འཁོར་ལོ་མཐའ་མའི་སྙིང་པོ་ཕུལ་དུ་བྱུང་བ་སངས་རྒྱས་ཕལ་པོ་ཆེའི་མཚན་གྱི་རྣམ་གྲངས་སྟོན་པའི་སྡེ་སྣོད་སྐོར།
ཉན་རང་སོགས་ཐམས་ཅད་དང་ཐུན་མོངས་མ་ཡིན་པའི་འཁོར་ལོ་མཐའ་མའི་སྙིང་པོ་ཕུལ་དུ་བྱུང་བ་སངས་རྒྱས་ཕལ་པོ་ཆེ་མཚན་གྱི་རྣམ་གྲངས་སུ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སྣོད། སྙན་གྱི་གོང་རྒྱན་པདྨའི་རྒྱན་སོགས་སུ་ཐམས་ཅད་མཁྱེན་པ་ཆེན་པོ་འགོས་ལོ་ཙཱ་བ་ཡེ་བཟང་རྩེ་པ་བཞེད་པ་ཡིན་ལ། གཞན་ཡང་སངས་རྒྱས་སྨག་ཆད་རྨ་ག་ཆད། སྨད་ཆད་ཅེས་མཚན་སྣ་ཚོགས་བྱུང་བར་དབུས་པ་བློ་གསལ་གྱིས་རྨ་ག་ཆད་
ཅེས་པ་ཡང་དག་པའི་བརྡ་རྙིང་དུ་མཛད་ཅིང་། སྤྱན་སྔ་ཐམས་ཅད་མཁྱེན་པ་ཞྭ་དམར་བ་བཞི་པ་ཆོས་ཀྱི་གྲགས་པས་མ་རིག་པའི་སྨག་རུམ་མེད་པས་ན་སྨག་ཆད་དུ་སྒྲ་བཤད་པ་གཉིས་ཀ་ཆོས་ཀྱི་སྤྱན་ལྡན་ཆེན་པོར་འདུག་པས་ཁུངས་བཙུན་པར་མངོན་ཞིང་། མཁན་ཆེན་དཀའ་བཅུ་པདྨ་བཟང་པོས་མ་སྨད་པའི་དོན་ཡིན་པས་སྨད་ཆད་དང་། ཆོས་རྗེ་དཔའ་བོ་སྨག་ཆད་ཅེས་པ་ཕལ་ཆེན་གྱི་བརྡ་རྙིང་དུ་ངོས་འཛིན་མཛད་པ་ནི་ཐེ་ཚོམ་གྱི་གཞིར་སྣང་། དེའང་རྒྱ་ཆེ་རོལ་པ་སོགས་མདོ་དང་འདུལ་བའི་སྐོར་ལས་དེ་བཞིན་གཤེགས་པ་སངས་རྒྱས་ནས་ཞག་བཞི་བཅུ་རྩ་དགུའི་བར་དུ་ཆོས་མ་གསུངས་པར་བཤད་པ་དང་། ཕལ་པོ་ཆེར་བདུན་ཕྲག་དང་པོ་ལ་ཕལ་པོ་ཆེའི་ལེའུ་དང་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ། བདུན་ཕྲག་གཉིས་པ་ལ་ས་བཅུ་པའི་མདོ་སོགས་གསུངས་པ་ཕན་ཚུན་བློ་དམན་གྱི་ངོར་འགལ་བ་ལྟར་སྣང་ཡང་ས་བཅུ་པའི་ལེའུ་མཁས་པ་དབྱིག་གཉེན་གྱིས་བཀྲལ་བའི་ཡང་འགྲེལ་སློབ་དཔོན་ཉི་མ་གྲུབ་ཀྱིས་སྦྱར་བ་ལས། མངོན་པར་རྫོགས་པ་སངས་རྒྱས་ནས་རིང་པོ་མ་ལོན་ཏེ། ཞེས་བྱ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་མ་ལོན་ཞེས་པའི་ཐ་ཚིག་གོ །དེ་ཉིད་ཀྱིས་བྱེ་བྲག་དབྱེ་བའི་ཕྱིར་ཞག་བདུན་པ་གཉིས་པའི་ཚེ་ཞེས་བྱ་བ་གསུངས་ཏེ། ཞག་བདུན་པ་གཉིས་ལ་གདུལ་བའི་དབང་དུ་རྫུ་འཕྲུལ་གྱིས་བརླབས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ནི་རྒྱ་ཆེ་རོལ་པའི་མདོ་ཆེན་པོ་ལས་བཅོམ་ལྡན་འདས་ཞག་བདུན་དང་པོའི་ཚེ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་བཞིན་དུ་དགའ་བའི་ཟས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་གནས་སོ། །གཉིས་པའི་ཚེ་སྤྱན་གཉིས་མི་འཛུམ་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་སོ། །གསུམ་པའི་ཚེ་སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནས་བཟུང་སྟེ་འཆག་པ་རྒྱང་རིང་དུ་བཅས་སོ། །བཞི་པའི་ཚེ་ནི་ཤར་གྱི་རྒྱ་མཚོ་དང་ནུབ་ཀྱི་རྒྱ་མཚོ་ནས་བཟུང་སྟེ་འཆག་པ་རྒྱང་ཐུང་ངུར་བཅགས་སོ། །ལྔ་པའི་ཚེ་བཏང་བཟུང་གི་གནས་ན་བཞུགས་སོ། །དྲུག་པའི་ཚེ་ནི་ར་རྫི་ཤིང་ནྱ་གྲོ་དྷའི་ནང་ན་བཞུགས་སོ། །བདུན་པའི་ཚེ་ནི་ཤིང་རྒྱལ་པོའི་ཟས་ཞེས་བྱ་བའི་དྲུང་ནས་བཞུགས་སོ། །ཞེས་བྱ་བ་གང་ཡིན་པ་དང་། འདུལ་བ་འཛིན་པ་ཁ་ཅིག་བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པ་སངས་རྒྱས་ནས་ཞག་བཞི་བཅུ་རྩ་དགུའི་བར་དུ་བྱང་ཆུབ་ཀྱི་སྙིང་པོ་དང་ཉེ་བ་ན་བཞུགས་སོ་ཞེས་འདོད་པ་གང་ཡིན་པ་འདི་གཉིས་ཀ་དང་ཡང་འགལ་བར་འགྱུར་རོ། །འདུལ་བའི་བྱེ་བྲག་གིས་ནི་དེ་དག་གཉིས་ཀ་ན་ཡང་སྣང་བས་མི་འགལ་ཏེ། དེ་ལྟར་ན་ཞག་བདུན་པ་གཉིས་ཀ་སྲིད་དོ། །འདི་དག་ལ་འདོད་པ་ན་སྤྱོད་པའི་ལས་དགེ་བའི་རབ་ཀྱི་ཕུལ་དུ་ཕྱིན་པ་ཐོབ་པས་སྤྲུལ་པའི་བདེ་བ་ལ་དབང་བྱེད་པ་ཡོད་པས་གཞན་འཕྲུལ་དབང་བྱེད་རྣམས་སོ། །ལྷ་དེ་རྣམས་ཀྱི་ནང་ནས་ཞེས་བྱ་བ་ནི་དགའ་བ་དང་གསལ་བ་བྱེད་པས་ལྷ་རྣམས་ཏེ། དགའ་བ་དང་ཡིད་བདེ་བ་མང་བའི་ཕྱིར་དགར་བར་བྱེད་ལ། འོད་དང་ལྡན་པའི་ཕྱིར་གསལ་བར་བྱེད་དོ། །ལྷ་དེ་དག་རྫུ་འཕྲུལ་དང་ལྡན་པའི་ཕྱིར་མི་རྣམས་ཀྱིས་བསྟོད་པ་བྱེད་པ་ཡིན་ནོ། །བཞུགས་ཏེ་ཞེས་བྱ་བ་ནི་བཞུགས་ཤིང་བཞུགས་སོ་པའོ། །དབང་སྒྱུར་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་ཐམས་ཅད་དང་བདེ་བའི་ལོངས་སྤྱོད་རྣམས་ལ་དབང་བསྒྱུར་བས་ན་དབང་བསྒྱུར་ཏེ་དེའིའོ། །ལྷ་རྣམས་ཀྱིའམ་རྣམས་ཀྱི་ནང་ནས་རྒྱལ་པོ་ཡིན་པས་ལྷའི་རྒྱལ་པོ་སྟེ་རྗེ་བོ་ཡིན་ནོ། །ཞེས་རྒྱས་པར་བཤད་པའི་དོན་ལྟར་
