Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
ས་དྲུག་པ་མངོན་དུ་གྱུར་པ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་དྲུག་པ་མངོན་དུ་གྱུར་པ་བཤད་པ།next

ས་དྲུག་པ་མངོན་དུ་གྱུར་པ་བཤད་པ།


GLG012_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ས་དྲུག་པ་མངོན་དུ་གྱུར་པ་བཤད་པ།ཨེ་མ་རབ་འབྱམས་ཤེས་བྱའི་མཁའ་དབྱིངས་ཀ་ཤི་མཛེས་དགའི་བཞིན་རས་ངོས། །ཆོས་ཀུན་སྣང་སྟོང་དྲུང་དུ་འབྲེལ་བའི་རླུང་གི་རྒྱལ་མཚན་མིག་གི་དཀྱུས། །འཕངས་ཚེ་མཁས་རློམ་བྱིས་པའི་འདོད་ལྡན་རྨོངས་པས་མྱོས་པར་གྱུར་བྱེད་པའི། །བརྟན་པའི་འཁོར་ལོ་མི་ཡི་རྣམ་རོལ་ཙོང་ཁ་པ་ལ་གུས་པས་འདུད། །ཕྲ་ཞིབ་དཀོན་པའི་ལེགས་བཤད་མཆོག་རྣམས་ཀུན། །རྒྱལ་བའི་ཆོས་ཚུལ་ཇི་བཞིན་རབ་སྤེལ་བས། །སྐལ་བཟང་འགྲོ་བའི་བློ་གྲོས་འཕེལ་མཛད་པ། ཁྱོད་ནི་གྲགས་པ་དོན་ལྡན་མཁས་པར་ངེས། །མངོན་ཤེས་ལྷ་ཀླུ་མཐོང་དང་གྲུབ་རྟགས་འཇོག །དར་ཟབ་རྣམ་བཀྲ་འཁོར་གཡོག་འདུ་འཛི་ཅན། །པགས་པའི་ཀྲོ་པི་ཀ་ཡིས་བསྟན་འཛིན་དུ། །རློམ་པ་བདེན་ན་གསུང་རབ་ཕལ་ཆེར་རྫུན། །རྨོངས་པ་བདག་འདྲར་དེ་ལྟའི་རྣམ་དཔྱོད་ཚོགས། །མཆིས་པ་མིན་ཕྱིར་དཔེ་ཧྲུལ་ཁྲོད་དུ་ལུས། །འོན་ཀྱང་སེམས་བསྐྱེད་དྲུག་པའི་རིགས་པ་རྣམས། །སྨྲ་བའི་ཚེ་ན་གཏན་ཚིགས་ཁོང་ནས་རྒྱས། །སོས་དུས་མ་ལ་ཡ་ཡི་སྐྱེད་ཚལ་ནས། །འོངས་པའི་དྲི་བཞོན་བསེར་བུས་སྐྱེས་བུའི་ཡིད། །དགའ་བ་སྟེར་ལྟར་མཐའ་གཉིས་བྲལ་བའི་ཚིག །དྲི་ཟའི་པི་ཝང་ལྟ་བུ་མགྲིན་པར་ལེན། །གཉིས་པ་ས་དྲུག་པ་མངོན་དུ་གྱུར་པ་བཤད་པ་ལ། སའི་ངེས་ཚིག་དང་ཤེར་ཕྱིན་


GLG012_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་བསྟན་པ། ཤེར་ཕྱིན་གྱི་བསྔགས་པ། རྟེན་འབྱུང་གཟིགས་པའི་དེ་ཉིད་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་བཞི། དང་པོ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ས་དྲུག་པ་མངོན་དུ་ཕྱོགས་པར་མཉམ་གཞག་གི་སེམས་ལ་གནས་ཏེ། འདི་ལ་བརྟེན་ནས་རྟེན་ཅིང་འབྱུང་བའི་དེ་ཉིད་མཐོང་བའི་བྱང་སེམས་དེ་ཆོས་ཅན། འགོག་པའི་སྙོམས་འཇུག་ཐུན་མོང་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཤེས་རབ་ཀྱི་ཕར་ཕྱིན་ལྷག་པ་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར། ས་དྲུག་པ་ཆོས་ཅན། མངོན་དུ་གྱུར་པ་ཞེས་བྱ་སྟེ། ཤེས་རབ་ལྷག་པའི་སྒོ་ནས་གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་མཐོང་ཞིང་། བདེན་བཞི་ལ་མཁས་པའི་ཤེས་རབ་རྫོགས་པ་གང་ཞིག །རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར། གཉིས་པ་ནི། སེམས་བསྐྱེད་འདིར་ས་དྲུག་པ་གཙོ་བོར་བཏོན་ནས་འཆད་ན། དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན་ཡོད་དེ། ས་དྲུག་པར་ཡོན་ཏན་བྱེ་བ་བརྒྱ་ཕྲག་སྟོང་བཅུ་གཉིས་ཐོབ་པའི་ཕྱིར། མཐུ་ཕུལ་དུ་བྱུང་བ་ཐོབ་ཚུལ་ཡོད་དེ། རྗེས་ཐོབ་ཀྱི་སྐབས་སུ་སྒོམ་སྤང་ཉོན་མོངས་འབྲིང་གི་འབྲིང་སྤོང་བའི་ཕྱིར་ཚོགས་གསོག་པ་དང་། མཚན་མ་མཐོང་ནས་སྟོང་ཉིད་ལ་མཉམ་པར་བཞག་པས་དེའི་དངོས་གཉེན་དུ་སོང་བ་ན་ས་བདུན་པར་འཕོ་ནུས་པ་སོགས་ཡོད་པའི་ཕྱིར། ཕར་ཕྱིན་གྱི་ཡོན་ཏན་འཕེལ་ཚུལ་ཡོད་དེ། འདིར་སད་རྨི་གཉིས་ཀའི་གནས་སྐབས་སུ་དེ་ཁོ་ན་ཉིད་ལ་ལྟ་བའི་རྨོངས་པ་བཅོམ་ཞིང་འགོག་པའི་སྙོམས་འཇུག་ཐུན་


GLG012_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པ་གསར་དུ་ཐོབ་པས་ཤེར་ཕྱིན་ལྷག་པར་ཐོབ་པའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། འཕྲུལ་དགའི་བདག་པོར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། མངོན་དུ་ཕྱོགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཟུགས་བརྙན་ལྟ་བུའི་ཆོས་ཉིད་མངོན་སུམ་དུ་རྟོགས་ཤིང་། སངས་རྒྱས་ཀྱི་ཆོས་ཐོབ་པ་ལ་མངོན་དུ་གྱུར་པས་ཇི་ལྟར་བརྗོད་པའི་ཕྱིར་ཏེ། རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་བསྟན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་གསུངས་པའི་ཕྱིར། འདིར་ཐུན་མོང་མ་ཡིན་པའི་འགོག་པ་ཐོབ་ཚུལ་ཡོད་དེ། འདིར་ཤེར་ཕྱིན་ལྷག་ཅིང་དག་པ་ཡིན་ལ། ཤེར་ཕྱིན་ལྷག་པ་ཡང་ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་དག་པ་ཐོབ་པ་ལས། ཞི་གནས་ཁྱད་ཞུགས་པ་ཙམ་གྱིས་ལྷག་མཐོང་ཡང་ཁྱད་ཞུགས་པའི་སྟོབས་ཀྱིས་ཐོབ་པའི་ཕྱིར་དང་། ས་ལྔ་པ་མན་ཆད་དུ་ཕར་ཕྱིན་དང་པོ་ལྔའི་ཉམས་ལེན་ཕུལ་དུ་བྱུང་ཡང་ཤེར་ཕྱིན་གྱི་ཉམས་ལེན་ལྷག་པར་མ་གྱུར་པས་འགོག་སྙོམས་ཐུན་མོང་མ་ཡིན་པ་མི་ཐོབ་པའི་ཕྱིར་ཏེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའི་ས་ལྔ་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོབ་པས་ས་དྲུག་པར་མཉམ་པར་གཞག་པའི་སེམས་ལ་གནས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དེ་ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་འགོག་པ་ཐོབ་པར་འགྱུར་


