ཡུལ་དུས་རང་གཞན་ལ་སྐྱོ་བའི་ཉམས་མགུར་སྦས་ཡུལ་དྲན་བསྐུལ།
ཡུལ་དུས་རང་གཞན་ལ་སྐྱོ་བའི་ཉམས་མགུར་སྦས་ཡུལ་དྲན་བསྐུལ་བཞུགས་སོ། །
རྗེ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་། །ཁོང་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ། །དོན་དབྱེར་མེད་པདྨ་ལས་འབྲེལ་ཞབས། མི་བདག་གི་སྤྱི་གཙུག་རྒྱན་དུ་བསྟེན། །དུས་ལྔ་བརྒྱ་སྙིགས་མའི་ཡང་མཐའ་འདིར། །ཕྱི་ཡུལ་སྣང་སྣོད་བཅུད་གང་བལྟས་ཀྱང་། །ཡིད་སྐྱོ་ཤས་སྐྱེ་བའི་རང་བཞིན་ལས། །བློ་སྣང་མེད་དུ་སྡོད་པ་ཁོམ་ལགས་སམ། །ལྷོ་འཛམ་བུའི་གླིང་གནས་རྒྱལ་ཁབ་རྣམས། །སྟོབས་མངའ་ཐང་དང་མཚོན་ཆའི་འགྲན་བསྡུར་འདིས། །མིའི་སེམས་ལ་འཇིགས་སྐྲག་གི་ཁུར་ཆེན་བཀལ། །ཡོངས་བདེ་སྐྱིད་དང་བག་ཕེབས་
མེད་ཚུལ་ལྟོས། །བདུད་སྙིང་ལ་ཞུགས་པའི་རྗེ་དཔོན་ཚོས། །རང་རྒྱལ་དང་གཞན་ཕམ་བསམ་ངན་འཆང་། ལས་འབྲས་དང་དྲང་བདེན་རྒྱབ་ཏུ་སྐྱུར། །མ་སྐྱེ་འགྲོ་སེམས་ཅན་སྡུག་ལ་སྦྱོར། །ལས་འཐབ་རྩོད་དམག་འཁྲུག་བསླང་ལ་བརྩོན། །བདུད་སྨོན་ལོག་མཚོན་གྱི་ཁ་རླངས་མདས། །རང་གཅེས་པའི་ཚེ་སྲོག་གློ་བུར་བསྟུངས། །དྲན་ཙམ་གྱིས་སྙིང་ལ་འཇིགས་པ་སྟེར། །མིའི་ཤེས་རྒྱུད་གཡོ་ཁྲམ་འཁྱོག་པོར་ཞུགས། །དྲིན་མི་གཟོ་ངོ་ཚ་ཁྲེལ་ལས་འདས། །ལུས་སྐྱེད་བྱེད་ཕ་མ་ཡིན་ཀྱང་བརྡུང་། །གྲོགས་ངན་པའི་ངག་ལ་ཅི་ཟེར་
ཉན། །ཆོས་ལམ་དུ་ཞུགས་རློམ་སེར་གཟུགས་ཕལ། །སེམས་ཆོས་བརྒྱད་བྲན་དུ་དབང་མེད་བཀོལ། །དགྲ་ཉོན་མོངས་དུག་ལྔའི་མགོ་མ་ནོན། །མི་ཕལ་པ་ལས་ཀྱང་ལོད་འདིས་ནོངས། །མིང་གོ་སས་སྙེམས་པའི་ཆེན་པོ་འགའ། །སྐྱོན་རང་རྩར་ཡོད་པ་མི་སེམས་པར། །མི་གཞན་གྱི་ཆོས་དང་གང་ཟག་ལ། །གཤེ་སྐུར་དང་ལོག་ལྟ་ཆོས་སྤོང་གསོག །རྗེ་ཐུབ་དབང་བསྟན་པ་འཇིག་པའི་རྐྱེན། །ལས་དེ་འདྲ་ལགས་པར་མདོ་ལས་གསུངས། །ད་བསམ་ཞིང་སྐྱོ་བ་སྐྱེ་བའི་རྒྱུ། །དུས་ལོ་རེ་སོང་ཞིང་ཇེ་སྡུག་དང་། །གཏམ་ཞག་རེ་བཞིན་དུ་གསར་འགྱུར་ཐོས། །ཕྱི་འབྱུང་བཞིའི་གཡོ་འཁྲུག་གློག་ལྟར་མྱུར། །ནང་སྐྱེ་འགྲོའི་ཤེས་རྒྱུད་བདུད་ཀྱིས་བརླབས། །རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་ཡང་། །ཁྲམ་པ་དང་དམ་ཉམས་ཀྱིས་བཤིག་ལ་ལྟོས། །མཐུ་ནུས་པ་ཆེ་ལྡན་གཟའ་ཀླུ་རྒྱལ། །དེ་གསུམ་གྱིས་