གདུལ་བྱ་གང་ལ་གང་འཚམ་གདུལ་བའི་དབང་གིས་སྣ་ཚོགས་པའི་རྫུ་འཕྲུལ་གྱིས་དེ་ལྟར་བསྟན་པ་ལ་ཉེས་པ་མི་འབྱུང་ངོ་། །དེའང་ཀུན་མཁྱེན་རྡོ་རྗེ་གདན་པའི་གསན་ཡིན་ཏུ། སངས་རྒྱས་ཕལ་པོ་ཆེ། རྨ་ག་ཆད། སྡོང་པོ་བཀོད་པ། བཟང་སྤྱོད་ཀྱིས་མཇུག་སྡུད་དང་བཅས་པར་ཤློ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ། བམ་པོ་བརྒྱ་དང་སུམ་ཅུ་དང་ཤློ་ཀ་སུམ་ཅུ་ཡོད་པར་གསུངས་ཤིང་། ཚལ་པ་བཀའ་འགྱུར་གྱི་དཀར་ཆག་ཏུ་བམ་པོ་བརྒྱ་དང་བཅོ་ལྔ། ལྡན་དཀར་མར་བམ་པོ་བརྒྱ་དང་ཉི་ཤུ་རྩ་བདུན་དུ་མཛད། དེའང་སྤྱིར་བཏང་གི་དབང་དུ་བྱས་ན་ཕལ་ཆེན་གྱི་ཁོངས་སུ་འདུ་ཞིང་ཕལ་ཆེན་ཞེས་པའང་ལེའུ་བཅུ་གཅིག་པའི་སྒོས་མིང་སྤྱི་ལ་བཏགས་པ་མངོན་ལ། ཞིབ་མོར་དཔྱད་ན་སྔོན་བྱོན་འཇིག་རྟེན་གྱི་མིག་གཅིག་པུ་རྣམས་ཀྱིས་མཛད་པའི་དཀར་ཆག་ལྡན་དཀར་མར། ཕལ་པོ་ཆེ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ། ས་བཅུ་བསྟན་པ། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པ། དེ་བཞིན་གཤེགས་པའི་སྐྱེ་བ་དང་འབྱུང་བ་བསྟན་པ། འཇིག་རྟེན་ལས་འདས་པའི་ལེའུ། སྡོང་པོ་བརྒྱན་པ་སོགས་སོ་སོར་དབྱེ་བའི་ཕལ་པོ་ཆེ་ལེའུ་ཉེར་དགུ་ཤློ་ཀ་བཞི་སྟོང་ཉིས་བརྒྱ་བམ་པོ་བཅུ་བཞིར་ཡོད་པའི་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཚུལ་རབ་ཏུ་བྱུང་བ་ལེའུ་དང་པོ། དེ་བཞིན་གཤེགས་པའི་ལེའུ་གཉིས་པ། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་རྣམ་འཕྲུལ་རབ་ཏུ་བྱུང་བ་ལེའུ་གསུམ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཤིན་ཏུ་བསྟན་པའི་ཕྱོགས་གསལ་བར་བྱ་བ་ཡང་དག་པར་བསྒྲུབ་པ་ལེའུ་བཞི་པ། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡོངས་སུ་དག་པར་སྣང་བ་ལེའུ་ལྔ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ཁོར་ཡུག་
བསྟན་པ་ལེའུ་དྲུག་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ས་གཞིའི་རྒྱན་ཤིན་ཏུ་བསྟན་པ་ལེའུ་བདུན་པ། ཞིང་གི་རྒྱུད་ཤིན་ཏུ་བསྟན་པ་ལེའུ་བརྒྱད་པ། འཇིག་རྟེན་ཁམས་ཀྱི་རྒྱུད་རྣམ་པར་དགོད་པ་ལེའུ་དགུ་པ། རྣམ་སྣང་གི་ལེའུ་བཅུ་པ། དེ་བཞིན་གཤེགས་པ་ཕལ་པོ་ཆེའི་ལེའུ་བཅུ་གཅིག་པ། སངས་ཀྱི་མཚན་ཤིན་ཏུ་བསྟན་པའི་ལེའུ་བཅུ་གཉིས་པ། འཕགས་པའི་བདེན་པ་བསྟན་པ་ལེའུ་བཅུ་གསུམ་པ། དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པའི་ལེའུ་བཅུ་བཞི་པ། བྱང་ཆུབ་སེམས་དཔའ་དྲིས་པའི་སྣང་བ་ལེའུ་བཅོ་ལྔ་པ། སྤྱོད་ཡུལ་ཡོངས་སུ་དག་པ་ལེའུ་བཅུ་དྲུག་པ། བཟང་པོའི་དཔལ་ལེའུ་བཅུ་བདུན་པ། རི་རབ་ཀྱི་རྩེར་གཤེགས་པ་ལེའུ་བཅོ་བརྒྱད་པ། རི་རབ་ཀྱི་རྩེར་དེ་བཞིན་གཤེགས་པའི་རྣམ་འཕྲུལ་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་ཚིགས་སུ་བཅད་པའི་ལེའུ་བཅུ་དགུ་པ། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་བསྟན་པ་ལེའུ་ཉི་ཤུ་པ། ཚངས་སྤྱོད་བསྟན་པ་ལེའུ་ཉེར་གཅིག་པ། བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོའི་དཔེ་ཡང་དག་པར་བསགས་པའི་ཚིགས་སུ་བཅད་པ་ལེའུ་ཉེར་གཉིས་པ། ཆོས་སྣང་བ་ལེའུ་ཉེར་གསུམ་པ། རབ་ཚེ་མའི་གནས་ན་རྣམ་པར་འཕྲུལ་བ་ལེའུ་ཉེར་བཞི་པ། རབ་ཚེ་མའི་གནས་སུ་བྱང་སེམས་འདུས་པས་ཚིགས་བཅད་བསྟན་པ་ལེའུ་ཉེར་ལྔ་པ། ཡོན་ཏན་གྱི་མེ་ཏོག་ཤིན་ཏུ་བསགས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ལེའུ་ཉེར་དྲུག་པ། གཏེར་མི་ཟད་པ་བསྟན་པ་ལེའུ་ཉེར་བདུན་པ། དེ་བཞིན་གཤེགས་པ་དང་བཞུད་པ་དང་གཤེགས་པ་དང་བཞུགས་
པའི་རྒྱན་ལེའུ་ཉེར་བརྒྱད་པ། དགའ་ལྡན་དུ་བྱང་སེམས་འདུས་པ་ལེའུ་ཉེར་དགུ་པ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ལེའུ་གཅིག་ཤློ་ཀ་སུམ་སྟོང་དགུ་བརྒྱ་བམ་པོ་བཅུ་གསུམ་ཡོད་པའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ལེའུ་སུམ་ཅུ་པ། ས་བཅུ་པ་བསྟན་པ་ལེའུ་གཅིག་ཤློ་ཀ་ཉིས་སྟོང་བཞི་བརྒྱ་བམ་པོ་བརྒྱད་ཡོད་པའི་ས་བཅུ་པའི་མདོ་ལེའུ་སོ་གཅིག་པ། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པ་ལེའུ་བཅུ་གཅིག་པ་ཤློ་ཀ་སྟོང་བརྒྱད་བརྒྱ་བམ་པོ་བཅུ་དྲུག་པའི་ཀུན་བཟང་གིས་བསྟན་པ་ལེའུ་སོ་གཉིས་པ། ཏིང་ངེ་འཛིན་བཅུ་པ་ལེའུ་སོ་གསུམ་པ། མངོན་ཤེས་བསྟན་པ་ལེའུ་སོ་བཞི་པ། བཟོད་པའི་ལེའུ་སོ་ལྔ་པ། གྲངས་ལ་འཇུག་པ་ལེའུ་སོ་དྲུག་པ། ཚེའི་ཚད་ལེའུ་སོ་བདུན་པ། བྱང་ཆུབ་སེམས་དཔའི་གནས་བསྟན་པ་ལེའུ་སོ་བརྒྱད་པ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པ་ལེའུ་སོ་དགུ་པ། དེ་བཞིན་གཤེགས་མཚན་རྒྱ་མཚོ་བསྟན་པ་ལེའུ་བཞི་བཅུ་པ། དཔེ་བྱད་བཟང་པོའི་འོད