GLG012_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྔ་རོལ་ཏུ་ནི་མ་ཡིན་ཏེ། ཤེས་རབ་ལྷག་པར་གྱུར་པ་མེད་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་དང་ལྡན་པས་ནི་འགོག་པ་ཐོབ་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་སྙོམས་འཇུག་གཞག་ཏུ་ཡོད་དེ། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་འཇིག་རྟེན་ལས་འདས་པའི་ལམ་དང་། སྲིད་རྩེའི་དངོས་གཞིའ་ིསྙོམས་འཇུག་ལ་བརྟེན་ནས་ཐོབ་ཅིང་། སྲིད་རྩེ་ལ་འདོད་ཆགས་དང་བྲལ་བའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ཡིན་པའི་ཕྱིར། འགོག་སྙོམས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བཞིན་ཉིད་ལ་འགོག་པ་ཞེས་བྱ་ལ་དེ་ལ་སྙོམས་པར་འཇུག་པའི་ཡེ་ཤེས་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར་དང་། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་གཉིས་སྣང་གི་སྤྲོས་པ་བཀག་པའི་ཡེ་ཤེས་ཡིན་པས་འགོག་པ་ཞེས་བཤད་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ། འདིར་སྤྲོས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ས་ལྔ་པ་དྲུག་པར་འཇུག་ཚུལ་ཡོད་དེ། མཚན་མ་མེད་པ་མཉམ་ཉིད་ནས་སྤྲོས་པ་མེད་པ་མཉམ་ཉིད་ཀྱི་བར་བདུན། བླང་དོར་མེད་པ་མཉམ་ཉིད་དང་། སྒྱུ་མ་ལྟ་བུར་མཉམ་པ་ཉིད། དངོས་པོ་དང་དངོས་པོ་མེད་པར་མཉམ་པ་ཉིད་དེ་མཉམ་ཉིད་བཅུ་པོ་དེ་ནི་ཡུལ་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་ཡིན་ཞིང་། དེ་མངོན་དུ་བྱས་པའི་སྒོ་ནས་ས་དྲུག་པ་ལ་འཇུག་པའི་ཕྱིར། བཅུ་པོ་ཡང་གཞག་ཏུ་ཡོད་དེ། དཀར་དམར་ལ་སོགས་པའི་ཆོས་ཀྱི་མཚན་མ་མི་འདྲ་བ་རྣམས། སྟོང་ཉིད་མངོན་སུམ་དུ་རྟོགས་


GLG012_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་མེད་པ་དེ་དང་པོ། ཆོས་ཀུན་རང་གི་མཚན་ཉིད་ཀྱིས་མེད་པར་མཉམ་པ་དེ་གཉིས་པ། མ་འོངས་པ་ན་རང་བཞིན་གྱིས་སྐྱེ་བ་མེད་པར་མཉམ་པ་དེ་གསུམ་པ། འདས་པ་དང་ད་ལྟར་བའི་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པར་མཉམ་པ་དེ་བཞི་པ། དངོས་པོ་སྐྱེ་འགྱུར་དང་སྐྱེས་པ་རང་བཞིན་གྱིས་གྲུབ་པས་སྟོངས་པས་མཉམ་པ་དེ་ལྔ་པ། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་གྲུབ་པས་རྣམ་པར་དག་པ་དེ་དྲུག་པ། ཆོས་ཀུན་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་འཕགས་པའི་མཉམ་བཞག་གིས་སྟོང་ཉིད་གཟིགས་པའི་གཟིགས་ངོར་གཉིས་སྣང་གི་སྤྲོས་པ་མེད་པར་མཉམ་པ་དེ་བདུན་པ། ཆོས་ཀུན་དོན་དམ་པར་བླང་བ་མེད་པ་དང་དོར་བ་མེད་པར་མཉམ་པ་དེ་བརྒྱད་པ། ཆོས་ཀུན་སྒྱུ་མ་རྨི་ལམ་མིག་ཡོར་བྲག་ཅ་ཆུ་ཟླ་གཟུགས་བརྙན་སྤྲུལ་པ་ལྟ་བུར་རང་བཞིན་གྱིས་གྲུབ་པས་སྟོངས་པར་མཉམ་པ་དེ་དགུ་པ། འདུས་བྱས་ཀྱི་ཆོས་དངོས་པོ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་དངོས་མེད་དུ་རང་བཞིན་མེད་པར་མཉམ་པ་དེ་བཅུ་པ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལ་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་བསྟན་པ་ལ་འདི་ནི་རེ་ཞིག་ལུང་ཡིན་ཏེ། ཇི་སྐད་དུ་འཕགས་པ་ས་བཅུ་པ་ལས། ཀྱཻ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ། བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་


GLG012_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང་། དེ་བཞིན་དུ་སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་ནས་རྣམ་པར་དག་པ་དང་། སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་མིག་ཡོར་དང་བྲག་ཅ་དང་ཆུ་ཟླ་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དོ། །དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟོགས་པ་ན། རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ། ཞེས་གསུངས་པའི་ཕྱིར། བཅུ་པོ་དེའི་ནང་ནས་ཀྱང་གཞན་རྣམས་རྟོགས་སླ་ཕྱིར་དུ་སྐྱེ་བ་མེད་པ་མཉམ་པ་ཉིད་གཙོ་བོར་འཆད་དེ། རང་འགྲེལ་ལས། དེའི་ཕྱིར་འདིར་ཆོས་སྐྱེ་བ་མེད་པར་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་གཞན་བསྟན་པ་སླ་བར་དགོངས་ཏེ་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སློབ་དཔོན་ཟླ་གྲགས་ཀྱིས་ཟབ་མོ་རྟེན་འབྲེལ་གྱི་ཚུལ་འདི་ཉིད་ལ་རང་བཟོའི་སྐྱོན་མེད་དེ། མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ཏེ་བཤད་པ་ཡིན་པའི་ཕྱིར། མགོན་པོ་ཀླུ་སྒྲུབ་ལ་འཁྲུལ་པ་མེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན་ཡོད་དེ།


