Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
  
 
  
  
  
  
  
  
  
  
  
  
 
  
  
  
  
སྐྱབས་གསུམ་གྱི་རྣམ་གཞག་བཤད་པ།
  
  
11   
 
  
  
 
 
  
  
  
  
  
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousསྐྱབས་གསུམ་གྱི་རྣམ་གཞག་བཤད་པ།next

སྐྱབས་གསུམ་གྱི་རྣམ་གཞག་བཤད་པ།


GLG013_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གསུམ་གྱི་རྣམ་གཞག་བཤད་པ། གཉིས་པ་སྒྲུབ་པའི་རྟེན་ལ་གདམས་པ་ལ། སྤྱི་དོན་དང་ཡན་ལག་གི་དོན་གཉིས། གཉིས་པ་ལ། སངས་རྒྱས་དཀོན་མཆོག་ལ་སྐྱབས་སྟོན་པ་པོར་གདམས་པ། ཆོས་དཀོན་མཆོག་སྐྱབས་དངོས་སུ་གདམས་པ། དགེ་འདུན་དཀོན་མཆོག་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་གདམས་པའོ། །དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། བྱང་སེམས་ཤེར་ཕྱིན་ལ་སྤྱོད་པའི་ཚེ། གཟུགས་ལ་རྣམ་མཁྱེན་ཉིད་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱིས་སངས་རྒྱས་དཀོན་མཆོག་ལ་སྐྱབས་སྟོན་པ་


GLG013_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བདེན་ཞེན་དགག་པའི་ཕྱིར་དུ་གདམས་པ་ཡིན་ཏེ། དམིགས་པར་བྱ་བ་ཡུལ་གཟུགས་སོགས་དང་། དམིགས་པར་བྱེད་པ་ཡུལ་ཅན་ཡེ་ཤེས་གཉིས་བདེན་པས་སྟོང་པར་མཉམ་པ་ཉིད་དུ་ཤེས་པའི་ཡེ་ཤེས་མཐར་ཐུག་དེ་སངས་རྒྱས་དཀོན་མཆོག་གོ་ཞེས་འདོམས་པའི་ཕྱིར། དེར་ཐལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར་མི་དམིགས་པ་ལ་གཟུགས་ལ་སོགས་པ་ཡུལ་ཡུལ་ཅན་དང་། མཚན་ཉིད་དང་། མཚོན་བྱ་དང་། དབྱིངས་དང་རིག་པར་དོན་དམ་པའི་མི་སྦྱོར་ཞིང་། སྦྱར་ནས་ཞེན་བྱར་མེད་དོ་ཞེས་འདོམས་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་མཁྱེན་ལ་གདམས་པས་སངས་རྒྱས་དཀོན་མཆོག་ལ་གདམས་པར་འགྱུར་ཏེ། རྣམ་མཁྱེན་དེ་རང་ཉིད་མངོན་དུ་བྱས་པའི་གང་ཟག་སངས་རྒྱས་སུ་མཚོན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་མཁྱེན་དོན་དམ་པར་མི་དམིགས་པ་ཡིན་ཏེ། སངས་རྒྱས་དང་དག་པ་གཉིས་ལྡན་གྱི་བྱང་ཆུབ་དག་བདེན་སྟོང་དུ་མཚན་ཉིད་གཅིག་པ་ཉིད་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །འདུས་མ་བྱས་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་སྐྱབས་གནས་མཐར་ཐུག་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ཟེར་ན། སངས་རྒྱས་དཀོན་མཆོག་ཡིན་ན། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་དང་ལྡན་པས་མ་ཁྱབ་པར་ཐལ། གང་རུང་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། འདོད་ན། ཁྱབ་པར་ཐལ། གཟུགས་སྐུ་དང་ཡེ་ཤེས་ཆོས་སྐུ་འདུས་མ་བྱས་ཀྱི་ཡོན་ཏན་དང་ལྡན། ངོ་བོ་ཉིད་སྐུ་དེ་མཁྱེན་བརྩེའི་ཡོན་ཏན་དང་ལྡན་པའི་ཕྱིར། དང་པོ་དེར་ཐལ། དེ་གཉིས་སྤངས་པའི་ཡོན་ཏན་དང་


