Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
collapse section
  
 
  
  
  
  
 
  
  
12  collapse section
  
 
 
  
 
  
 
ཕན་བདེ་འབྱུང་གནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་སོགས།
 
 
  
  
  
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousཕན་བདེ་འབྱུང་གནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་སོགས། next

ཕན་བདེ་འབྱུང་གནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་སོགས།


GTN006_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་ནས་རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པུའི་ལམ། སྐྱེ་དགུའི་ཕན་བདེ་མཐའ་དག་འབྱུང་བའི་གཞི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཇི་ལྟར་བསྐྱེད་པའི་ཚུལ་ནི། སྔར་གྱི་གནས་དེ་ཉིད་དུ། བདེ་གཤེགས་མྱ་ངན་མེད་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པ་མཚན་བརྗོད་པར་དཀའ་ཡང་ཐོས་པ་ལ་དོན་མཆོག་ཏུ་གྲུབ་པའི་དགོས་པ་ཡོད་ཕྱིར་སྨོས་ན་རབ་འབྱམས་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་མཆོག་ཏུ་གང་བ་དེ་ཉིད་ཀྱི་མདུན་ནས། སྨོན་འཇུག་གི་ཆོ་ག་སྟབས་གཅིག་ཏུ་ལེན་པ་རྒྱལ་སྲས་ལམ་བཟང་གི་སྟེང་ནས་གསན་བཞེས་མཛད། སླད་ནས་ལྷ་སྲས་རྣམ་རོལ་གྲུབ་པའི་དབང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་མདུན་


GTN006_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་ཞེ་ཆེན་པའི་བླ་སྤྲུལ་གྲྭ་ཚང་རྣམས་དང་ལྷན་གཅིག་ཏུ་ལན་ཅིག་གསན། རྡོ་རྗེ་ཐེག་པའི་དབང་ཆོག་རྣམས་ནི་རྡོ་རྗེ་འཆང་དངོས་རབ་འབྱམས་དང་རྒྱལ་ཚབ་རྣམ་གཉིས་མདུན་ནས། བཀའ་བརྒྱད་རྣམ་གཉིས་ཀྱི་དབང་ཆེན་དང་། བདེ་གཤེགས་ཀུན་འདུས། ཞི་ཁྲོ་སོགས་གསན་པས་མཚོན། རང་གཞན་གྱི་སྐྱེས་ཆེན་རྣམས་ཀྱི་མདུན་ནས་སྔ་ཕྱི་ཀུན་ཏུ་སྔགས་གསར་རྙིང་གི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པར་མཛད་པས་སུམ་ལྡན་རྡོ་རྗེ་འཛིན་པ་མཆོག་ཏུ་གྱུར་པ་དེ་བཞིན་ལ་སོར་བྱང་གསན་བཞེས་མཛད་གྲུབ་པའི་དེ་མ་ཐག་ཟླ་བདུན་པའི་ཚེས་སྟོད་ནས་དགེ་རྩེ་རྫ་ཆུ་ཁ་ལ་དབྱར་བསོད་དུ་ཕེབས། རྟ་ཕོ་རྒོད་ལྔ་བཅུ་ཙམ་དང་། རྟ་ནོར་བརྒྱ་ལྷག་དང་། དངུལ་རྡིལ་ཚད་དྲུག །མར་རྒྱ་ལྔ་བརྒྱ་སོགས་བླ་བྲང་ལ་དངོས་པོའི་འོང་སྒོ་བཟང་། ལོ་དེ་ནང་ཀཿ ཐོག་རྡོ་རྗེ་འཆང་དགེ་རྩེ་རིན་པོ་ཆེ་ཞེ་ཆེན་དུ་ཕེབས། ཞེ་ཆེན་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་དང་ཐུགས་དགོངས་ནང་གཤིན་གཅིག་འདྲེས་ཡིན་ནས་ཡིན་བཞིན་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་དབང་ལུང་ཕར་ཕུལ་ཚུར་ཕུལ་མཛད་རིགས་ཚང་མ་གསན་བཞེས་མཛད། དེའི་སྟོན་ཀ་རྫ་རྒྱུད་ལ་འབྲུ་ལྡོམ་ཐོག་མ་བྱོན། དེ་ནས་བླ་བྲང་གི་འབྲུ་ལྡོམ་ལོ་བསྟར་འགྲོ་རྒྱུ་ཞིག་གི་སྲོལ་ཡོད་པ་ལྟར་ལོ་འགའ་ལ་བྱོན། དེ་ནས་སྟོད་འབྲེལ་སྐད་དུ་རབ་བྱུང་ཞེས་པ་འབྱུང་ཁམས་མེ་ཡོས་ལོ་རབ་བྱུང་བཅུ་བཞི་པའི་ཐོག་མར། རྒྱལ་ཚབ་རྡོ་རྗེ་འཆང་རིན་པོ་ཆེ་སངས་རྒྱས་གཉིས་


GTN006_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ་པདྨ་ཀ་རའི་བསླུ་མེད་ལུང་གིས་གནང་བ་ཐོབ་པ་ལྟར་སེངྒེ་གནམ་རྫོང་གི་གནས་སྒོ་གསར་དུ་འབྱེད་པའི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་སྒོ་མངོན་དུ་གྱུར་པའི་མཐུན་པའི་རྐྱེན་གང་ལ་གང་འོས་ཐམས་ཅད་མཛད་པས་བླ་མའི་ཐུགས་དགོངས་ལྷག་པར་མཉེས་པར་གྱུར་པ་མཛད། དེ་མཉམ་རི་ཁྲོད་བདེ་ཆེན་པདྨ་འོད་གླིང་གསར་དུ་བཞེངས། རྡོ་བླ་གྲུབ་ཆེན་རིན་པོ་ཆེ་ཡང་ཕེབས་དེ་མདུན་ནས་དབང་ཆོས་གདམས་པ་དུ་མ་གསན། སྒ་ར་ཉག་གྲུབ་ཆེན་ཡང་བྱོན་དབང་ལུང་མང་དུ་གསན། ཁྱད་པར་ཐ་སྙད་རིགས་ལམ་རྒྱ་མཚོར་འཇུག་པའི་སྒོ་ར་སྟོད་ཡིག་ཆའི་སྟེང་ནས་བསྡུས་གྲྭའི་བཤད་པ་ཞིག་ཀྱང་གསན་བཞེས་མཛད། དེའི་སྟོན་ཁར་ལྕགས་མདུད་ཉག་རོང་གཟུར་བ་བླ་མ་ལྷུན་གྲུབ་བཀྲ་ཤིས་ཀྱིས་ལྷ་འབེལ་གསང་སྔགས་ཆོས་གླིང་དགོན་པ་གསར་བཏབ་ལ། ཐོག་མའི་རབ་གནས་དང་དགོན་དེར་དབང་ལུང་སོགས་ཀྱིས་ཐུགས་བཞེད་མཐའ་དག་བསྐངས། དེ་ནས་ས་སྟོད། ཞུར་བ་གོང་འགབ། ཟླ་གེ་བཅས་ལ་འབྲུ་ལྡོམ་དབང་ཆོས་གང་དགོས་དང་། ཁྱད་པར་གཟུར་བ་ཁྲོམ་སྐྱེ་ཕོ་མོ་སྟོང་ཕྲག་ཙམ་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཐུན་མོང་གི་སྔོན་འགྲོའི་ཁྲིད་རྒྱས་པའི་ལུགས་སུ་མཛད། དགེ་སྒྲུབ་སྡིག་སྤོང་གི་ཁས་ལེན་དང་། ཁྱད་པར་སྔོན་འགྲོའི་ཁྲིད་སྦྱོང་གཞུང་ནས་བཤད་པ་ལྟར་སྒྲུབ་པ་ཉམས་ལེན་བྱེད་མཁན་མང་དུ་བྱུང་། ཡུལ་སྡེ་དཔོན་ཤོག་ནང་འཁྲུག་ཡོད་པ་བཤད་གཏམ་གྱི་མཐའ་ཆོས་དམ་གྱིས་བསྡུས་ཏེ་འདུམ་པར་མཛད། བླ་གྲྭ་ཚང་མར་ནས་སྒྲོམ་ལྔ་བརྒྱ་ལྷག་ཙམ་དང་།


GTN006_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བླ་བྲང་ལ་རྒྱ་དངུལ་རྡིལ་ཚད་གཅིག་སོགས་འབུལ་ནོད་བཟང་། རང་གཞན་འཕྲལ་ཡུན་གྱི་དགོས་པ་དུ་མ་འགྲུབ་ནས་ཚོང་པ་རིན་ཆེན་གླིང་ནས་འཁོར་བ་ལྟར་ལེགས་ལམ་གྱིས་རང་གནས་སུ་འབྱོར་བ་མཛད། ལོ་དེ་ནང་རྒྱལ་ཚབ་རིན་པོ་ཆེ་སྐུ་ཁམས་མི་དྭངས་བའི་ཚུལ་མཛད་པ་རང་གཞན་ལྷ་བླའི་དགོངས་པར་གང་བྱུང་རིམ་གྲོར་ཇ་འཁོར་དྲུག་སུམ་བརྒྱ་ཙམ་གྱིས་བསྒྲུབས་པས་ཟླ་བ་སྤྲིན་བྲལ་ལྟ་བུར་གྱུར། ས་འབྲུག་ལོ་བྱང་དགེ་རྩེའི་ཕྱོགས་ལ་དབྱར་ལྡོམ་ལ་བྱོན་གདུལ་བྱ་བཟང་། དབྱར་སྒར་སྟེང་ནས་དགེ་སྤྲུལ་རིན་པོ་ཆེ་དང་ཞལ་མཇལ། གསོལ་སྟོན་ལེགས་འབུལ་སོགས་མཛད་དེ་ལེགས་ཚོགས་སྟབས་འགྲིགས་མཐའ་རྒྱས་མཛད། འདི་ལོ་ཟླ་བ་དྲུག་པ་ཙམ་གྱི་ནང་ནས་རབ་འབྱམས་རྡོ་རྗེ་འཆང་རིན་པོ་ཆེ་བསྙུང་ཚུལ་མཛད་པ། འཇིག་རྟེན་པའི་བྱ་བ་དང་སྒོ་བསྟུན་ཏེ་རང་གཞན་གྲུབ་མཐའ་རིས་སུ་མ་ཆད་པའི་བླ་མ་དང་ལྷ་སྲུང་གིས་བརྟགས་བབས་རིགས་ཆེ་ཕྲ་ཐམས་ཅད་ཇ་འཁོར་དྲུག་བཞི་བརྒྱ་ཙམ་གྱིས་གཏོང་སྒོ་བྱས་ཏེ་ཞབས་བརྟན་བསྒྲུབས་ཀྱང་མ་ཕན་པ་བསྟན་འགྲོའི་བསོད་ནམས་ཀྱིས་མ་ཆུན་པར་ཟླ་བ་དགུ་བའི་ཚེས་བཅུའི་སྲོད་ལ་ཞིང་ཁམས་གཞན་དུ་གཟིགས་པའི་ཚུལ་མཛད་པའི་དགོངས་རྫོགས་རྒྱས་པར་སྒྲུབ་པར་མཛད་པ་རྣམས། རྒྱལ་ཚབ་རྡོ་རྗེ་འཆང་གིས་ལུགས་ཟུང་རྣམ་དཔྱོད་མཆོག་ཏུ་ཡངས་པའི་མཛད་པ་ལ་སྒོ་ཐམས་ཅད་ནས་མཐུན་རྐྱེན་གང་ལ་གང་དགོས་གཟིང་གི་ཁ་ལོ་པ་ལྟར་གཞན་འགྲན་བྲལ་བ་མཛད། དེ་


GTN006_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ནག་ཕྱོགས་ཀྱི་བྱིན་རླབས་ཕྲག་དོག་གདུག་པའི་སེམས་ལྡན་གྱི་རྒྱུད་ལ་ཞུགས་པས་མ་ཉེས་པའི་ཁ་ཡོག་སོགས་ཀྱིས་བཞུགས་ཉམས་བདེ་མིན་བྱུང་བ་སྤྱིར་མ་ཉེས་པའི་ཁ་ཡོག་ནི་ལས་སྒྲིབ་དག་པའི་སྔ་ལྟས་སུ་ཐེག་པ་མཆོག་གི་གཞུང་རྣམས་སུ་གསལ་བ་དང་། བྱེ་བྲག་ཏུ་འཇིག་རྟེན་པའི་གཏམ་དཔེ་ལའང་། བདེན་དང་ལུང་བ་ཕུ་ཐག་རིང་ཟེར་བའི་དཔེས་ལས་ཀྱི་མཐའ་ཚུལ་བཞིན་མངོན་པ་ཆོས་ཉིད་བསླུ་མེད་ཡིན་པ་གདེང་བཅས། ཁྱད་པར་མཉམ་མེད་ཇོ་བོས་འབྲོམ་ལ་གདམས་པ་ལས། ཡ་མཚན་བརྒྱ་ཡིས་བསྐོར་གྱུར་ཀྱང་། །མི་རྟོག་སེམས་དེ་དཔའ་བོ་ཡིན། །གནོད་པ་བརྒྱ་ཡིས་རབ་གཙེར་ཀྱང་། །ཇི་མི་སྙམ་དེ་དཔའ་བོ་ཡིན། །བསྟོད་ར་ཚིག་གིས་རབ་མཆོད་ཀྱང་། །དགའ་བར་མི་སེམས་དཔའ་བོ་ཡིན། །ཞེས་གསུངས་པ་ལྟར་སྐྱིད་སྡུག་རོ་སྙོམས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྐྱངས་པས། རྐྱེན་ངན་ལམ་དུ་བསླངས་ནས་མཐར་སྤྲིན་དང་བྲལ་བའི་ཉི་མའི་དཀྱིལ་འཁོར་ལྟར་བྱུང་བ་ཡིན་གསུངས་པ་ལྟར། དེ་དུས་ཀྱི་སྐྱེ་བོ་ཐམས་ཅད་ལ་ཚད་མར་གྱུར་པའི་ལོ་རྒྱུས་ད་ལྟའི་བར་ཡོད་པ་ཡིན། དེ་ནས་ལྕགས་རྟ་ཟླ་བ་བདུན་པའི་ཚེས་བཅུ་བཞི་ལ་ཀཿ ཐོག་ནས་མགར་བ་ཆེད་བཏང་མཛད་པ་དང་། ཆབ་མདོའི་མགར་བ་རྣམས་བཅས་ཀྱིས་རབ་འབྱམས་རིན་པོ་ཆེའི་གདུང་རྟེན་གསེར་ཟངས་ལས་གྲུབ་པ་ཁྱད་མཚར་བཞེངས་གྲུབ་ནས་རབ་གནས་བཅས་གེགས་མེད་ལེགས་ལམ་མཛད། དེའི་དགུན་ཁར་རྒྱལ་ཚབ་རིན་པོ་ཆེ་ཤར་ཀཿ ཐོག་ཏུ་ཕེབས་པའི་ཞབས་ཕྱིར་བླ་མཆན་ལ་བྱོན། ཀཿ ཐོག་