GLG012_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གཤེགས་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་རྒྱལ་བ་རང་ཉིད་ཀྱིས་ལུང་གསལ་བར་བསྟན་པའི་ཕྱིར། འདི་དག་གི་སྐབས་སུ་འགའ་ཞིག་གིས། སློབ་དཔོན་འདི་སངས་རྒྱས་མ་རྒྱས་སོགས་སྔགས་ཀྱི་བཤད་པ་དང་བསྲེས་ནས་བྱེད་པར་འདུག་ནའང་། ཞྭ་དམར་བས་ཐེག་པ་འོག་མའི་ཆོས་སྐད་བྱེད་སར། རྫོགས་པ་ཆེན་པོ་ལ་དཔྱད་པ་བྱེད་པ་དང་འདྲ་བའི་ཐེག་པ་ཆེ་ཆུང་གང་ལ་གང་འཚམ་གྱི་རྣམ་དབྱེ་ཙམ་ཡང་མི་ཤེས་པར། ངག་ནས་ཐོན་པ་གཙོ་བོར་བྱས་ཏེ་བརྗོད་ཚད་བསྟན་བཅོས་སུ་འགྲོ་སྙམ་པའི་སྣ་ཚོགས་འབྲི་བ་ནི། སྤྲང་པོའི་རྩམ་པ་ལ་འབྲུ་མི་གཅིག་པ་མང་པོའི་ཕྱེ་འདྲེས་ཡོད་པ་ལྟར། མཁས་པའི་མདུན་སར་འགྲིམ་པའི་གནས་མིན་ནོ། །འགྲེལ་བྱེད་མཁན་པོ་མང་དུ་བྱུང་བ་ལས། ཀླུ་སྒྲུབ་ཉིད་གཙོ་བོར་བྱེད་པའི་རྒྱུ་མཚན་ཡོད་དེ། འདིའི་ལུགས་ཀྱི་ལྟ་བ་འཁྲུལ་པ་མེད་པ་ལ་ངེས་ཤེས་རྙེད་ན་མཐའ་གཉིས་གང་དུ་ཡང་མི་ལྟུང་ལ། ཤེས་རབ་ལོག་པས་རྟག་ཆད་གང་རུང་གི་ཕྱོགས་སུ་ལྷུང་ན། དུག་སྦྲུལ་ལ་གཟུང་བའམ། རིག་སྔགས་ལོག་པར་བསྒྲུབས་པ་ལྟར། རང་ཉིད་འཕུང་བའི་རྒྱུ་ཡིན་པས། ཚིག་གསལ་ལས། སྟོང་ཉིད་ལ་ཐོས་བསམ་བྱེད་པའི་ཚེ། ཀུན་རྫོབ་ལ་སྐུར་འདེབས་ཀྱི་མཐར་མི་ལྟུང་བ་ལ།


GLG012_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་དང་འདྲ་བའི་ལས་འབྲས་ལ་གནོད་པ་མ་བྱས་པ་ཞིག་དགོས་པ་དང་། དོན་དམ་པར་སྒྲོ་འདོགས་པའི་མཐར་མི་ལྟུང་བ་ལ་དངོས་པོ་རང་བཞིན་མེད་པ་ཁོ་ནའི་སྟེང་ནས་ལས་འབྲས་འཇོག་ཤེས་པ་ཞིག་དགོས་པར་གསུངས་པའི་ཕྱིར། དེ་ཡང་ཤིང་རྟ་ཆེན་པོའི་ལུགས་སྲོལ་ཤིན་ཏུ་ཕྲ་བའི་འདི་ཉིད། སྔོབ་རབས་ཀྱི་མཁས་པར་གྲགས་པ་ཕལ་ཆེར་གྱིས་ཀྱང་རྟོགས་པ་མ་ཡིན་ཞིང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་རྗེ་བཙུན་འཇམ་དཔལ་དབྱངས་ལ་དངོས་སུ་གསན་ཏེ། ལུགས་འདི་དར་བར་མཛད་ནའང་། རྗེ་བླ་མ་ཡབ་སྲས་ཀྱི་གསུང་རབ་རྣམས་བློས་འཆུན་པའི་སྐྱེ་བོ་ཆེས་ཉུང་བ་དང་། སྙིང་ནས་འཁོར་བའི་ངང་ཚུལ་ལ་ཡིད་འབྱུང་བ་མ་ཡིན་པར། རི་བོང་ཅལ་སྒྲོག་གིས་རང་རང་གི་གྲྭ་སར་སྡོད་མི་ཚུགས་པར་སྤྲང་ཉམས་ཁྱེར་བ་འགའ་ཞིག་གིས། ཨ་ཕའི་རྨི་ལམ་ལ་བྱུང་། ཨ་མའི་ཉམས་སྣང་ལ་ཤར། ངེད་རང་གིས་ཉམས་མྱོང་གིས་དཔྱད་ཟེར་བ་ལྟ་བུའི་བློས་བྱས་ཁོ་ནས་ཡིག་ཆུང་གི་ཁོལ་བུ་རེ་ཁྱེར་ནས་སྐྱེ་བོ་མང་པོ་ལོག་པར་འཁྲིད་ཅིང་དེ་དག་གི་ཁུངས་མཁས་གྲུབ་ཀྱི་སྐྱེས་བུ་ལ་རྫུན་ཁག་འགེལ་བ་སོགས་བསྟན་པ་ལ་རྨ་འབྱིན་པར་མཆིས་པ་ནི། ཟུར་མཁར་བློ་གྲོས་རྒྱལ་པོས། ནད་རེ་ལ་སྨན་པ་རེ་བྱུང་དོགས་འདུག་གསུང་བ་ལྟར། འཇུག་པའི་བསྟན་བཅོས་འདི་ལ་ཡང་། སྙིང་རྗེ་བ་དང་། རིང་སོང་བ་དང་། ཐལ་བཟློག་པ་དང་། བདེན་གཉིས་པ་སོགས་གཞུང་ཚན་རེ་ལ་ཡིག་ཆ་ཁུངས་མི་འདྲ་བ་རེ་དང་། འཆད་པ་པོའི་སློབ་དཔོན་མི་འདྲ་བ་རེ་བྱུང་དོགས་འདུག་པས། དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་