GLG013_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ཕྱིར། གཉིས་པ་དེར་ཐལ། དེ་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ལྡན་པའི་ཕྱིར། དེར་ཐལ། ཟག་པ་མེད་པའི་ཆོས་གང་དག །ཅེས་པའི་གཞུང་འདི་ངོ་བོ་ཉིད་སྐུ་ལ་ལྡན་པའི་ཁྱད་པར་འཆད་པའི་གཞུང་ཡིན་པའི་ཕྱིར། གཞན་ཡང་ངོ་བོ་ཉིད་སྐུ་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ལྡན་པར་ཐལ། དེ་དེ་དང་བཅས་པའི་ཕྱིར། དེར་ཐལ། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་ཅེས་གསུངས་པའི་ཕྱིར། ཁ་ཅིག །བསམ་དུ་མེད་པ་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་ཐེག་ཆེན་གྱི་རྣམ་བྱང་བདེན་པ་དེ་ཐེག་ཆེན་གྱི་ཆོས་དཀོན་མཆོག་གི་མཚན་ཉིད་ཟེར་ན། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། འགོག་བདེན་གྱི་ཡོན་ཏན་དང་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། འགོག་བདེན་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྒྱལ་སྲས་འཕགས་པ་དེ། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཟེར་ན། སངས་རྒྱས་འཕགས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར། འདོད་མི་ནུས། བྱས་པ་ལ་ཁོ་ན་རེ། སངས་འཕགས་ཆོས་ཅན། དགེ་འདུན་དཀོན་མཆོག་མ་ཡིན་པར་ཐལ། ཐེག་ཆེན་དགྲ་བཅོམ་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འགྲེལ་པ་ལས། དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་དགྲ་བཅོམ་པ་མ་གཏོགས་པ། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། ཐེག་ཆེན་དགྲ་བཅོམ་པ་ཡིན་ན་འདིར་བསྟན་གདམས་ཡུལ་གྱི་དགེ་འདུན་མ་ཡིན་པས་ཁྱབ་པ་ལུང་དེའི་དོན་ཡིན་


GLG013_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འོ་ན། མཐར་ཐུག་གི་དཀོན་མཆོག་གསུམ་མེད་པར་ཐལ། ཐེག་ཆེན་དགྲ་བཅོམ་པ་ཡིན་ན་དགེ་འདུན་དཀོན་མཆོག་མ་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། རྒྱུད་བླ་མ་ལས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛོད། གང་ལ་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། རྒྱུད་བླ་དར་ཊཱིཀ་ལས། འདིར་དངོས་སུ་བསྟན་པའི་དཀོན་མཆོག་ནི་ས་དང་པོ་ཡན་ཆད་ཀྱི་དབང་དུ་བྱས་ཤིང་། ས་དང་པོ་ནས་བཅུ་པའི་བར་གྱི་དཀོན་མཆོག་ནི། མཐར་ཐུག་གི་དཀོན་མཆོག་གསུམ་སྒྲུབ་པའི་དབང་དུ་བྱས་པས། ཐེག་པ་ཐུན་མོང་བར་ཐལ་པའི་སྐྱོན་མེད་དེ། ཞེས་བཤད་པ་མི་འཐད་པར་ཐལ་ལོ། །ཁ་ཅིག །རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་ཐེག་ཆེན་འཕགས་པ་དེ་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཟེར་ན། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལ་གནས་པའི་སེམས་དཔའ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར། འདོད་ན། གྲོལ་བའི་ཡོན་ཏན་དང་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། བསྒྲུབས་ཟིན། རོང་ཊཱིཀ་པ་ན་རེ། ལུང་གི་ཆོས་དཀོན་མཆོག་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་ཏེ། དོན་མངོན་པར་རྟོགས་པ་མཐར་ཐུག་པའི་ཚེ་གཟིངས་ལྟར་སྤང་བྱ་ཡིན་པའི་ཕྱིར། སློབ་པའི་ལམ་བདེན་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་ཏེ། རྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར། དེའི་འགོག་བདེན་ཆོས་ཅན། མཐར་ཐུག་གི་