GTN006_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱོང་། དགེ་རྩེ་རིན་པོ་ཆེ། སྤྲུལ་སྐུ་ཨོ་རྒྱན་བསམ་གྲུབ་སོགས་ལ། རྒྱལ་ཚབ་དམ་པས་མཛོད་བདུན་དང་མདོ་དབང་སོགས་ཕར་ཕུལ། ཚུར་རཏ་གླིང་དང་འཇའ་ཚོན་གྱི་སྐོར་རྣམས་གསན་པ་ཐམས་ཅད་གསན་བཞེས་མཛད། དེ་ནས་དཔལ་ཀཿཐོག་པའི་བླ་མ་རྣམས་ལ་འབུལ་བ། འཚོགས་པ་ལ་ཕྱག་འགྱེད་རྒྱ་ཆེན་མཛད། ཟླ་བ་གསུམ་བཞུགས་ནས་ཚུར་ཕེབས། དེ་རིགས་ཞིབ་ཆ་རྒྱལ་ཚབ་རྣམ་ཐར་དུ་གསལ། ལྕགས་ལུག་ལོར་ཀཿ ཐོག་ཕྱག་ཚྭ་མཆོག་སྤྲུལ་ཞེ་ཆེན་རི་ཁྲོད་དུ་ཕེབས། དབང་ལུང་གདམས་པ་མང་པོ་ཕར་གསན་ཚུར་གསན་མཛད་པ་ཀུན་ཀྱང་གསན། ལར་ནམ་དུ་ཡང་དམ་པའི་ཆོས་ལ་དེས་ཆོག་དང་རིས་བོར་མེད་པས་གསན་རྒྱ་ཆེ་བ་དང་། གལ་ཆེ་ཤོས་རྣམས་ལན་གྲངས་མང་པོར་བལྡབ་སྟེ་གསན་བཞེས་མཛད་པ་གསན་ཡིག་ནང་འཁོད་ལྟར་ཡིན། ཀཿ ཐོག་ཕྱག་ཚྭ་རྡོ་རྗེ་འཆང་ལའང་ཞེ་ཆེན་ནས་འབུལ་བ་དགའ་སྟོན་རྒྱ་གང་ཆེ་མཛད་ནས་ཕར་ཕེབས། དེ་རྗེས་ཞིང་སྐྱོང་རིན་པོ་ཆེ་རབ་འབྱམས་ཀྱི་གསེར་གདུང་རབ་གནས་ལ་ཆེད་དུ་ཕེབས། ཆུ་སྤྲེལ་ལོར་གཙོ་ཁང་གི་ལྷ་རྣམས་ཉམས་གསོ་ལེགས་པར་གྲུབ། ལོ་དེར་ལྷོ་ཁོག་ཏུ་དཀར་བསོད་ལ་ཕེབས་པར་ཡབ་ཡུལ་དུ་སོང་གཤིས་ཉེ་འབྲེལ་རྩ་ལག་དུ་མར་སྐྱིད་སྡུག་གི་ལྟ་རྟོག་མགོ་འདྲེན་དགོས་རིགས་དང་། ཁྱད་པར་དུ་སིབ་དགོན་གྱི་གྲྭ་ཚང་སྤྱི་རྫས་ཉམས་པ་སོགས་ཞབས་ཕྱི་གང་དགོས་ཞིབ་ཆ་མཛད་པ་ལ། སིབ་སྤྲུལ་དང་སྔར་ནས་བཟང་རྩིས་ཆེ་བ་དང་། ཕོ་གྱམ་ནང་ཙ་དུས་


GTN006_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བསམ་པ་བཟང་པོས་ཞབས་ཕྱི་འབུལ་རྒྱུ་བྱས་ན་ཡང་། དབུ་ཆེ་ཚོ་ལ་ཞེ་ཆེན་ངོས་ནས་ཚིག་འགྲོ་བ་ཞིག་མེད་པ་གཞིར་བཅས་དེ་ཐོག་ནང་བརྙས་ཕོ་ཚོད་ཆེ་བར་སྣང་བས་ལས་ཀ་ཇི་བཞིན་ལམ་འགྲོ་དཀའ་བར་སྣང་ཡང་། མཁར་བོའི་རྒྱུ་རྩ་སྐོར་ལ། ཟུར་མང་གཏེར་སྟོན་དང་སྤུན་ཟླར་གྱུར་པས་དབུ་རྣ་གཟིགས་ཕྱོགས་ཆེ་བས་ལྟ་རྟོག་ཐམས་ཅད་མཛད་ཆོག་པ་གནང། སིབ་ཀྱི་དབུ་ཆེ་རྣམས་ནས་ཟ་རྒྱུ་མི་རྙེད་བསམ་པའི་ཚིག་སྣ་ཚོགས་ཁ་ནས་ཐལ་ཏེ་རང་མཚང་རང་གིས་བཏོན་པ་མང་དུ་བྱུང་ཡང་། ཁོང་ཡངས་བློ་ཆེན་ལྟ་བུས་དེ་ཐད་ལན་མ་སྨྲས། ཡུལ་དཔོན་ནོར་བུ་རྒྱལ་ལུགས་དང་མཐུན་པའི་རྣམ་དཔྱོད་ཡངས་ཤིང་། བྱ་བ་གང་དགོས་སྒྲུབ་པ་ལ་སྤོབས་པ་མི་ཞན་པ་དང་གྲོས་བསྟུན་པས་ལས་དོན་འཕྲོ་གཙང་ལེགས་པ་བྱུང་གསུངས། འོན་ཀྱང་ལས་ཀ་ཐམས་ཅད་ཚང་མ་གྲོས་བསྟུན་ཞིབ་ཆའི་སྒོ་ནས་མི་དྲང་རང་དྲང་གིས་སུ་ལའང་འགལ་འདུ་མེད་པར་མཛད། སིབ་དགོན་དང་གཤོང་ནག་གཉིས་ཀར་འབུལ་བ་ཕྱག་འགྱེད་རྒྱ་ཆེན་མཛད། ཤངས་ཐོ་དགོན་ལ་ཕེབས་ནས་མང་ཇ་དང་དར་འགྱེད་སོགས་ཀྱིས་བསྙེན་བཀུར་ཞུ་བར་མཛད། ཟུར་མང་དུ་བྱོན་དུས་གཏེར་སྟོན་ཚང་སྤུན་ཟླར་གྱུར་པས་འཇིག་རྟེན་ལུགས་ཀྱིས་ཕན་ཚུན་ནང་གཤིན་བླ་ན་མེད་པ་དང་། ཁྱད་པར་ཆོས་ཕྱོགས་ནས་རོལ་རྡོར་གྱི་ཆོས་སྐོར་ཚང་མའི་དབང་ལུང་གསན་འདུན་ཡོད་བཞིན་རོལ་རྡོར་ཆོས་སྐོར་ཚང་མ། ཡོན་དགེའི་ཆོས་སྐོར་པདྨ་བཛྲ་སོགས་ཀྱི་དབང་ལུང་མང་དུ་གསན། previous hit ཆུ་བྱ་ཟླ་བ་གསུམ་པའི་ནང་ཨ་ཁུ་ཀུན་བཟང next hit་འདས་པ་