GLG012_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་རྣམས་ཀྱིས་གཞུང་ཆེན་མོ་རྣམས་ལ་འདྲིས་པར་མཛོད་ཅིག །གསུམ་པ་ནི། ཁ་ཅིག་ས་དྲུག་པ་མན་ཆད་དུ་འགོག་སྙོམས་ཐོབ་པ་མེད་ཟེར་ན། ཡོད་པར་ཐལ། ཕྱིར་མི་འོང་ལུས་མངོན་བྱེད་དང་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་གྱིས་འགོག་སྙོམས་ཐོབ་པའི་ཕྱིར། གཞན་ཡང་དྲུག་པ་མན་ཆད་ཀྱི་ལམ་གྱིས་བསྡུས་པའི་འགོག་སྙོམས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡོད་པར་ཐལ། མཐོང་ལམ་རྩེ་སྦྱོར་གྱིས་བསྡུས་པའི་མཐར་གནས་སྙོམས་འཇུག་དགུ་ཡོད་པའི་ཕྱིར། དེར་ཐལ། མདོ་ལས། དེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་། སེང་གེ་རྣམ་པར་བསྒྱིང་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་ཞེས་གསུངས་པའི་ཕྱིར། ཁ་ཅིག་སློབ་ལམ་ན་སྦྱིན་པའི་ཕར་ཕྱིན་མེད་ཟེར་ན། ཡོད་པར་ཐལ། སེམས་བསྐྱེད་བསྔོ་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་དེ་འཇིག་རྟེན་ལས་འདས་པའི་སྦྱིན་པ་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་ལ། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་སྦྱིན་པ་དེ་འཇིག་རྟེན་པའི་སྦྱིན་པའི་མཚན་ཉིད་དུ་འཇོག་དགོས་པའི་ཕྱིར། དེར་ཐལ། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཐུན་མོང་བའི་འགོག་སྙོམས་ཡོད་པར་ཐལ། ཐལ་རང་གཉིས་ཐུན་མོང་དུ་ཁས་ལེན་པའི་འགོག་སྙོམས་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། འགོག་པ་ལ་སྙོམས་པར་འཇུག་པ་ཐུན་མོང་མ་


GLG012_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་འདི་ནས་འཐོབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དགག་གཞི་ཡིད་ཀྱི་རྣམ་ཤེས་ཕྲ་མོའི་སྟེང་དུ་དགག་བྱ་ཚོགས་དྲུག་རགས་པ་འཁོར་བཅས་བཀག་པའི་སྙོམས་འཇུག་དེ་ཐེག་པ་ཐུན་མོང་བའི་མདོ་ནས་འགོག་སྙོམས་སུ་བཤད་པ་ལ་དགོངས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕར་ཕྱིན་དང་པོ་ལྔ་སངས་རྒྱས་ཀྱི་སར་བགྲོད་པ་ཤེར་ཕྱིན་ལ་རག་ལས་ཏེ། ཇི་ལྟར་ལོང་བའི་ཚོགས་ཀུན་མིག་ལྡན་གྱི་སྐྱེས་བུ་གཅིག་གིས་རང་གང་འདོད་པའི་ཡུལ་དུ་བདེ་བླག་ཏུ་འཁྲིད་པ་དེ་བཞིན་དུ། འདིར་ཡང་བློ་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