་ཟེར་བསྟན་པ་ལེའུ་ཞེ་གཅིག་པ། ཀུན་བཟང་གི་སྤྱོད་པ་བསྟན་པ་ལེའུ་ཞེ་གཉིས་པ། དེ་བཞིན་གཤེགས་པའི་སྐྱེ་བ་དང་འབྱུང་བ་བསྟན་པ་ལེའུ་གཅིག་ཤློ་ཀ་སྟོང་ལྔ་བརྒྱ་བམ་པོ་ལྔའི་དེ་བཞིན་གཤེགས་པའི་སྐྱེ་བ་དང་འབྱུང་བ་བསྟན་པ་ལེའུ་ཞེ་གསུམ། འཇིག་རྟེན་ལས་འདས་པའི་ལེའུ་གཅིག་ཤློ་ཀ་སུམ་སྟོང་སུམ་བརྒྱ་བམ་པོ་གཅིག་གི་འཇིག་རྟེན་ལས་འདས་པའི་ལེའུ་ཞེ་བཞི་པ། སྡོང་པོ་བཀོད་པ་འཕྲོས་དོན་དང་བཅས་པར་ལེའུ་གཅིག་ཤློ་ཀ་དགུ་སྟོང་བམ་པོ་སུམ་ཅུ་པའི་སྡོང་པོས་བརྒྱན་པ། དེའི་འཕྲོས་དོན་ནོར་བཟང་གིས་འཇམ་དབྱངས་ལན་གཉིས་པ་མཇལ་ཟིན་པའི་བམ་འཚམས་སུ་སྡོང་པོས་བརྒྱན་པའི་ལེའུ་ཞེས་ལྔ་པ། དེའི་མཇུག་ཏུ་ནོར་བཟང་གིས་
ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར་སྡོང་པོས་བརྒྱན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་སྤྱོད་པ་ཕྱོགས་གཅིག་པ་སྟེ་ཇི་སྙེད་པ་རྫོགས་བྱང་གི་མཐའ་ཅན་རྣམས་ཀྱི་ལུང་ལེགས་པར་མནོས་པའི་རྒྱ་ནག་ནས་འགྱུར་བ་ལུགས་ཀྱི་བརྒྱུད་པ་ནི། ཡང་དག་པ་རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ། མགོན་པོ་ཀླུ་སྒྲུབ། དེ་ལ་པཎྜི་ཏ་བྱང་ཆུབ་བཟང་པོ་དང་པཎྜི་ཏ་དགའ་བ་གཉིས་ཀྱིས་ཞུས། དེ་གཉི་གས་རྒྱ་ནག་ཏུ་འགྱུར་མཛད། དེ་ནས་ཧཱ་ཤང་ཐུ་ཐུ་ཞུན། གྱིམ་བཙུན་ཇ། ཏེན་ཞི་དུ་གོ་ཞི། ཚིང་ལང་གོ་ཞི། གྱི་ཧུང་། ཧའི་ཧྲཱི་ཐའི། གྱི་ཇུ་སོན་ཆེན་གྱིན། སིང་ག་སང་། གྱིང་ཇུ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་བླ་མ་བསོད་ནམས་སེང་གེ །གར་ཏིག་པ་བསོད་རྒྱན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། མཐའ་རྩའི་མཁན་ཆེན་གྲགས་པ་རྡོ་རྗེ། ཚལ་པ་རིན་པོ་ཆེ་གྲགས་པ་དོན་གྲུབ། དགྲ་བཅོམ་པ་རིན་ཅེན་གྲགས་པ། བླ་མ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་སྔགས་འཆང་འཇིགས་མེད་དཔའ་བོ། ཆེན་པོ་བློ་གྲོས་རྒྱལ་མཚན། འབུམ་རམ་པ་རིན་ཅེན་ཆོས་དབང་། རབ་འབྱམས་ཚུལ་ཁྲིམས་དབང་ཕྱུག །རྗེ་ཆོས་རྒྱལ་དོན་གྲུབ། སྤྱན་སྔ་དཀོན་ཅོག་འབངས། དྲུང་པ་གྲགས་དོན་པ། བླ་མ་ཚོགས་གཉིས་དཔལ་གྲུབ། རིན་པོ་ཆེ་སྨན་ལུང་ནས་ཀྱིས་པོ་ཏི་ལྔ་བླ་མ་ཚོགས་གཉིས་པས་གསན་ནས་དྲུག་པ་དྷཱི་ཚ་སྤྲུལ་སྐུར་གསན་པ་ཡིན་འདུག་པས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་བླ་མ་གཉིས་ཀ་དྲངས་སོ། །སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག །མཁས་གྲུབ་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་