GTN006_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་དུས་སྐུ་རིམ་དང་། འདས་རྗེས་དགོན་འདི་དང་སིབ་དགོན་སོགས་སུ་ཆོས་རྩ་བཅས་ཁོང་རང་ལ་གང་ཡོད་འཁོར་དྲུག་བརྒྱ་དང་བཅུ་གཉིས་ཙམ་གྱི་བབ་ཡོད་པ་གཙང་དག་བྱས་ཏེ་ཆོས་ཕྱོགས་སུ་བཏང་། དེ་རྗེས་བླ་མ་དྲག་པོའི་བསྙེན་མཚམས་ཟླ་བ་གཅིག་མཛད། མཚུངས་མེད་ཆོས་ཀྱི་སྤྱན་ལྡན་གཞི་ཆེན་སྤྲུལ་སྐུ་བསོད་ནམས་དཔལ་ལྡན་ལ་དབང་ལུང་གདམས་ཁྲིད་མང་ཞིག་ཕུལ། དེ་ནས་ཤིང་ཁྱི་གནམ་ལོ་གསར་འཆར་དགུང་གྲངས་ཉེར་བརྒྱད་བཞེས་པའི་དབོ་ཟླའི་ནང་། རབ་འབྱམས་མཆོག་སྤྲུལ་བཞི་པ་བ་ཡན་དཔོན་ཚང་ལ་འཁྲུངས་པའི་ཁྲི་སྟོན་གྱི་སྟ་གོན་དང་། ཆིབས་བསུ་ལ་བྱོན་ནས། ཚེས་བཅུ་གཅིག་རེས་གཟའ་ལྷ་ཡི་བླ་མ་དང་། རྒྱུ་སྐར་རྒྱལ་གྱི་འགྲུབ་སྦྱོར་ཕུན་སུམ་ཚོགས་པའི་ཉིན། དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་མི་མཇེད་ཞིང་གི་སྟོན་པ། ༧གར་དབང་ཆོས་ཀྱི་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པར་གསེར་ཁྲིར་མངའ་གསོལ། དེ་སྐབས་ཀྱི་སེར་སྦྲེང་གི་བཀོད་པ་དང་། བརྟན་བཞུགས་ཀྱི་བཤད་པ། མཎྜལ་གྱི་རྣམ་བཤད། རྒྱུད་རྒྱལ་གསང་བ་སྙིང་པོའི་ཚོགས་བཤད། རྡོ་རྗེ་ལྷ་མོ་བཅུ་དྲུག་གི་གླུ་འགྲོས་སྤྲོས་བཅས་གར་འཆམས་ཀྱི་རིམ་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་རྣམས་མཁས་པ་མགུ་བ་བསྐྱེད་པ་བྱེད་པ་དང་། གཞན་སྟོན་མོ་ཆེ་ཆུང་གི་རྣམ་བཞག །ཡབ་ཡུམ་གྱི་གཙོས་ཉེ་འབྲེལ་རྣམས་ལ་བསྙེན་བཀུར་གྱ་ནོམ་པ་ཡ་རབས་ཀྱི་སྐྱེ་བོའི་ལུགས་དང་མཐུན་པར་རྒྱལ་ཚབ་རིན་པོ་ཆེའི་བཀས་ཁྱབ་པ་བཞིན་བགྱི་བ་དང་ལེན་མཛད་པས་སྡེ་གླིང་གཉིས་