་བལྟ་བའི་མིག་ཉམས་པའི་སྦྱིན་སོགས་ཀྱི་ཡོན་ཏན་བླངས་ཏེ་རྒྱལ་བའི་ས་ཉིད་དུ་འགྲོ་བའི་ཕྱིར། གསུམ་པ་ལ། ཟབ་དོན་བཤད་པར་དམ་བཅའ་བ། དེ་བཤད་པའི་སྣོད་ངོས་གཟུང་བ། དེ་ལ་བཤད་ན་ཡོན་ཏན་འབྱུང་ཚུལ། སྣོད་ལྡན་གྱི་གང་ཟག་ལ་མཉན་པར་བསྐུལ་བ། རྟེན་འབྱུང་གི་དེ་ཉིད་ཇི་ལྟར་བཤད་པའི་ཚུལ་དང་ལྔ། དང་པོ་ནི། ཟླ་གྲགས་ཆོས་ཅན། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལས་དེ་ཉིད་ཇི་ལྟར་བསྟན་པ་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ་སྟེ། ས་དྲུག་པ་བ་དེ་ཡིས་ཆེས་ཟབ་པའི་ཆོས་དེ་ཉིད་ཇི་ལྟར་རྟོགས་པ་དེ་ལྟར་ཀླུ་སྒྲུབ་ཀྱིས་རྩ་ཤེར་ལུང་དང་། གཞན་ཡང་རིགས་པས་གཏན་ལ་ཕབ་པའི་ཕྱིར། གཉིས་པ་ནི། སོ་སོ་སྐྱེ་བོའི་དུས་ནའང་། སྟོང་པ་ཉིད་ཐོས་པ་ན་ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་ལ། རབ་ཏུ་དགའ་བ་ལས་བྱུང་བའི་ཕྱིའི་རྟགས་སུ་མཆི་མས་མིག་བརླན་ཞིང་ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པའི་གང་ཟག་དེ་ཆོས་ཅན། ཁྱོད་ལ་དམ་པའི་དོན་གྱི་
བདེན་པ་བསྟན་པར་བྱ་སྟེ། ཁྱོད་དེ་ཉེ་བར་སྟོན་པའི་སྣོད་རུང་ཡིན་པའི་ཕྱིར་ཏེ། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་བློ་སྟོང་ཉིད་རྟོགས་པའི་ནུས་པ་མཐུ་ཅན་དུ་ཡོད་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། ཁྱོད་ལ་སྟོང་ཉིད་བསྟན་པ་དེའི་རྗེས་སུ་འགྲོ་བའི་ཡོན་ཏན་མང་པོ་འབྱུང་སྟེ། དེ་སྐྱེ་བ་གཞན་དུ་མི་ཉམས་པའི་ཕྱིར། རྟག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་འགྱུར་ཞིང་། དེ་བསྒོམ་པ་ལ་མི་འཕོངས་པའི་ཕྱིར་སྦྱིན་པ་གཏོང་བར་འགྱུར་ཞིང་། དེ་བྱང་ཆུབ་ཀྱི་རྒྱུར་བསྐྲུན་པའི་ཕྱིར་སྙིང་རྗེ་བསྟེན་པར་བྱེད། འཕགས་པ་རྣམས་དགྱེས་པའི་ཕྱིར་བཟོད་པ་སྒོམ་པར་བྱེད། འགྲོ་བ་འཁོར་བ་ལས་བསྒྲལ་བའི་ཕྱིར། དེའི་དགེ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྟོང་ཉིད་སྟོན་པའི་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད་པའི་རྒྱུ་མཚན་ཡོད་དེ། དེ་སྔར་བཤད་པའི་ཡོན་ཏན་དེ་རྣམས་འབྱུང་བའི་ཁུངས་ཡིན་པའི་ཕྱིར།བཞི་པ་ནི། ཤེས་བྱ་ཆོས་ཅན། རབ་དགའ་དེ་ནི་དོན་དུ་གཉེར་བས་ཟབ་མོའི་ལམ་འདི་མཉན་པར་གྱིས་ཞེས་བསྐུལ་རིགས་ཏེ། ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་པར་འགྱུར་བའི་ཕྱིར།


previousས་དྲུག་པ་མངོན་དུ་གྱུར་པ་བཤད་པ།next