཐུགས་ཀར་བསྡུའོ་ཞེས་སོ། །ཨ་ཀཱ་རོ་ལ་སོགས་པས་ཞེས་པ་ནི་ཆོས་ཉིད་ཀྱི་བདེན་པ་བརྗོད་པ་སྟེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུ་ཏྤ་ནྣ་ཏྭཱཏ་ཅེས་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ནམ་མཁའ་དང་འདྲ་བ་སྟོང་པ་ཉིད་དུ་བསྒོམས་ནས་བསྡུ་བར་བྱའོ་ཞེས་སོ། །དཀྱིལ་འཁོར་ལ་སོགས་པའི་ནོར་གཞན་གྱིས་བསྐུར་མི་རུང་བར་བསྟན་པ། ཁུང་བུ་གང་བར་ཞེས་པ་ལ་སོགས་པའོ། །དེ་ནས་ནི་གོང་ནས་གསུངས་པ་འདི་ལས་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ་ཡིན་ནོ། །གཞན་རྣམས་ཀྱིས་མ་ལུས་པར་འདིར་ཅི་རིགས་པར་སྦྱར་རོ་ཞེས་སོ། །ད་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ། ཅུང་ཟད་ཅེས་པ་ལ་སོགས་པའོ། །དེ་ལ་ཁྱེའུ་དང་བུ་མོ་བཅུ་གཉིས་པ་ཞེས་པ་ནི་དབབ་པའི་སྣོད་དེ། དེ་ལ་ཉོན་མོངས་པའི་རིགས་ཀྱི་སྐྱོན་གྱིས་མ་གོས་པའི་ཕྱིར་རོ། །མཆོད་གནས་ཞེས་པ་ནི་གཉིས་གཉིས་པར་བྱས་ནས་དེས་དཀྱིལ་འཁོར་བྲི་བར་གཞུག་ཅེས་ཏེ་ཐིག་དང་རྡུལ་ཚོན་ལ་སོགས་པ་བྱེད་དུ་གཞུག་པའོ། །སྣོད་དེ་ལ་དངོས་གང་དབབ་ཅེ་ན།


DTG043_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་ཞེས་པ་ལ་སོགས་པའོ། །ཐུགས་ཀྱི་གནས་སྐབས་སུ་མི་བསྐྱོད་པ་ཁྱེའུར་བུ་མོ་ལ་མཱ་མ་ཀཱི་དབབ་ཅེས་སོ། །དེ་ལྟར་ཕྱི་མ་ལ་ཡང་སྦྱར་ཞེས་སོ། །དབབ་པ་དེའི་ཡོན་ཏན་བརྟགས་པ་གསུངས་པ་སེམས་ཅན་གང་ཞེས་པ་ལ་སོགས་པའོ། །དབབ་པའི་ལྷས་བྲིས་པ་ནི་རྨད་དུ་བྱུང་བ་ཞེས་ཏེ་ཁྱད་པར་དུ་འཕགས་པ་ཞེས་སོ། །གཞན་མ་ནི་གོ་སླའོ། །སློབ་མ་གཞུག་པ་ཞེས་པ་ལ་སོགས་པ་ནི་ལས་དང་པོ་པ་བཞིན་དུ་བྱའོ། །དེ་གསུངས་པ། སློབ་དཔོན་སློབ་མའི་ཆོ་ག་ནི། །སྔོན་བཞིན་བསམ་གཏན་ཁོ་ནས་གནས། །ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ། གོང་དུ་སྨོས་པ་ལྟ་བུས་ཞུགས་པ་འམ། བདག་དངོས་གྲུབ་ཀྱི་མཚན་མ་མཉེས་པས་འཛབ་བཟླས་པ་བྱས། ས་དག་པར་བྱ་བའི་མཆོག་ལ་སོགས་པ་བྱ་སྟེ། ཇི་སྐད་གསུངས་པའི་ཁྱེའུ་དང་བུ་མོ་ཁང་པར་བཅུག་སྟེ་སྒོ་བཅད་ནས་ཆོ་ག་ཇི་ལྟ་བ་བཞིན་དུ་ཕབ་སྟེ་དེ་གཉིས་སློབ་དཔོན་དང་སློབ་མའི་ངོ་བོས་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང་ཕྱག་རྒྱ་བཀོད་པ་ཇི་ལྟ་བ་བཞིན་དུ་བྱ་སྟེ་ལྷ་གཤེགས་སུ་གསོལ་ནས་དེ་གཉིས་སླར་བཏང་སྟེ། དེ་ནས་བདག་ནི་ལྷ་གནས་པའི་བསམ་པས་སྦྱོར་བ་ལ་སོགས་པ་སྔ་མ་ཁོ་ན་བཞིན་དུ་བྱའོ། །དེ་སློབ་མ་གཞུག་པ་དབང་བསྐུར་བ་ཡང་སྔ་མ་ཁོ་ན་བཞིན་དུ་བྱའོ་ཞེས་སོ། །དངོས་གྲུབ་ཀྱི་མཚན་མ་མ་རྙེད་པ་ཞིག་ན་ལྷས་དབང་བསྐུར་བའི་ཆོ་གཡན་ཆད་ཀྱིས་བདག་ཞུགས་ཏེ། རྒྱུད་ལས་ཇི་སྐད་གསུངས་པ་བཞིན་དུ་ཐུན་མོང་གི་དངོས་གྲུབ་མཚན་མ་ཐོབ་པའི་བྱེ་བྲག་གིས་ཅི་རིགས་པར་བསྒྲུབ་པར་བྱའོ་ཞེས་སོ། །ད་ནི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་བསམ་གཏན་གྱི་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ། སེམས་ཉིད་ཁོ་ན་ཞེས་པ་ལ་སོགས་པའོ། །སེམས་ཉིད་ཁོ་ན་ཞེས་པ་ནི། ཕྱིའི་བྱ་བ་ལ་ལྟོས་པ་མེད་པ་ཁོ་ནར་ཞེས་པའི་དོན་ཏོ། །ཡེ་ཤེས་དབང་དུ་ཐོབ་པ་ཞེས་པ་ནི་འདི་ལྟ་སྟེ། དེའི་བྱིན་རླབས་ཀྱིས་མཐོང་བ་སྟེ་ཞེས་སོ། །བཙུད་ནས་འདི་ན་གནས་པའི་མཐའ། །ཞེས་པ་ནི་བསམ་གཏན་གྱི་དཀྱིལ་འཁོར་དེར་སྐལ་བ་དང་ལྡན་པ་བཙུད་ནས་བཀའ་ལུང་སྣང་བའི་མཐར་ཐུག་


DTG043_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་གྱིས་དབང་བསྐུར་བར་བྱའོ་ཞེས་སོ། །རྨི་ལམ་ལྟར་འདོད་ཤིན་ཏུ་གསལ། །ཞེས་པ་ནི་ཅུང་ཟད་མི་གསལ་བའི་དཔེ་བསྟན་པ་ཡིན་ཏེ། དེ་སྒྱུ་མ་ལྟ་བུའི་ལྷའི་སྐུ་རང་དང་གཞན་གྱིས་མཐོང་བ་དེ་ཡང་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ་རྨི་ལམ་ལ་སོགས་པ་བཞིན་ནོ་ཞེས་སོ། །སེམས་ཀྱི་སྐུ་གཟུགས་བསྟན་པའི་ཕྱིར། །ཞེས་པ་ནི་ནང་གི་བཟླས་པའི་རིམ་པས་ཉིན་མཚན་དུ་རང་ཉིད་ཟློས་ཏེ། སྒྱུ་མ་ལྟ་བུའི་ལྷའི་གཟུགས་སུ་བསྟན་པའི་ཕྱིར་རྣལ་འབྱོར་པ་སྟེ་མཆོག་ནི་ཞེས་བྱའོ། །དེའི་དོན་ནི་འདི་ལྟ་སྟེ། གོང་དུ་སློབ་མ་རྣམས་ལ་སྣོད་དུ་རུང་ཞིང་སྦྱོར་བ་ལ་རྣམ་པར་གནས་པ། ཡུལ་རྣམས་ལ་ཞེན་པ་དང་བྲལ་བ་རྣམས་ཀྱིས་ཞུས་པའི་དོན་དུ་དཀྱིལ་འཁོར་སྒྱུ་མ་ལྟ་བུ་བསམ་གཏན་གྱིས་རྫོགས་པར་བྱ་སྟེ། ཁྱད་པར་ཅན་གྱི་སློབ་མ་དེ་དེར་བཅུག་སྟེ་ཆུ་ནས་ཐམས་ཅད་སྣང་བའི་མཐར་ཐུག་པའི་དབང་བསྐུར་བར་བྱའོ་ཞེས་སོ། །དེ་ལས་གཞན་པའི་སློབ་མའི་བྱ་བ་ལ་མངོན་པར་ཞེན་ཅིང་བློ་གྲོས་དམན་པ་དེར་འཇུག་པར་མི་ནུས་པ་རྣམས་ལ་ཅུང་ཟད་ཡེ་ཤེས་ཀྱི་དབང་དུ་གྱུར་པའི་རྣལ་འབྱོར་པ་ལྟར་གཟུགས་བརྙན་དུ་བྲིས་ནས་དབང་བསྐུར་བ་ལ་སོགས་པ་བྱའོ་ཞེས་སློབ་དཔོན་སྔ་མ་པའི་ཞལ་སྔ་ནས་བཤད་དོ། །དེ་ལ་གཞན་རྣལ་འབྱོར་པས་འདིས་དངོས་གྲུབ་ཆེན་པོ་ལ་སོགས་པའི་མཚན་མ་རྙེད་ནས། སྣོད་ལ་དབབ་པའི་ལྷས་བྲིས་པའི་དཀྱིལ་འཁོར་ལ་གནས་ནས་ཇི་སྐད་གསུངས་པའི་ལམ་གྱི་རིམ་པས་དངོས་གྲུབ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་སོ། །རྣལ་འབྱོར་གསུམ་གྱི་སྔ་མ་བཞིན། །ཞེས་པ་ནི་སྐུ་ལ་སོགས་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བའི་ཆོ་ག་ནི་གོང་མ་ཁོ་ནར་ཟད་དོ་ཞེས་སོ། །ཕྱག་མཚན་དགོད་པའི་ཁྱད་པར་གསུངས་པ། ཆོ་ག་བསྡུ་བའི་འཁོར་ལོའོ། །དེ་ནས་མི་བསྐྱོད་ཕྱག་མཚན་དགོད། །ཅེས་སོ། །ཅིའི་ཕྱིར་ཞེ་ན། སྐུ་གསུམ་གསང་བ་དག་ཕྱིར་ཞེས་ཏེ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ཡང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར་རོ་ཞེས་སོ། །དེ་བཞིན་དུ་ཁྱད་པར་གཞན་ཡང་ཅི་རིགས་པར་རྟོགས་པར་བྱའོ་ཞེས་སོ། །ད་ནི་རྣལ་འབྱོར་


DTG043_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པ་གསུམ་ཆར་ལ་ཡང་སེམས་ཁོ་ན་གཙོ་བོ་ཡིན་པར་གསུངས་པ་ལས་དང་པོ་པས་ཞེས་བ་ལ་སོགས་པའོ། །ལས་དང་པོ་པ་ནི་དེ་ཉིད་དོ། །ཅུང་ཟད་ཙམ་ཞེས་པ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའོ། །ཡེ་ཤེས་དབང་ཐོབ་ཅེས་པ་ནི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པའོ། །དེ་རྣམས་ཀུན་ཀྱང་སེམས་ཀྱི་ཆོ་ག་གསུངས་ཏེ་ཞེས་པ་ནི་སྔགས་ལ་སོགས་པའི་བྱ་བ་ཙམ་གྱིས་བྱེད་པ་དགག་པའོ། །དེ་བས་ན། སེམས་ཀྱི་ཆོ་ག་དེ་མེད་ན། །དེ་རྣམས་ལ་ནི་འགྲུབ་པ་མེད། །ཅེས་སོ། །དེ་ཉིད་གསུངས་པ་རྡོ་རྗེ་སློབ་དཔོན་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སློབ་དཔོན་དང་སློབ་མ་མཚུངས་པར་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་བདག་གིས་རྟོགས་པར་འདོད་ན། སེམས་ཀྱི་ཆོ་ག་མཆོག་གསུངས་ཞེས་ཏེ་དེ་ལ་བརྟན་པ་ཁོ་ནས་འགྲུབ་པར་འགྱུར་ཞེས་སོ། །ངག་བརྗོད་ཙམ་གྱིས་ཅི་ཡང་མེད། །ཅེས་པ་ནི། ནང་གི་བཟླས་པ་མ་གཏོགས་པར་སྔགས་ལ་སོགས་པ་བཟླས་ཀྱང་མི་འགྲུབ་ཅེས་སོ། །སྤྱོད་པ་ཙམ་གྱིས་སངས་མི་རྒྱ། །ཞེས་སོ། །དེ་ནི་ཡེ་ཤེས་ཀྱི་སྐུ་མ་གཏོགས་པར་བགྲང་ཕྲེང་བགྲང་བ་དང༌། ལག་པའི་ཕྱག་རྒྱ་དང་སྐྱིལ་ཀྲུང་ལ་སོགས་པའི་མཚན་ཉིད་ཀྱིས་སངས་རྒྱས་པ་མ་ཡིན་ཞེས་སོ། །ཐོས་པ་ཙམ་ལས་ཡོད་མ་ཡིན། །ཞེས་སོ། །བླ་མ་དམ་པ་བསྙེན་བཀུར་བ་ལས་བྱུང་བའི་དེ་ཁོ་ན་ཉིད་ཀྱི་གསང་བའི་མན་ངག་བླ་མའི་ཞལ་ནས་མ་ཐོབ་པར་གཞན་ཚིགས་སུ་བཅད་པ་རྐྱང་པ་དུ་མ་ཐོས་པ་ལ་སོགས་པས་ཀྱང༌། ཕྱག་རྒྱ་ཆེན་པོ་མངོན་གསུམ་དུ་མི་མཛད་ཅེས་སོ། །འོ་ན་གང་གིས་ཐོབ་ཅེ་ན། ཅི་ཙམ་སེམས་དཔའ་བརྟན་བྱེད་ན། །ཞེས་ཏེ་ཇི་སྐད་གསུངས་པ་རྣམས་རྟོགས་པར་བྱ་སྟེ། ཐབས་གཞན་གྱིས་བདེ་བར་གསུངས་གསོས་ཏེ། དེ་ནས་དགོན་པ་ལ་སོགས་པ་ཡིད་དུ་འོང་བའི་ས་ཕྱོགས་སུ་གནས་ཏེ། ཇི་སྐད་གསུངས་པའི་འོག་ནས་འབྱུང་བའི་འབྲས་བུ་གསལ་བར་འགྱུར་ཞེས་སོ། །དེ་ཉིད་ཟློས་པའི་ཕྱིར་ཡང་བཀའ་སྩལ་པ། སྔགས་པ་རྣམས་ཀྱིས་གཞག་པར་བྱ། །ཞེས་སོ། །ཅིའི་ཕྱིར་སྤྲོས་པ་མང་པོར་གཞག་ཅེ་ན་སེམས་ལས་ཐུན་མོང་དང་མཆོག་གི་ཁྱད་པར་འགྲུབ་པ་དང༌། སེམས་ལས་རྣམ་པ་


DTG043_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པའི་བྱང་ཆུབ་འབྱུང་བའི་ཕྱིར་དེ་ཁོ་ན་ལ་བློ་རྣམ་པར་བཞག་སྟེ། གཞན་སྤྲོས་པ་མང་པོས་ཅི་ཞིག་བྱ་ཞེས་སོ། །ཇི་སྐད་གསུངས་པ་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཁོ་ནས་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ཉིད་རྣལ་འབྱོར་པ་བཞི་པ་ཡིན་ཏེ། སེམས་དེ་བྱང་ཆུབ་འབྲས་བུ་སྟེ། །ཞེས་པ་ནི་བརྟུལ་ཞུགས་ལ་སོགས་པའི་རིམ་པས་སེམས་དེ་ཁོ་ནས་ཐང་ཅིག་གིས་རྟོགས་པ་དེ་ཉིད་བྱང་ཆུབ་ཀྱི་འབྲས་བུ་ཞེས་སོ། །དེ་དངོས་གང་ཞེ་ན་བླ་ན་མེད་པའི་སངས་རྒྱས་ཞེས་ཏེ། ས་འོག་མ་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་གསུངས་པ། རྡོ་རྗེ་སེམས་དཔའ་དངོས་པོ་ཡིས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཞེས་ཏེ་རྟོགས་པ་དེ་ཉིད་ལས་སྐུ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོས་འགྲོ་བ་རྣམས་ཀྱི་དོན་མཛད་པ་ཡིན་ནོ་ཞེས་སོ། །དེ་བས་ན་གསུངས་པ། དཀྱིལ་འཁོར་གསུམ་གྱི་མཐའ་ཡས་ཁམས། །འགྲོ་བའི་ཕན་དོན་བྱེད་པ་པོ། །ཞེས་པ་དེ་ཉིད་ཀྱིས་གསལ་པོར་མཛད་པ་ཡིན་ལ་དེ་རྣམས་ལོག་མ་ཐག་དེ་ལས་སྲིད་པའི་སྡུག་བསྔལ་གཞན་ཡོད་པ་མ་ཡིན་ཞེས་ཏེ་དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན་ནོ་ཞེས་སོ། །དོན་འདི་ལྟ་སྟེ། རྟག་པ་ལ་སོགས་པ་ལ་གཟུགས་ལ་སོགས་པར་འཁྲུལ་པ་དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན་ནོ་ཞེས་སོ། །ཐབས་དང་ཤེས་རབ་བདག་ཉིད་འདི། །ཞེས་པ་ནི་འོག་ནས་འབྱུང་བའི་ཟབ་མོ་གསལ་བའི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་དུས་དང་གནས་སྐབས་ཐམས་ཅད་དུ་ཁྱབ་པའོ། །དེ་ཡི་གཉེན་པོ་མངོན་སུམ་མཐོང༌། །ཞེས་པ་ནི་དེ་ཉིད་གོང་དུ་སྨོས་པའི་སྡུག་བསྔལ་གྱི་གཉེན་པོར་མངོན་སུམ་དུ་ཤེས་པར་བྱའོ། །གཉེན་པོ་དེ་ཉིད་གསུངས་པ། ཆོས་ཀུན་ཕྱོགས་ལ་ཁྱབ་པའི་ཞེས་ཏེ་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ལ་རྟག་པ་ལ་སོགས་པའི་རྒྱུན་འཇུག་པའི་ཀུན་རྫོབ་ཀྱི་གཟུགས་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་སྣང་བར་བྱས་ཏེ། དེ་གོམས་པས་ཞེས་ཏེ་ཇི་སྐད་གསུངས་པའི་དོན་ལ་གཞོལ་བས་ཟིན་པ་གཉིས་སུ་དབྱེར་མེད་པ་དེས་དུས་ཐམས་ཅད་དུ་དེ་ལ་ཁྱབ་པར་གནས་ཏེ་དེ་ཉིད་གསུངས་པ། ཐོག་མེད་དམ་པའི་འཁོར་ལོར་སྣང༌། །ཞེས་སོ། །རྟོག་པ་ལོག་ནས་སྣང་བྱས་ཏེ། །ཞེས་སྦྲུལ་བཞིན་དུ་སྣང་ལ། མེད་པའི་རྟོག་པ་དེ་ཉིད་ལོག་པར་


DTG043_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་ཐག་པ་ལྟ་བུའི་རྟོག་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་སྣང་བར་བྱས་ཏེ། དེ་གོམས་པས་ཞེས་ཏེ། ཇི་སྐད་གསུངས་པའི་དོན་ལ་གཞོལ་བས་འཁོར་ལོ་དེ་གོམས་པར་བྱས་ནས་དེ་ལྡོག་གོ་ཞེས་ཏེ། གཟུགས་ལ་སོགས་པར་འཁྲུལ་པའི་སྲིད་པའི་སྡུག་བསྔལ་དེ་ལྡོག་གོ་ཞེས་སོ། །གང་ཚོར་བ་གང་གིས་མི་མཐུན་ཕྱོགས། །ཞེས་པ་ནི་གང་གི་ཚེ་ན་རྣལ་འབྱོར་པ་གང་གི་རྒྱུད་ལ་སྲིད་པའི་སྡུག་བསྔལ་བརྫུན་པ་ངོ་བོར་འཁྲུལ་པ་ནི་མི་མཐུན་པའི་ཕྱོགས་སོ། །དེ་ཆོ་དེ་ནི་དེ་ཡིས་འགགས། །ཞེས་ཏེ་དེའི་རྣལ་འབྱོར་པ་དེ་ཐོགས་པ་མེད་པའི་འཁོར་ལོ་བསྒོམས་པས་དེ་ཉིད་འགགས་ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ། རྟོག་པ་ནི་ཕྱོགས་ཀུན་ལ་ཁྱབ་པ་སྟེ་ཐོག་མ་མེད་པ་ནས་བརྟགས་པའོ། །ཟབ་མོ་གསལ་བའི་དཀྱིལ་འཁོར་དུ་སྣང་བའི་ཡིད་ལ་དེ་སྣང་བར་མི་རིགས་ཏེ་གཞི་རྣམ་པར་རྟོག་པའི་ཕྱིར་རོ། །དེ་བས་ན་བདེ་བ་དང་སྡུག་བསྔལ་དུས་གཅིག་ཏུ་མི་མཐུན་པ་བཞིན་ནོ། །འོ་ན་བྱམས་པ་ལ་སོགས་པས་སྡང་བ་ལ་སོགས་པ་འགགས་པ་ལྟ་བུར་མི་འགྱུར་རམ་ཞེ་ན། དེས་ན་གཏན་དུ་བཟློག་བྱས་ཏེ། །ཞེས་པ་ཇི་ལྟ་བ་བཞིན་དུ་བཟློག་པའི་ཕྱིར་རྟོག་པ་རྣམས་གཏན་དུ་དག་སྟེ་དེ་ལྟ་བུའི་སྣང་བ་སྐྱེ་མི་རིགས་ཏེ་དེ་ཉིད་བརྫུན་པ་ཡིན་པའི་ཕྱིར་དེར། རྒྱུ་མཐུན་ཤིན་ཏུ་གོམས་ཕྱིར་རོ། །ཞེས་པ་ནི་ཇི་སྐད་གསུངས་པའི་རིམ་པ་དེས་དེའི་རྒྱུ་ལམ་རྣམ་པར་གོམས་པས་དེ་ཉིད་གསལ་བར་སྣང་བའི་ཕྱིར་ཅིག་ཤོས་སྣང་བར་མི་རིགས་སོ། །དམ་པའི་འཁོར་ལོ་ཞེས་པ་ནི་གོང་དུ་སྨོས་པའི་ཟབ་མོ་དང༌། གསལ་བའི་དེ་ཉིད་ཆོས་ཀུན་བདག །ཅེས་པ་སྟེ་ཆོས་ཐམས་ཅད་ལ་ཁྱབ་བདག་ཏུ་གྱུར་པའོ། །སྣང་སྲིད་དག་པར་སྤྱོད་པའི་ཕྱིར། །ཞེས་པ་ནི་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་རྣམ་པར་དག་པ་སྟེ། ཟབ་མོ་དང་གསལ་བའི་འཁོར་ལོར་སྔགས་པ་རྟག་ཏུ་སྤྱོད་པའི་ཕྱིར་སྲིད་པའི་སྡུག་བསྔལ་ཅན་དུ་ལོག་པར་བྱེད་དོ་ཞེས་སོ། །དེ་བས་ན་བྱམས་པ་ལ་སོགས་པས་ཞེ་སྡང་ལ་སོགས་པ་སྐད་ཅིག་ཙམ་དུ་འགགས་ཀྱང༌། ཡང་འབྱུང་དུ་མི་བཏུབ་པ་མ་ཡིན་པའི་ཕྱིར་རོ། །