GTN006_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མངའ་འོག་གི་སེར་སྐྱ་ཕོ་མོ་ཁྲོམ་ཚོགས་རྒྱ་མཚོས་བྱ་བ་ལེགས་ལམ་དུ་སོང་བའི་བསྔགས་བརྗོད་མགྲིན་གཅིག་ཏུ་གླེང་ཞིང་། ཁྱད་པར་དུ་ས་སྐྱོང་སྡེ་དགེའི་ཆོས་བློན་སྟག་རྒྱས་ནས། ཕྱི་ནང་གི་ཁྲོམ་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ། སྔར་རྫོགས་ཆེན་རིན་པོ་ཆེ་ཁྲི་སྟོན་སྐབས་སྐུ་ན་ཆུང་ཡང་། གཞོན་ནུའི་ལུས་ལ་རྒན་པོའི་བློ་དང་ལྡན་པ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་དང་། མཎྜལ་གྱི་བཤད་པ་རྣམས་རྨད་དུ་བྱུང་བར་མཛད། ད་ལན་ཡང་ལུགས་གཉིས་ཀྱི་བྱ་བ་སྤྱི་དང་། བྱེ་བྲག་བརྟན་བཞུགས་དང་། རྒྱུད་བཤད་སོགས་ཀྱི་ལྗགས་བཤད། འབུལ་ཡིག་གསར་རྩོམ་བཅས་འཆད་པ་དང་རྩོམ་པ་མཁས་པའི་བྱ་བ་མཁས་མང་དགྱེས་པ་བསྐྱེད་པའི་མཆོད་སྤྲིན་དུ་སྤེལ་བས་སྤྲུལ་པའི་སྐུ་ཞེས་པའི་མིང་གི་ཅོད་པན་དེ་དོན་དང་ལྡན་པ་ཉིད་དུ་འདུག་གོ་གསུངས་བསྔགས་པ་བརྗོད་པ་དང་། ལྷ་རྫས་ནང་མཛོད་སྲིད་དུ་རིང་བས་མགུལ་དར་གསོལ་བ་སོགས་མཛད། གཞན་དེ་སྐབས་རྫོགས་ཆེན་རིན་པོ་ཆེ་སྐུ་ཉིད་བྱོན་ནས་བརྟན་བཞུགས་འབུལ་བ་དང་། ལེགས་འབུལ་རྒྱ་ཆེན་བསྟབས་པ་སོགས་ཀྱིས་མཚོན། འདུ་འཚོགས་མཆོག་དམན་ཡོངས་ལ་སྐྱེས་ལན་གྱི་དངོས་པོ་རྒྱ་གང་ཆེ་དང་བསླུ་ཡོན་དགོས་རིགས་རྒྱས་པར་སྤྲད། དེ་རྗེས་སྐུ་ཞབས་མཁྱེན་བརྩེའི་སྤྲུལ་སྐུ་གསར་ཕེབས་ལ། གསོལ་སྟོན་དང་འབུལ་ནོད་ཟབ་རྒྱས་བསྒྲུབས། རིག་འདུས་རྩ་དབང་དང་། ཚེ་དབང་སོགས་དགོངས་གཏེར་སྐོར་གྱི་དབང་ལུང་དུ་མ་མཛད་པ་གསན་བཞེས་མཛད།


previousཕན་བདེ་འབྱུང་གནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་སོགས། next