ལའོ། །ཡང་ན་མཁན་ཆེན་ཤེར་རྡོར་བ་ནས། འབྲི་གུང་ལོ་ཙཱ་བ། ཁམས་པ་མཆོག་དཀར་བ་བྱང་རྒྱལ། བླ་མ་བསོད་ནམས་ཤེས་རབ། མཐའ་རྩའི་བླ་མ་གཞོན་ནུ་དར། ཚལ་གྲགས་དོན་པ་མན་གོང་ལྟར་རོ། །རྒྱ་གར་ནས་འགྱུར་བའི་བརྒྱུད་པ་ནི། མགོན་པོ་ཀླུ་སྒྲུབ་ཡན་གོང་ལྟར་ལས། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། དྷརྨ་རཀྵི་ཏ། སཽ་རི་པ། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང་། རྗེ་བཙུན་ས་སྐྱ་པ་ཆེན་པོ། སུམ་པ་ལོ་ཙཱ་བ། ལྷོ་པ་ཁྱུང་སྟོན། གཙང་པ་སྟོན་གྲགས། གཡོར་པོ་སྤུག་སྟོན། ཉང་བསོད་ནམས་དབང་པོ། ཇོ་སྟན་ཟས་གཙང་། ཤངས་པ་སྒང་གི་སློབ་དཔོན་གྲགས་སེང་། སྟག་རྨེ་རུའི་ཞང་ཀུན་དགའ་འབུམ། ཕག་ཁུར་བ་དཀོན་ཅོག་བླ་མ། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སྤུ་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་གོང་བཞིན་ནོ། །བཟང་སྤྱོད་ཀྱི་བརྒྱུད་ལུགས་གཅིག་ནི། ཐུབ་དབང་། འཇམ་དཔལ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཌོམྦི་པ། འཇམ་དཔལ་གྲགས་པ། རིན་ཅེན་འབྱུང་གནས་ཞི་བ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། སོ་མ་ཤྲཱིབྷ་དྲ། བུ་མཱ་ལ་ཤྲཱི། བྷཻ་ན་དུ་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། གནུབས་ལོ་ཙཱ་བ་བྱམས་པའི་དཔལ། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་པ་གྲགས་རྒྱན། ཤངས་པ་གྲགས་སེང་། ཞལ་སྔ་བ་བསོད་རིན། མཁན་ཆེན་གངས་པ། བླ་མ་ཤེས་རབ་དཔལ། དགེ་སློང་ཀུན་དགའ་ཉི་མ། བག་སྟོན་གཞོན་ཚུལ། སློབ་དཔོན་མགོན་པོ་འབུམ། སྤུ་སྟོན་བསོད་རྒྱན། མཁན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེང་གེ །ཚལ་གྲགས་དོན་པ་མན་གོང་དང་འདྲ། ཡང་ན་རྗེ་བླ་མཆོག་རྡོ་རྗེ་ནས། རིགས་ཀུན་བདག་པོ་མགོན་པོ་བསོད་ནམས་མཆོག་
ལྡན། དེས་བདག་ལའོ། །