DTG043_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་འདིར་བྱང་ཆུབ་མངོན་དུ་འགྱུར་ཞེས་སོ། །དེའི་ཕྱིར་འདི་ལ་བསྐལ་བ་དང་འབྲེལ་བ་མེད་དོ། །དེ་ལྟར་ན་སྲིད་པའི་སྡུག་བསྔལ་ལྡོག་པར་འགྱུར་པའི་ལམ་གཞན་ཡོད་པས་འཁོར་ལོ་འདིས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར་ལམ་དེ་ལས་ཚུལ་འདི་ཁྱད་པར་དུ་འཕགས་པར་གསུངས་བ་བསྐལ་བར་གནས་པ་ཞེས་པ་ལ་སོགས་པའོ། །བསྐལ་པར་གནས་ཀྱང་འབྲས་བུ་མེད། །ཅེས་སོ། །སྦྱིན་སོགས་རིམ་བཞིན་ཟབ་མོར་ནི། །སྦྱིན་རྫས་ཚུལ་སོགས་རང་བཞིན་མེད། །ཅེས་ཏེ། སྦྱིན་པ་ལ་སོགས་པའི་རང་བཞིན་མེད་པར་གོམས་པར་བྱེད་པ་ཁོ་ནའི་ཕྱིར་ཟབ་མོ་ཡིན་ནོ། །ཡང་དག་པར་གསལ་བ་མ་ཡིན་ནོ། །དེ་བས་ན་ཐ་མལ་པའི་རྟོག་པ་བསལ་བས་བཟློག་སྟེ་ཟབ་མོ་མ་ཡིན་ནོ། །གསལ་བ་རྣམ་པར་སྤྱོད་པ་ནི་བདག་ཅག་རྣམས་ཀྱིའོ། །དེ་བས་ན་ཁྱེད་ནི་ཐ་མལ་པར་འགྱུར་ཞེས་དང༌། མི་གསལ་གསལ་མི་འགྲུབ་ཅེས་སོ། །བྱང་ཆུབ་དུས་ཆད་མེད་བའི་ཕྱིར། །ཞེས་པ་ནི་དེའི་གཞུང་གིས་བྱང་ཆུབ་བཙལ་ནས་བསྐལ་པ་གྲངས་མེད་པ་གསུམ་འཛིན་པའི་ཕྱིར་ན། རང་གི་དོན་ཡུལ་དངོས་བདག་ནི། །ཞེས་ཏེ་ཁྱེད་ཀྱི་སྦྱིན་པ་ལ་སོགས་པའི་དངོས་པོའི་བདག་ཉིད་རྣམས་ཏེ། མཁས་པ་ཐ་མལ་ཡིན་པར་བསྟན། །ཞེས་སོ། །ཁྱེད་ཀྱི་ཡང་དེ་ལྟར་མི་འགྱུར་རམ་ཞེ་ན། སྣང་སྲིད་ཅེས་པ་ལ་སོགས་པའོ། །སྣང་སྲིད་ཆོས་བདག་དཀྱིལ་འཁོར་གྱིས། །ཞེས་པ་ནི་གོང་དུ་སྨོས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་རྣལ་འབྱོར་པ་ཆེན་པོ་ཞིག་གིས་གོམས་པའི་སྟོབས་ཀྱིས་སྐད་ཅིག་འདིར་ནི་བྱང་ཆུབ་ཞེས་ཏེ། ཉིན་མཚན་དུ་སྦྱོར་བས་ཚེ་འདི་ཉིད་ལ་ཨིནྡྲ་བྷཱུ་ཏི་ལ་སོགས་པ་བཞིན་དུ་ཕུང་པོ་རྡོ་རྗེའི་ལུས་སུ་བརྗེ་པར་འགྱུར་རོ་ཞེས་སོ། །དེ་བས་ན་འདི་ནི་ཇི་ལྟ་བ་བཞིན་དུ་གནས་པའི་ལམ་སྟེ་སྐད་ཅིག་གིས་རྫོགས་པར་བྱེད་པའི་ཕྱིར་རོ། །ཁྱེད་ཀྱི་ཐ་མལ་པ་སྟེ་བསྐལ་པ་གྲངས་མེད་པ་གསུམ་ན་ཡང་འདི་ལྟ་བུའི་དོན་རྫོགས་པར་བྱེད་མི་ནུས་སོ་ཞེས་སོ། །བདག་གི་ཇི་ལྟ་བར་ཐ་མལ་པར་འགྱུར་ཞེ་ན། སྦྱིན་རྫས་ཞེས་པ་ལ་སོགས་པ་མི་དམིགས་ཀྱང་ཞེས་པ་ནི་སྦྱིན་པའི་རྫས་དང་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་གསུམ་མི་དམིགས་པས་ཟབ་མོ་ཁོ་ན་ཡིན་ཡང༌། སྦྱིན་ལ་སོགས་པ་ཐ་


DTG043_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མལ་བདག །ཅེས་པ་མི་དམིགས་པ་དེ་ཟབ་མོ་ཡིན་ཡང་སྦྱིན་པ་ལ་སོགས་པ་ནི་ཐ་མལ་པ་སྟེ། ཇི་སྟེ་ཀུན་རྫོབ་ཏུ་སོང་ནས་འདུག་པ་དེ་གང་གིས་བཟློག་ནུས། དེ་བས་ན་ཁྱེད་ཀྱི་ནི་ཐ་མལ་པའི་སྦྱིན་པ་ལས་འདས་པ་མ་ཡིན་པ། དེ་བདག་མེད་པའི་དམ་པའི་འཁོར་ལོར་མི་སྣང་ཞེས་ཏེ། སྦྱིན་པ་ལ་སོགས་པའི་དེ་ཁོ་ན་ཉིད་བླ་མའི་ཞལ་ནས་རྙེད་པར་བྱ་སྟེ། དེ་ལྟ་བུའི་དཀྱིལ་འཁོར་གསུམ་གྱི་དོན། རང་ཡིད་གང་གིས་བསྒོམ་བྱེད། །ཞེས་ཏེ་བསྒོམ་པར་བྱ་བ་མ་ཡིན་ནོ། །དེའི་དོན་ནི་འདི་ལྟ་སྟེ། གཞན་སྡུག་བསྔལ་གསུམ་གྱི་རང་བཞིན་གྱི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བླ་ན་མེད་པའི་སངས་རྒྱས་ཐོབ་པ་རྣམས་ཀྱིས་འདི་ལྟ་བུའི་དཔལ་དང་ལྡན་པ་ཀུན་ནས་བཀྲ་ཤིས་པའི་ངོ་བོ་འདི་གང་ཟག་གང་གིས་སྒོམ་པར་མི་བྱེད་པ་ཁོ་ན་ཡིན་ནོ་ཞེས་པའི་དོན་ཏོ། །ད་ནི་བླ་མ་ཆེན་པོ་རྣམས་ཀྱིས་བརྩམས་པའི་ཆོས་དཔང་པོར་གཞག་པ་གསུངས་པ། དམ་པའི་ཆོས་ཞེས་པ་ལ་སོགས་པའོ། །དམ་པའི་ཆོས་ཀྱི་རོ་མྱངས་པ། །ཞེས་བྱ་བ་ནི་གཞུང་གི་ཆོས་ལ་བློ་རྣམ་པར་འབད་པའི་སྒོ་ནས་ཇི་ལྟ་བ་བཞིན་དུ་གནས་པའི་ཆོས་ཀྱི་རོ་མྱང་བ་ཞེས་པའི་དོན་ཏོ། །ཐོས་པ་མང་པོས་ཕུན་སུམ་ཚོགས། །ཞེས་པ་ནི་བླ་མ་གུས་པས་མཉེས་པར་བྱས་པ་སྟེ། ཕྱི་ནང་སྔགས་ཀྱི་རྒྱུད་ལ་སོགས་པ་མར་མེ་ལྟ་བུའི་སྒོ་ནས་གསེར་ལྟ་བུའི་དོན་བླ་མའི་ཞལ་སྔ་ནས་མང་དུ་ཐོས་པའོ། །དངོས་གང་ཞེ་ན་སྐྱེས་བུ་དམ་པ་ཞེས་པ་སྟེ། འཕགས་པ་ཀླུ་སྒྲུབ་ལ་སོགས་པའོ། །དེ་འདིར་ཚར་ནས་ཀྱང་ཞེས་པ་ནི། དེ་རྣམས་ཀྱིས་རྣམ་པར་འདུལ་བའི་ཆོས་དང་འདིར་བདག་གིས་འདིར་དང་པོ་ལྟ་བུར་བཞག་ནས་སྒྲུབ་པའི་ཐབས་འདི་རང་གི་སེམས་ཀྱི་བརྩོན་འགྲུས་ཀྱིས་བརྩམས་ང་རྒྱལ་གྱིས་མ་ཡིན་ནོ། །དེ་བཞིན་དུ་བདག་གིས་ཀྱང་བརྩོན་པར་གསུངས་པ། བླ་མའི་གཞུང་ཞེས་པ་ལ་སོགས་པའོ། །དད་པས་རབ་ཏུ་གསལ་བར་བྱས། །ཞེས་པ་ནི། འདིར་རིགས་པ་ཡིན་ཏེ་བླ་མ་ཆེན་པོའི་གཞུང་བློ་ལ་རྣམ་པར་བཟུང་ནས་དད་པ་གསལ་པོར་བདག་གིས་བྱས་ཏེ། གཞན་མ་ཡིན་ཞས་ཏེ་དད་པ་ལ་


DTG043_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་ཆོས་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་དེས་སྣོད་དུ་རུང་བ་ཡོད་དེ། དེ་བས་ན་སྣོད་དུ་རུང་བའི་བསྒོམ་པར་བྱ་བ་ལ་སྨྲ་བར་འོས་པ་མ་ཡིན་ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། དད་པ་རྣམ་པར་བརྩམས་པ་སྟེ། །དད་པ་ནི་དཀར་པོའི་ཆོས་འཕེལ་པའི་རྒྱུ་ཡིན་པའི་ཕྱིར་ན་དེ་ལ་སྨྲར་རུང་བ་མ་ཡིན་ནོ་ཞེས་སོ། །དེ་བས་ན་དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་ཡོངས་མི་སྐྱེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་རྣམས་ནི་ཡོངས་མི་སྐྱེ། །ཞེས་སོ། །ད་ནི་སློབ་དཔོན་གྱི་ང་རྒྱལ་གཞོམ་པ་གསུངས་པ། བློ་གྲོས་ཞན་ཡང་ཞེས་པ་ལ་སོགས་པའོ།། བདག་འདྲ་བའི་བློ་གྲོས་ཞན་པ་ལ་དོན་རབ་ཏུ་རྟོགས་པ་ཡོད་སྲིད་ཅེས་སོ། །དེ་བཞིན་དུ་བྲིས་པའི་ཁ་ནས་ཚིག་སྙན་པ་བྱུང་སྲིད་པས། འདིར་རང་གི་སེམས་ཀྱི་བརྩོན་འགྲུས་ཀྱིས་སོ་ཞེས་སོ། །ཅིའི་ཕྱིར་ཞེ་ན། མཆོག་ནི་སྐྱེས་བུ་རྣམས་ཀྱི་གཞུང༌། །ཞེས་པ་དེ་རྣམས་ལ་གཞུང་དུ་མ་འགའ་ཡོད་སྙམ་པའི་བློ་བཞག་སྟེ་སྐྱེས་བུ་རྣམས་ཀྱིས་གཟུང་བར་མཛོད་ཅེས་སོ། །དགེ་བའི་རྩ་བ་བསྔོ་བ་གསུངས་པ། རིམ་པ་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་དཀྱིལ་འཁོར་བྲིས་དགེ་བ། །ཞེས་པ་ནི་གོ་རིམས་འབྲེལ་ཞིང་ཚར་བའི་བར་དུ་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་བྲིས་པའི་དགེ་བ་ཁང་པ་དང༌། ཟླ་བའི་འོད་ལྟ་བུ་འདིས་འཇིག་རྟེན་པ་རྣམས་འཇམ་པའི་རྡོ་རྗེའི་གོ་འཕང་ཐོབ་པར་འགྱུར་ནས། དེའི་སྟོབས་ཀྱིས་བདག་ཀྱང་འཇམ་དཔལ་གྱི་གོ་འཕང་དམ་པ་ཟབ་མོ་རྒྱ་ཆེ་བ་མི་གཉིས་པ། འཁོར་བ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱང་ཚ་བའི་བདག་ཉིད་བརྒྱད་དང་ལྡན་པས་བཞུགས་པ་དེ་ལྟ་བུར་བདག་གི་རྒྱུད་ལ་དེ་ལྟ་བྱུང་བར་གྱུར་ཅིག་ཅེས་བསམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྔོ་བའོ། །ད་ནི་རབ་ཏུ་བྱེད་པ་འདིའི་གཞུང་གི་ཤོག་ལོག་གི་ཚད་བསྟན་པའི་ཕྱིར་གསུངས་པ་ཚིག་བདུན་པའི་ཞེས་པ་ལ་སོགས་པའོ། །དེ་ལ་ཚིག་བདུན་པའི་ཚིགས་སུ་བཅད་པ་བཞི་བརྒྱ་དང་ལྔ་བཅུ་ཐམ་པ་སྟེ། དེའི་རབ་ཏུ་འབྱེད་པ་འདི་བསྒྲུབས་སོ་ཞེས་ཤེས་པར་བྱའོ། །དེ་དངོས་གང་ཞེ་ན་འཇིག་རྟེན་སྒྲོན་མ་