GLG013_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མ་ཡིན་ཏེ། མེད་དགག་ཡིན་པའི་ཕྱིར། ཟེར་ན། ལུང་གི་ཆོས་དཀོན་མཆོག་ཡིན་ན། མཐར་ཐུག་གི་སྐྱབས་མ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་བཀའ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་དཀོན་མཆོག་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་ཡིན་པའི་ཕྱིར། གཟུགས་སྐུ་གཉིས་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་པར་ཐལ། རྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། འདོད་མི་ནུས། ངོ་བོ་ཉིད་སྐུ་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་པར་ཐལ། མེད་དགག་ཡིན་པའི་ཕྱིར། ཁ་ཅིག །ཆོས་དཀོན་མཆོག་ལ་ཀུན་རྫོབ་པའི་ཆོས་དཀོན་མཆོག་དང་། དོན་དམ་པའི་ཆོས་དཀོན་མཆོག་གཉིས་སུ་ཡོད་ཟེར་ན། ཀུན་རྫོབ་པའི་ཆོས་དཀོན་མཆོག་ཡིན་ན་ཆོས་དཀོན་མཆོག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གསུང་རབ་ཡན་ལག་བཅུ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། འགོག་ལམ་གང་རུང་གིས་བསྡུས་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཀུན་རྫོབ་པའི་ཆོས་དཀོན་མཆོག་ཡིན་ན་ཆོས་དཀོན་མཆོག་ཡིན་དགོས་པར་ཐལ། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་ཡིན་ན་སངས་རྒྱས་དཀོན་མཆོག་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །དོན་དམ་པའི་དགེ་འདུན་དཀོན་མཆོག་དང་། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་འགལ་ཟེར་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་མ་ཡིན་པར་ཐལ། དོན་དམ་པའི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། དེར་ཐལ། ལམ་བདེན་པའི་ཕྱིར། དེར་ཐལ། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། འཕགས་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་


GLG013_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བླའི་སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །ཞེས་སོགས་ཀྱི་དོན་ལ། གཞུང་འདིས་གནས་སྐབས་དང་མཐར་ཐུག་གི་སྐྱབས་ཀྱི་ཁྱད་པར་སྟོན་པ་ཡིན་གྱི། ཀུན་རྫོབ་པ་དང་དོན་དམ་པའི་སྐྱབས་ཀྱི་ཁྱད་པར་མི་སྟོན་པས། གཟུགས་སྐུ་གཉིས་ཀུན་རྫོབ་པའི་སྐྱབས་དང་། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཅིག་ཤོས་ཡིན་ཟེར་ན། གཟུགས་སྐུ་གཉིས་ཆོས་ཅན། དངོས་པོའི་གནས་ཚོད་ལ་ལམ་གྱི་བགྲོད་པ་མཐར་མ་ཐུག་པའི་སྐྱབས་ཡིན་པར་ཐལ། ཀུན་རྫོབ་པའི་སྐྱབས་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དངོས་པོའི་གནས་ཚོད་ལ་ལམ་གྱི་བགྲོད་པ་མཐར་ཐུག་པའི་སྐྱབས་ཡིན་པར་ཐལ། རྟགས་དེའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་སྐུ་གཉིས་ཆོས་ཅན། ཀུན་རྫོབ་པའི་སྐྱབས་ཡིན་པར་ཐལ། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་ཡིན་པའི་ཕྱིར་དང་། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དོན་དམ་པའི་སྐྱབས་ཡིན་པར་ཐལ། དོན་དམ་པའི་ཆོས་དཀོན་མཆོག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཐེག་ཆེན་མཐོང་ལམ་པ་ཆོས་ཅན། ཀུན་རྫོབ་པའི་སྐྱབས་མ་ཡིན་པར་ཐལ། དོན་དམ་པའི་སྐྱབས་ཡིན་པའི་ཕྱིར། མ་གྲུབ་ན་སོང་། དེར་ཐལ། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། མ་ཁྱབ་ན། ཁོ་རང་གི་ཁྱབ་པ་གཉིས་པ་ཡོད་པ་བུད། རྩ་བར་འདོད་ན། ཀུན་རྫོབ་པའི་སྐྱབས་ཡིན་པར་ཐལ། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་སྔ་མ་ལ་ཡང་སྔར་བཞིན་ནོ། །ཁ་ཅིག །འདུས་བྱས་ཡིན་ན་སླུ་བ་ཡིན་པས་མ་ཁྱབ་ཟེར་ན། རྩ་ཤེ་ལས། འདུས་བྱས་ཐམས་ཅད་སླུ་བའི་ཆོས། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཁོ་ན་


GLG013_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རེ། ལས་རྒྱུ་འབྲས་ཆོས་ཅན། སླུ་བའི་ཆོས་ཅན་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། འདོད་ན། སླུ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མི་སླུ་བ་ཡིན་པའི་ཕྱིར། མི་སླུ་བའི་ཕྱིར་ན་མ་ཁྱབ། འོ་ན། རི་བོང་རྭ་ཆོས་ཅན། མ་འོངས་པ་ཡིན་པར་ཐལ། མ་འོངས་པའི་ཕྱིར། ཁྱབ་པ་འགྲིག །མ་གྲུབ་ན། ཡོད་པར་ཐལ། འོངས་པའི་ཕྱིར། རྟགས་ཁས། གཞན་ཡང་། སངས་རྒྱས་ཀྱི་བཀའ་ཆོས་ཅན། བདེན་པ་ཡིན་པར་ཐལ། བདེན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱུ་དགེ་བ་སྤྱད་པ་ལས་འབྲས་བུ་བདེ་བ་འབྱུང་བའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྫུན་པ་ཡིན་པའི་ཕྱིར། ཁ་ཅིག །ཚད་མ་ཆོས་ཅན། མི་སླུ་བ་ཡིན་པར་ཐལ། མི་སླུ་བའི་རིག་པ་ཡིན་པའི་ཕྱིར། ཟེར་ན། བཀའ་བརྒྱད་སྟོང་པ་ཆོས་ཅན། ངེས་དོན་ཡིན་པར་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། ཁྱབ་པ་འགྲིག །ཁ་ཅིག །བྱང་སེམས་རྒྱུན་མཐའ་བའི་རྒྱུད་ལ་འབྱུང་རུང་གི་རྣམ་མཁྱེན་དེ་དེའི་འབྲས་སྐྱབས་ཡིན་ཟེར་ན། འདི་ལ་ཁ་ཅིག་གིས། དེའི་རྒྱུད་ལ་འབྱུང་རུང་གི་རྣམ་མཁྱེན་ཆོས་ཅན། ཁྱོད་བྱང་སེམས་རྒྱུན་མཐའ་བའི་དུས་ན་མེད་པར་ཐལ། ཁྱོད་དེའི་འབྲས་སྐྱབས་ཡིན་པའི་ཕྱིར། འདོད་ན། དེ་ལས་སྐྱེ་བཞིན་པའི་རྣམ་མཁྱེན་དེ་དེའི་དུས་ན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ས་བོན་ལས་སྐྱེ་བཞིན་པའི་མྱུ་གུ་དེ་ས་བོན་གྱི་དུས་ན་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ས་བོན་ལས་སྐྱེ་བཞིན་པའི་མྱུ་གུ་ཡོད། དེ་མྱུ་གུའི་དུས་ན་མེད་པའི་ཕྱིར། དང་པོ་དེར་ཐལ། མྱུ་གུ་སྐྱེ་བཞིན་པ་དང་ས་བོན་འགག་བཞིན་པ་དུས་མཉམ་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། མྱུ་གུ་དེ་རང་དུས་སུ་ས་བོན་ལས་སྐྱེ་བཞིན་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་རང་དུས་སུ་དེ་ལས་རྫོགས་པར་གྲུབ་ཟིན་པའི་ཕྱིར། ཞེས་ཟེར་ན། ས་བོན་ལས་


GLG013_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བཞིན་པའི་མྱུ་གུ་དེ། ས་བོན་ལས་སྐྱེ་བཞིན་པ་ཡིན་པར་ཐལ། དེ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། དེ་ལས་སྐྱེ་བཞིན་པ་མ་ཡིན་པར་ཐལ། དེ་ལས་སྐྱེས་ཟིན་པའི་ཕྱིར། མ་ཁྱབ་ན། ས་བོན་གྱི་འབྲས་བུ་ཡིན་ན། ས་བོན་ལས་སྐྱེ་བཞིན་པ་ཡིན་དགོས་པར་ཐལ། མ་ཁྱབ་པའི་ཕྱིར། འདོད་ན། ཆོས་དེའི་འབྲས་བུ་ཡིན་ན་ཆོས་དེ་ལས་སྐྱེ་བཞིན་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། བུད་ཤིང་ལས་སྐྱེ་བཞིན་པ་ཡིན་པར་ཐལ། དེའི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུད་ཤིང་གི་དུས་སུ་མེ་འགག་བཞིན་པ་ཡིན་པར་ཐལ། འདོད་པ་གང་ཞིག །མེ་འགག་བཞིན་པ་དང་དུས་བ་སྐྱེ་བཞིན་པ་དུས་མཉམ་པའི་ཕྱིར། ཁ་ཅིག །བྱང་སེམས་ཚོགས་ལམ་པ་དང་རྒྱུད་ཐ་དད་དུ་གྱུར་པའི་སངས་འཕགས་དེའི་རྒྱུ་སྐྱབས་ཡིན་ཟེར་ན། དེ་ཆོས་ཅན། ཡོད་པར་ཐལ། རྒྱུ་སྐྱབས་ཡིན་པའི་ཕྱིར། འདོད་ན། མེད་པར་ཐལ། སངས་འཕགས་དང་རྒྱུད་ཐ་དད་དུ་གྱུར་པའི་བྱང་སེམས་མེད་པའི་ཕྱིར། དེར་ཐལ། དེ་ཡིན་ན། སངས་འཕགས་དེ་རང་ཉིད་དང་རྒྱུད་གཅིག་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན་དེ་རང་ཉིད་ཀྱི་ཐོབ་བྱ་མཐར་ཐུག་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཅན་ཡིན་ན་སངས་འཕགས་དང་རྒྱུད་གཅིག་ཡིན་དགོས་པར་ཐལ། བྱང་ཆུབ་སེམས་དཔའ་ལ་དེའི་ཕྱིར། འདོད་ན། སངས་ས་འཕགས་ཆོས་ཅན། ཁྱོད་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་སངས་འཕགས་ཡིན་པར་ཐལ། ཁྱོད་དེ་དང་རྒྱུད་གཅིག་པའི་སངས་རྒྱས་འཕགས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། རི་དྭགས་རུ་རུ་ཆོས་ཅན། ཁྱོད་སྟོན་པ་ཤཱཀྱ་ཐུབ་པའི་གོ་འཕང་མངོན་དུ་བྱེད་ངེས་ཀྱི་གང་ཟག་ཡིན་པར་ཐལ། ཁྱོད་དེ་དང་རྒྱུད་གཅིག་ཏུ་གྱུར་པའི་སེམས་ཅན་ཡིན་པའི་ཕྱིར། ཁྱབ་པ་འགྲིག །མ་གྲུབ་ན་


GLG013_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཐལ། ཁྱོད་སེམས་ཅན་གང་ཞིག །སྟོན་པ་ཤཱཀྱ་ཐུབ་པ་དེ་ཁྱོད་དང་རྒྱུད་གཅིག་ཡིན་པའི་ཕྱིར། དེར་ཐལ། རི་དྭགས་རུ་རུའི་སྐྱེ་བ་ལེན་མྱོང་བའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སེམས་ཅན་ཡིན་ན་ཤཱཀྱཱ་ཐུབ་པའི་གོ་འཕང་མངོན་དུ་བྱེད་ངེས་ཡིན་མི་དགོས་པའི་ཕྱིར་། ཁ་ཅིག །རྒྱུ་སྐྱབས་དང་འབྲས་སྐྱབས་འགལ་ཟེར་ན། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། རྒྱུ་སྐྱབས་མ་ཡིན་པར་ཐལ། འབྲས་སྐྱབས་ཡིན་པའི་ཕྱིར། དེར་ཐལ། རྒྱལ་པོ་ང་ལས་ནུའི་འབྲས་སྐྱབས་ཡིན་པའི་ཕྱིར། དེའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སངས་འཕགས་ཡིན་པའི་ཕྱིར། ཁ་ཅིག །གང་ཟག་དེའི་འབྲས་སྐྱབས་ཡིན་ན། གང་ཟག་དེའི་འབྲས་བུ་ཡིན་པས་ཁྱབ་ཟེར་ན། བྱང་སེམས་ཚོགས་ལམ་པའི་ཐོབ་བྱར་གྱུར་པའི་ངོ་བོ་ཉིད་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དངོས་མེད་ཡིན་པའི་ཕྱིར། ཁ་ཅིག །རྒྱལ་པོ་ང་ལས་ནུ་ཆོས་ཅན། ཁྱོད་ཀྱི་འབྲས་སྐྱབས་མེད་པར་ཐལ། ཁྱོད་སངས་རྒྱས་ཡིན་པའི་ཕྱིར། དེར་ཐལ། སྟོན་པ་ཤཱཀྱ་ཐུབ་པར་སངས་རྒྱས་ཟིན་པའི་ཕྱིར། དེར་ཐལ། ཁྱོད་ད་ལྟར་གྱི་དུས་སུ་སྟོན་པ་ཤཱཀྱ་ཐུབ་པར་སངས་རྒྱས་ཟིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ད་ལྟ་ཡོད་པར་ཐལ། དེ་སངས་རྒྱས་པའི་སངས་རྒྱས་ད་ལྟ་ཡོད་པའི་ཕྱིར། དེར་ཐལ། དེ་དང་རྒྱུད་གཅིག་ཏུ་གྱུར་པའི་སངས་རྒྱས་ད་ལྟ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་གྲུབ་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་སངས་རྒྱས་ཟིན་པར་ཐལ་ལོ། །གཉིས་པ་རང་ལུགས་ནི། དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་དེ་སངས་རྒྱས་དཀོན་མཆོག་གི་མཚན་ཉིད། དེ་ལ་དབྱེ་ན། དོན་དམ་པའི་སངས་རྒྱས་དཀོན་མཆོག་དང་། ཀུན་རྫོབ་པའི་སངས་རྒྱས་དཀོན་