DTG043_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། དེ་ལ་འཇིག་རྟེན་ནི་སེམས་ཅན་རྣམས་ཏེ། དེ་ལ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་དོན་གསེར་ལྟ་བུའི་ཤ་ལོ་ཀ་དེ་རྣམས་སྒྲོན་མ་ལྟ་བུས་སྟོན་པ་དེའི་ཕྱིར་ཏེ་དེ་ལ་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་སྒྲུབ་ཐབས་བརྩམས་པ་ཞེས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་སྒོ་ནས་ཐམས་ཅད་དེ་དཀྱིལ་འཁོར་གྱི་འཁོར་ལོ་མི་སྣང་བ་དེའི་ཕྱིར་ཐ་མལ་པའི་རྟོག་པས་བརྩམས་པ་མ་ཡིན་ནོ། །དེ་ཉིད་ཟབ་མོ་སྟེ། ཟབ་ནི་ཕན་འདོགས་པའི་རྒྱུ་མ་ཡིན་ནོ། །དེའི་ཡན་ལག་ཏུ་གྱུར་པ་སྟེ་སྣང་བའི་ཕྱིར་རོ། །དེ་ཡང་དག་པར་བསལ་བ་ནི་ཐ་མལ་པའི་རྟོག་པ་ཐམས་ཅད་རྣམ་པར་འཇོམས་པ་ཡིན་ནོ། །རྟོག་པ་ཐམས་ཅད་ལོག་པ་དེ་ཉིད་ཟབ་མོ་ཞེས་ཏེ། དད་པ་མེད་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཡང་དག་པར་བསལ་བ་ཟབ་མོའི་དཀྱིལ་འཁོར་དེ་ཉིད་བསམ་པར་བྱས་ནས་གདོད་འབྲས་བུའི་སྐལ་བ་ཅན་དུ་གྱུར་ཏེ། གཞན་རྣམས་ཀྱིས་དེ་ལྟ་བུ་གྲུབ་པ་མ་ཡིན་ནོ་ཞེས་སོ། །དེ་བས་ཀུན་རྟོག་བཅོམ་ནས་སུ། །ཞེས་པ་ནི་ལམ་གྱི་རིམ་པ་གང་གིས་ཡང་དག་པ་མ་ཡིན་པ་རྣམས་བཅོམ་ནས། །ཀུན་དུ་འོད་ཟེར་འཕྲོ་ལྡན་པ། །ཞེས་ཏེ། ཆོས་དང་ཕྱོགས་ཀུན་ལ་འོད་ཟེར་ལྟར་ཁྱབ་པའི་འཁོར་ལོ་ཇི་ལྟ་བུ་ཞེ་ན་ཀུན་དུ་བཟང་པོ་ཞེས་ཏེ་སྐྱོན་གྱིས་གདོད་མ་ནས་མ་གོས་པའི་ཕྱིར་རོ། །དེ་བས་ན་གདོད་བྱང་ཆུབ་སྐལ་བ་དང་ལྡན་པར་འགྱུར་རོ་ཞེས་སོ། །ཐམས་ཅད་དེ་ཁོ་ནའི་རང་བཞིན་པའི་ཕྱིར་རོ། །དེ་བས་ན་དམ་པ་རྣམས་ཀྱི་ལམ་ཡིན་པར་གསུངས་པ། དེའི་ཕྱིར་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་དཀྱིལ་འཁོར་འཁོར་ལོ་བསྟན། །ཞེས་པ་ནི་ཐབས་དེས་ཀྱང་བྱང་ཆུབ་ཀྱི་སྐལ་བར་འགྱུར་བ་དེའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པས་ཇི་སྐད་གསུངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པ་ཡིན་ནོ་ཞེས་སོ། །དེ་ཉིད་གསུངས་པ། ཆོས་དང་ལོངས་སྤྱོད་སྤྲུལ་པ་ནི། །ཞེས་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང༌། དེ་བཞིན་ཉིད་ནི་ཆོས་སྐུའོ། །མཚན་དང་དཔེ་བྱད་དུ་ལྡན་པ་གཙང་མ་ན་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།།


DTG043_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་ལ་སོགས་པའི་གཟུགས་ཇི་ལྟར་ཕན་པར་ཞུགས་པ་ནི་སྤྲུལ་པའི་སྐུའོ། །དེ་རྣམས་སྐུ་གསུང་ཐུགས་ཀྱི་གསང་བ་ནི་སྐུ་གསུམ་རིམ་པར་དག་ཅེས་ནི་གསང་བ་འདུས་པ་ལས་ཏེ། ཆོས་ཀྱི་སྐུ་རྣམ་པར་དག་པ་ཐུགས་ཀྱི་དཀྱིལ་འཁོར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་དག་པ་ནི་གསུང་གི་དཀྱིལ་འཁོར་རོ། །སྤྲུལ་པའི་སྐུ་རྣམ་པར་དག་པ་ནི་སྐུའི་དཀྱིལ་འཁོར་ཞེས་སོ། །དེ་བས་ན་འདི་ཉིད་མངོན་དུ་གྱུར་པས་ཐམས་ཅད་མདོར་བསྡུས་པར་གསུངས་པ་སྐུ་གསུམ་ཞེས་པ་ལ་སོགས་པའོ། །སྐུ་གསུམ་ཞེས་པ་ནི་གོང་མའི་དེ་ཉིད་དོ། །དེ་ཡི་ཁྱད་པར་ཡེ་ཤེས་ལྔ། །ཞེས་པ་ནི་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་སྣང་བ་མ་ལུས་པ་ཅིག་ཅར་སྣང་བ་བཞིན་དུ་བཅིངས་ཡོངས་སུ་ཤེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སེམས་ཅན་ཐམས་ཅད་མཉམ་པའི་ཡེ་ཤེས་ཙམ་མོ། །ཞེས་པ་རྣམ་པ་གཅིག་ཏུ་རྟོགས་པ་ནི་མཉམ་པ་ཉིད་དོ། །ཕྱི་ནང་གི་སྣང་བ་རྣམས་སོ་སོར་རྣམ་པར་བརྟགས་ན་ཐམས་ཅད་དོ། །སངས་རྒྱས་པར་ཤེས་ནས་ཆོས་ཐམས་ཅད་ཀྱི་ཆ་འདི་དག་ཅེས་པདྨའི་འདབ་མ་བཞིན་རྟོག་ཅིང༌། རྟོག་པ་མེད་པ་ནི་སོ་སོར་རྟོག་པའོ།། བདག་དང་གཞན་གྱི་ལུས་ངག་ཡིད་ཀྱི་ལས་རྫོགས་པར་བྱེད་པ་བྱ་བ་གྲུབ་པའོ། །ལུས་ངག་ཡིད་ཀྱི་སྒྲིབ་པ་དང་གྲོལ་ཏེ། རྣམ་པར་རྟོག་པའི་བག་ཆགས་སྦྱངས་པ་ནི་ཆོས་ཀྱི་དབྱིངས་ཏེ་དེ་རྣམས་གོ་རིམས་བཞིན་དུ་འདིར་རྟག་པ་ལ་སོགས་པའོ། །དེ་རྣམས། འཁོར་ལོའི་རྣལ་འབྱོར་གྱིས་བསྒྲུབ་བྱ། །ཞེས་པ་ནི་དེ་དག་བླ་མ་དམ་པས་འབྲས་བུ་ཐོབ་པའི་སྔོམ་པ་བྱིན་ནས། དེ་ལ་བསྟེན་ནས་དཀྱིལ་འཁོར་དེ་བསྒྲུབ་ཅེས་སོ། །དེའི་འབྲས་བུ་ནི། རྣམ་པ་ཐམས་ཅད་མཁྱེན་པ་འགྲུབ། །ཅེས་རྡོ་རྗེ་འཛིན་པ་ཆེན་པོ་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ། དེ་ལྟ་བུ་གྲུབ་ནས་མ་གྲུབ་པ་ཞེས་གང་ཡང་མེད་ཅེས་ཏེ། རིག་འཛིན་ལ་སོགས་པའོ། །ས་འོག་མ་པ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་ཡང་རྩོམ་པ་མེད་པར་ཐོབ་པོ་ཞེས་གསུངས་པས་སངས་


DTG043_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་སོགས་པའོ། །སངས་རྒྱས་ཞེས་པ་ནི་ས་འོག་མ་པའིའོ། །ཕྱི་རོལ་ཕྱིན་འགྲུབ་ཅེས་པ་ནི་སྦྱིན་པ་ལ་སོགས་པའོ། །གཟུང་དང་ཞེས་པ་ནི་ཚིག་གཟུང་བ་ལ་སོགས་པའོ། །ས་རྣམས་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པ་སྟེ་དེ་རྣམས་ཀྱང༌། བདེ་ཆེན་ཐེག་པ་འདི་ལས་ནི། །ཞེས་པ་ནི་དཀའ་ཐུབ་ལ་སོགས་སློང་བའི་བདེ་བ་དེ་ཉིད་ཀྱིས་གོ་འཕང་དམ་པ་ཐོབ་པའི་ཐེག་པ་འདི་ལས་ཞེས་སོ། །སོ་སོར་རང་ཡིད་རྗེས་ལས་འགྲུབ། །ཅེས་པ་སྟེ་འབད་པ་དང་རྩོལ་བ་མེད་པ་ཁོ་ན་བདེ་བ་ཆེན་པོའི་གོ་འཕང་ཁོ་ནར་རྟོགས་པའི་སྟོབས་ཀྱིས་ཐམས་ཅད་འགྲུབ་པ་ལ་ཐོགས་པ་མེད་ཅེས་སོ། །མཐར་ཐུག་པ་དེ་ཉིད་རྟོགས་པའི་ཕྱིར་རོ། །ད་ནི་དེ་ཁོ་ན་ལ་བརྟན་པོར་བྱས་པ་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་དཔལ་དང་ལྡན་པའི་རྣལ་འབྱོར་པ་ཆེན་པོས་དེའི་དོན་ཤེས་པར་བྱས་ནས། །རང་ཉིད་ཆོས་ནི་འཕགས་པའི་ལུས། །ཞེས་པ་ནི་རང་གི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྟག་པ་ལ་སོགས་པའི་འཕགས་པ་འདུས་པའི་རང་བཞིན་རྙེད་པ་ནི་དེའི་སྒྲུབ་པའི་ཐབས་རྙེད་དོ། །བརྩམས་སོ་ཞེས་གཞན་རྣམས་ཀྱང་མ་བསྟན་པ་མ་ཡིན་མོད་ཀྱི་དེའི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ། །སངས་རྒྱས་ཡེ་ཤེས་ཞབས་ཀྱི་གཞུང་ལུགས་གསལ་ཚིག་ནི། །བླ་མ་དམ་པ་བཟང་པོའི་ཞབས་ཀྱིས་རྣམ་པར་བཤད། །དེ་ཟེར་རིམ་པས་དམན་པའི་ཞལ་ལ་ཅུང་ཟད་ཕོག །དེ་བས་འདི་ནི་དོན་ཡོད་བསམས་ནས་རྣམ་པར་བཤད། དེ་ལས་གྱུར་པ་དགེ་བ་ཟླ་འདྲ་དེ་ཡིས་ནི། །འཇིག་རྟེན་མ་ལུས་འདི་རྣམས་མ་རིག་བསལ་བྱས་ཏེ། །སྐྱེ་བའི་རྒྱ་མཚོ་ལས་གྲོལ་དཀྱིལ་འཁོར་གྱི། འཁོར་ལོའི་ལམ་གྱིས་རྡོ་རྗེ་འཛིན་པའི་ས་ལ་གནས་གྱུར་ཅིག །དཔལ་གསད་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་འཇིག་རྟེན་སྣང་བྱེད་ཅེས་བྱ་བའི་རྣམ་པར་བཤད་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་ཞུ་ཆེན་གྱི་ལོ་ཙཱ་བ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousདཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ། བི་ཏ་པཱ་ད།no next