GLG013_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གཉིས། ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུ་ལྟ་བུ་དང་པོའི་མཚན་གཞི། གཟུགས་སྐུ་གཉིས་ལྟ་བུ་གཉིས་པའི་མཚན་གཞི། བསམ་དུ་མེད་པ་སོགས་ཡོན་ཏན་བརྒྱད་པོ་ཅི་རིགས་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ་ཆོས་དཀོན་མཆོག་གི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དམ་པའི་ཆོས་དཀོན་མཆོག་དང་། ཀུན་རྫོབ་པའི་ཆོས་དཀོན་མཆོག་གཉིས། འགོག་ལམ་ལྟ་བུ་དང་པོའི་མཚན་གཞི། གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་གཉིས་པའི་མཚན་གཞི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་ཅི་རིགས་དང་ལྡན་པའི་འཕགས་པ་དེ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དམ་པའི་འདུན་དཀོན་མཆོག་དང་། ཀུན་རྫོབ་དགེ་འདུན་དཀོན་མཆོག་གཉིས། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་འགོག་བདེན་ལྟ་བུ་དང་པོའི་མཚན་གཞི་དང་། འཕགས་པའི་གང་ཟག་དེ་གཉིས་པའི་མཚན་གཞི། དངོས་པོའི་གནས་ཚོད་ལ་ལམ་གྱི་བགྲོད་པ་མཐར་ཐུག་པའི་སྐྱབས་དེ་དོན་དམ་པའི་སྐྱབས་ཀྱི་མཚན་ཉིད། སྔར་བཞིན་ལ་མཐར་མ་ཐུག་པ་ཞེས་བསྒྱུར་ནས། ཀུན་རྫོབ་པའི་སྐྱབས་ཀྱི་དོན་དུ་འཇོག །གང་ཟག་གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་ལྟ་བུ་བྱང་སེམས་ཚོགས་ལམ་པའི་རྒྱུ་སྐྱབས་དང་། དེའི་ཐོབ་བྱ་མཐར་ཐུག་ཏུ་གྱུར་པའི་དཀོན་མཆོག་གསུམ་ལྟ་བུ་དེའི་འབྲས་སྐྱབས་སུ་འཇོག་གོ ། གསུམ་པ་རྩོད་པ་སྤོང་བ་ལ། སངས་འཕགས་དང་བྱང་སེམསས་མཐོང་ལམ་པ་གཉིས་ཀ་ཆོས་ཅན། ཀུན་རྫོབ་པའི་སྐྱབས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་གང་རུང་གང་ཞིག །ཅིག་ཤོས་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། སྐྱབས་ཡིན་པའི་ཕྱིར་ན་མ་ཁྱབ། ཕྱི་མ་མ་གྲུབ་ན། བྱང་སེམས་མཐོང་


GLG013_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་པ་དེ་དེ་ཡིན་པར་ཐལ། དེ་གཉིས་ཀ་དེ་ཡིན་པའི་ཕྱིར་ཟེར་ན། ཕྱིར་མི་འོང་ཆོས་ཅན། འདོད་པར་ཚེ་ཡོངས་སུ་གྱུར་པའི་དེ་དང་། འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་དེ་གང་རུང་ཡིན་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་ཆོས་ཅན། ལུས་མངོན་བྱེད་ཀྱི་ཕྱིར་མི་འོང་དང་། ལུས་མངོན་བྱེད་མ་ཡིན་པའི་ཕྱིར་མི་འོང་གང་རུང་ཡིན་པར་ཐལ། ཕྱིར་མི་འོང་ཡིན་པའི་ཕྱིར། ཁྱབ་པ་འགྲིག །ཁ་ཅིག །རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཆོས་ཅན། མཚན་ཉིད་དེར་ཐལ། ཆོས་དཀོན་མཆོག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། ཡང་ཁ་ཅིག །ངོ་བོ་ཉིད་སྐུ་ཆོས་ཅན། སེམས་དང་ལྡན་པར་ཐལ། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ལྡན་པའི་ཕྱིར། འདོད་ན། སེམས་ལྡན་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། སྟོང་ཉིད་རྟོགས་པའི་རྣམ་མཁྱེན་ཆོས་ཅན། གཞི་ཤེས་ཡིན་པར་ཐལ། གཞི་ཤེས་པའི་ཕྱིར། ཁྱབ་པ་ཁས། སྨྲས་པ། འཇིགས་རུང་འཁོར་བའི་ཆུ་གཏེར་རྦ་ཀློང་དབུས། །སྒྲིབ་གཉིས་རལ་གྲིའི་སོ་ཅན་རྒྱུ་བའི་མཚོར། །ཕུལ་བྱུང་མཐར་ཐུག་སྐྱབས་ཀྱི་གྲུ་རྫིངས་ལས། །ཀུན་མཁྱེན་གླིང་དུ་བགྲོད་ཐབས་འདི་རྨད་བྱུང་། །འཕགས་ཡུལ་མཁས་མང་ལེགས་བཤད་དབང་པོའི་གཞུ། །གླེགས་བུའི་ཀུན་གསལ་ངོས་སུ་ཤར་བའི་གཟུགས། །རྣམ་དཔྱོད་ལང་ཚོ་མ་རྒྱས་བྱིས་པ་དག །ཆེན་པོར་རློམ་ཡང་བརྗོད་པའི་ཡུལ་ལས་འདས། །ཐོས་བྲལ་འཇིག་རྟེན་དྲེགས་པའི་ཅོད་པན་དང་། །དུད་འགྲོའི་ལུས་རྟེན་སྒྲུབ་པའི་སྒོམ་ཆེན་པ། །རྫུན་ཟོག་གཞན་སྣང་འཁྲུལ་བྱེད་དམ་པ་རྣམས། །གཞུང་ལུགས་འདི་འདྲ་མཐོང་ཚེ་ངོ་འཛུམ་གནག །ཟང་ཟིང་གིས་འཕོངས་ཐོས་པའི་བང་མཛོད་ཅན། །ཚུལ་འཆོས་གོས་བྲལ་ལེགས་བཤད་རྒྱན་གྱིས་སྤྲས། །གཅམ་བུའི་གཏམ་སྤངས་ལུང་རིགས་


GLG013_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་ཅན། །བློ་ལྡན་དེ་འདྲ་ཚུལ་འདིར་ཁོང་འཛུམ་འཆོར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཆོས་དཀོན་མཆོག་ལ་གདམས་ཚུལ་ནི། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་ཅེས་བྱ་བར་མི་སྤྱོད་ཅེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱིས་ཆོས་དཀོན་མཆོག་ལ་བདེན་ཞེན་དགག་པའི་ཕྱིར་དུ་གདམས་པ་ཡིན་ཏེ། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་དུ་བསྡུས་པའི་གཞི་དང་གཉེན་པོ་དང་རྣམ་པའི་གསལ་བའི་དབྱེ་བ་མཐའ་དག་བསྡུས་པ་དག་གིས་བསྡུས་ཤིང་བསྡོམས་པའི་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་དོ་ཞེས་འདོམས་པའི་ཕྱིར། གསུམ་པ་དགེ་འདུན་དཀོན་མཆོག་ལ་གདམས་ཚུལ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་ལ་དོན་དམ་པར་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ། །ཞེས་ལུང་འབོག་པའི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱིས་དགེ་འདུན་མཆོག་ལ་འདོམས་པ་ཡིན་ཏེ། ཁྱོད་ཀྱིས་དགེ་འདུན་དཀོན་མཆོག་ལ་ལམ་སྒྲུབ་པའི་གྲོགས་སུ་བདེན་ཞེན་དགག་པའི་ཕྱིར་དུ་འདོམས་པའི་ཕྱིར། འབྲས་བུ་ལ་གནས་པ་གསུམ་དང་ཞུགས་པ་བཞིའི་བྱེ་བྲག་གིས་ཏེ། ཁྱད་པར་གྱིས་སྐྱེས་བུ་ཆེན་པོ་བདུན་པོ། རང་སངས་རྒྱས་འཕགས་པ་དང་ལྷན་ཅིག་བརྒྱད་པོའི་མིང་ཅན་གྱི་བྱང་འཕགས་ཆོས་ཅན། ཁྱོད་ལ་དུ་མར་དབྱེ་རུང་སྟེ། རྒྱུན་ཞུགས་ཞུགས་པ་དབང་པོ་རྟུལ་པོ་ལ་སོགས་པ་ནས་རང་རྒྱལ་གྱི་མིང་ཅན་གྱི་བྱེ་བྲག་གིས་ཏེ་ཁྱད་པར་གྱིས་གྲངས་ཉི་ཤུར་འཆད་པའི་ཕྱིར། ཐེག་པ་ཆེན་པོའི་དགྲ་བཅོམ་པ་ཆོས་ཅན། ཁྱོད་སྐབས་འདིར་དངོས་སུ་བསྟན་པའི་དགེ་འདུན་དཀོན་མཆོག་གི་ནང་དུ་མ་གཏོགས་པ་ཡིན་ཏེ། ཁྱོད་འདིར་དངོས་སུ་བསྟན་པའི་


GLG013_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར། གསུམ་པ་སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པ་ལ་གསུམ། མི་མཐུན་ཕྱོགས་མངོན་གྱུར་སེལ་བ་ལ་གདམས་པ། ལམ་ཁྱད་པར་ཅན་སྒྲུབ་པ་ལ་གདམས་པ། སྤང་བྱའི་ས་བོན་སེལ་བ་ལ་གདམས་པའོ། །དང་པོ་ལ་གསུམ་ལས། སྒྲུབ་པ་མི་ཉམས་པའི་རྒྱུ་ལ་གདམས་པ་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་ནི་ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱིས་སྒོ་གསུམ་གྱི་བྱ་བ་ངན་པ་ལ་མ་ཞེན་པའི་བརྩོན་འགྲུས་བརྩམ་པ་ལ་འདོམས་པ་ཡིན་ཏེ། ལུས་དང་ལ་སོགས་པས་ངག་ཡིད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་པར་གྱིས་ཤིག་ཅེས་བསྟན་པའི་སྒོ་ནས་འདོམས་པ་ཡིན་པའི་ཕྱིར། དེ་ལྟར་གདམས་རིགས་ཏེ། སྟོང་ཉིད་ཀྱི་དོན་ལ་གོམས་པར་མ་བྱས་ན། བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་སྔར་སེམས་བསྐྱེད་ཀྱི་སྐབས་སུ་ཇི་སྐད་བཤད་པའི་དོན་ལ་སྒྲུབ་པ་ནན་ཏན་བྱེད་པ་ལ་དབང་རྟུལ་ལ་མངོན་པར་ཞེན་པར་འགྱུར་བས་དེ་སྤང་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱུ་དེ་སྤོང་ཚུལ་ཡོད་དེ། བྱ་བ་ཕལ་པ་ལ་ཆགས་པའི་ལུས་ལ་སོགས་པའི་འདོད་པ་བསོད་ནམས་ཉིད་ཀྱིས་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་སྒྲུབ་པ་འཕེལ་བའི་རྒྱུ་ལ་གདམས་པ་ནི། བྱང་ཆེན་ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ་གཟུགས་སུ་མི་རློམ། ཚོར་བར་མི་རློམ་ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱིས་སྒྲུབ་པ་བྱེད་པའི་ཚེ་ཡོངས་སུ་ངལ་པ་མེད་པའི་བརྩོན་འགྲུས་ལ་འདོམས་པ་ཡིན་ཏེ། ཁྱོད་གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་བདེན་པར་རློམ་པ་མེད་པ་ཉིད་དུ་རྟོགས་པར་གྱིས་ཤིག་ཅེས་བསྟན་པའི་གདམས་ངག་ཡིན་པའི་ཕྱིར། དེ་ལྟར་གདམས་རིགས་
ཏེ། སྒྲུབ་པ་ལ་དུས་ཡུན་རིང་མོ་ཞིག་ཏུ་གོམས་པར་བྱས་ཀྱང་། ཇི་ལྟར་འཚམ་པའི་འདོད་པའི་དོན་མ་གྲུབ་ན་དད་པའི་རང་བཞིན་ཅན་གྱི་དབང་རྟུལ་ལ་ལ་ཡོངས་སུ་སྐྱོ་བར་འགྱུར་བས་དེ་སེལ་དགོས་པའི་ཕྱིར། གསུམ་པ་ཐེག་དམན་དུ་མི་ལྟུང་བའི་རྒྱུ་ལ་གདམས་པ་ནི། ཤཱ་རིི་བུ། བྱང་ཆེན་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅེས་སོགས་ཀྱི་ཡུམ་བར་མའི་མདོ་ཆོས་ཅན། ཁྱོད་ཀྱིས་ཐེག་པ་ཆེན་པོར་ལམ་ཡོངས་སུ་གཟུང་བའི་བརྩོན་འགྲུས་ལ་གདམས་པ་ཡིན་ཏེ། ཁྱོད་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་སློབ་པའི་གདམས་ངག་ཡིན་པའི་ཕྱིར། དེ་ལྟར་གདམས་རིགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ལས། དོན་རེ་རེའི་ཕྱིར་དུ་ལམ་གྱི་ལུང་ནོད་པར་བྱ་དགོས་ན། དེ་འདྲ་ག་ལ་ནུས་སྙམ་དུ་སེམས་ཞུམ་པར་འགྱུར་བས་དེ་སེལ་དགོས་པའི་ཕྱིར། །


previousསྐྱབས་གསུམ་གྱི་རྣམ་གཞག་བཤད་པ།next