ནད་རིགས་མི་གཅིག་པས། །དེང་སྐྱེ་འགྲོ་ཕལ་ཆེར་ཁ་བཏགས་ཤིང་། །མི་སྨྱོན་དང་ཁྱི་སྨྱོན་ལུང་པ་གང་། །ལོ་ཉེས་དང་སད་སེར་བསྟུད་མར་འོང་། །ཆར་ཆུ་བོ་མི་སྙོམས་གནོད་ཚབས་ཆེ། །རི་རུད་དང་ཤཱ་འུད་ཀྱིས་ཡུལ་གྲོང་འཇོམས། །ས་རི་ཀླུང་མེད་པར་ཇག་རྐུན་སྡང་། །གནས་དབེན་པར་བསྡད་ཀྱང་དགྲ་རྐུན་འཚེ། །ཆོས་བྱང་ཆུབ་སྒྲུབ་ལ་བར་ཆད་མང་། ལམ་མཐར་ཐོན་འབྱུང་བ་ཉིན་སྐར་ཙམ། །དུས་སྙིགས་མའི་མི་ལ་སུན་པ་སྐྱེ། །ལས་ཇི་ལྟར་བྱས་ཀྱང་འགྲོགས་པར་དཀའ། །ནོར་ཟས་གོས་འབྱོར་ན་ཕྲག་དོག་བྱེད། །རང་དབུལ་ན་མི་ཁྱུར་ག་ལ་ཚུད། །འཁོར་རལ་རོལ་ཉར་ན་མགུ་འཁང་སྐྱེན། ལར་གཅིག་པོར་བསྡད་ན་ཆོས་ཤོད་ཟེར། །ཆོས་སིལ་མ་བཤད་ཚེ་སྒྲུབ་མཁན་མེད། །ཁོང་མང་པོའི་ཚོགས་དཔོན་རང་སྡུག་རྒྱུ། །བསྟན་འགྲོ་ལ་ཕན་པ་འབྱུང་
ཐབས་དཀའ། །དྲིན་དམ་ཚིག་བརྩི་བའི་མི་རེ་ཉུང་། །རང་མ་མགུ་ཙ་ན་ཁྲོ་གཏུམ་སྟོན། །མི་ངོས་ལྐོག་ཐུབ་པ་གང་ནའང་དཀོན། །དོན་འགྱུར་མེད་ཀྱི་བཙན་ས་མ་ཟིན་ན། སྤྱིར་འདུས་བྱས་ཆོས་ལ་སྙིང་པོ་མེད། །སྒོས་སྡེ་དགོན་གྱི་ཁ་འཛིན་ཉོན་མོངས་འཕེལ། །མགོན་ཨོ་རྒྱན་ཆེན་པོའི་ལུང་བསྟན་དོན། །དུས་ཉི་ཤུ་སུམ་ཅུའི་ཁ་རལ་ལ། ལྷོ་འཛམ་བུའི་གླིང་ན་བདེ་བ་མེད། །དམག་འཁྲུག་ཆེན་གནམ་ས་ཁ་འཐབ་འདྲ། །ཕྱི་འབྱུང་བཞིའི་ཆོ་འཕྲུལ་སྐྱི་རེ་གཡའ། །ཞིང་ལོ་ཏོག་སེར་བས་བཅོམ་པ་བཞིན། །མ་སྐྱེ་འགྲོ་སྲོག་ཆགས་སྲིན་བུ་ཡན། །ནད་མུ་གེ་མཚོན་ཆའི་དབལ་གྱིས་འཇོམས། །མགོན་ཤཱཀྱའི་བསྟན་པ་འཇིག་ལ་ཐུག །དེས་སེམས་ཅན་ལ་བདེ་སྐྱིད་མེད་ཀྱི་སྟེང་། །ལས་སྡུག་བསྔལ་རྒྱ་མཚོའི་རྦ་ལ་གཡེང་། །རྗེ་པད་འབྱུང་བཀའ་གསུང་བསླུ་བ་མེད། །ཚུལ་འདི་འདྲ་རང་གི་མགོ་ཐོག་བབས། །ཁྱོད་ཆོས་
མཛད་རྣམས་ལ་ཡང་མཚུངས་སམ་སྙམ། །བདག་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །རྗེ་གུ་རུ་བོད་ཁམས་སྐྱེ་འགྲོ་ལ། །འབྱུང་འགྱུར་གྱི་ཞལ་གདམས་བཞག་པའི་དོན། །སྟོད་ཏི་སེའི་གངས་ནས་ཀོང་པོའི་བར། །ཡུལ་སྦས་གནས་ཆེན་པོ་བཅུ་གཅིག་དང་། །སླད་མཐའ་དམག་ཐུབ་པའི་རོང་བཅོ་བརྒྱད། །ལྷོ་རོང་མཚམས་སུ་ཡོད་པའི་ཆོས་བྱེད་རྣམས། །སེམས་ཆགས་ཞེན་སྤོང་ལ་དེ་རུ་བྲོས། །དོན་སྙིང་པོའི་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ། །ཀུན་བརྩོན་པར་མཛོད་ཅེས་ཡང་ཡང་གསུངས། །མི་བདག་ཀྱང་ཕྱི་ནང་རྐྱེན་དུ་མས། །རྒྱུད་བསྐུལ་ནས་སྒྱིད་པས་ལུས་བཏེགས་ཏེ། །ལམ་ལ་ཆུ་འཕྲང་གསུམ་བརྒལ་བྱས་ནས། ནུབ་སྦས་ཡུལ་ཡོལ་མོ་གངས་རའམ། །མཚན་གཞན་དུ་པདྨའི་ཚལ་ཞེས་གྲགས། །གནས་ངོ་མཚར་ཅན་འདིར་བདེ་བར་རྟོལ། །གནས་ངོ་མཚར་ཅན་འདིར་བདེ་བར་རྟོལ། །ད་བསམ་ན་དགའ་ཞིང་སྤྲོ་བ་
སྐྱེས། །སྔར་དྲང་སྲོང་གཏེར་སྟོན་མཆོག་གྱུར་པ། །ཁོང་སྔགས་འཆང་ཤཱཀྱ་བཟང་པོ་དང་། །དེའི་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་ཞབས། །རྗེ་སྟོབས་ལྡན་དཔའ་བོ་ཤུགས་འཆང་སོགས། །དཔལ་གྲུབ་པའི་རིག་འཛིན་ཚོགས་རྣམས་ཀྱིས། །ཆོས་གསང་ཆེན་སྔགས་ཀྱི་བསྟན་པ་བསྐྱངས། །སྦས་གནས་ཀྱི་སྒོ་འབྱེད་རྟེན་འབྲེལ་བསྒྲིགས། །དུས་དེ་ནས་བཟུང་སྟེ་ད་ལྟའི་བར། །མཐའ་དམག་དང་དུས་འཁྲུག་གིས་གནོད་འཇིགས་བྲལ། །ཆོས་སྨིན་གྲོལ་བསྟན་པ་མ་ནུབ་གནས། །ཆོས་བྱེད་ལ་འགལ་རྐྱེན་བར་ཆད་བྲལ། །མཐུན་རྐྱེན་རྣམས་ངང་གིས་ལྷུན་གྱིས་གྲུབ། །གནས་རི་མཐོ་ས་གཙང་བསིལ་དྲོད་སྙོམས། །གནས་རི་མཐོ་ས་གཙང་བསིལ་དྲོད་སྙོམས། །ཉམས་དགའ་ཞིང་རིག་པ་དྭངས་གསལ་འཆར། །སྐད་ལྷུང་ལྷུང་སྒྲོགས་པའི་ཕུ་ཆུ་རྣམས། །ཕྱོགས་ཀུན་ནས་དར་དཀར་བརྐྱང་བཞིན་འབེབས། །ཤིང་ལྗོན་པའི་ནགས་ཚལ་ལྷུན་རེ་འཐུག །ཕུའི་
རི་རྩེ་ཁ་བའི་ལ་ཐོད་བཅིངས། །རིའི་སྐེད་པར་ན་བུན་ག་ཤ་བཀླུབས། །ཆར་སྨུག་པས་སྐུ་མཚམས་བསྡམས་སུ་འཇུག །འདབ་ཆགས་ཀྱི་གྲེ་འགྱུར་རྣ་བར་སྙན། །མེ་ཏོག་དང་རྩི་ཐོག་ལྟད་མོ་ཆེ། །ཤྭ་མོང་དང་ཤིང་འབྲས་ཟས་སྣ་འཛོམས། །ཤྭ་མོང་དང་ཤིང་འབྲས་ཟས་སྣ་འཛོམས། །རི་དྭགས་དང་གཡུང་དྭགས་བག་ཕེབས་རྒྱུ། །སྲོག་གཅོད་ཀྱི་ཤན་པའི་སྡིག་ལས་དང་། །སྡིག་ཟས་ཀྱི་ཤ་ཁྲག་མིང་ཡང་མེད། །མི་ཐམས་ཅད་བློ་སེམས་ཆོས་ལ་དཀར། །མགོན་པད་འབྱུང་གདུལ་བྱར་ལེགས་སྨོན་གྲུབ། བོད་ཡུལ་གྱི་ལྷན་ཅིག་སྐྱེས་མ་ནི། །ལྷ་སྨན་བཙུན་ཇོ་མོ་གཡང་རིས་སྐྱོང་། །མི་མོ་རྣམས་མཚན་ལྡན་ཌཱ་ཀིའི་རིགས། །བོད་གངས་ཅན་གྲུབ་པའི་ཁྱུ་མཆོག་ཆེ། མི་ལ་བཞད་པ་རྡོ་རྗེ་དེས། །གནས་འདི་ཡི་སྟག་ཕུག་སེང་རྫོང་དུ། །ཐུགས་ཉམས་རྟོགས་ཀྱིས་སྨོས་པའི་མགུར་དབྱངས་བླངས། །མདོ་ཕལ་པོ་ཆེ་ལས་ལུང་བསྟན་
པའི། །གནས་ཡིན་ཞེས་བསྔགས་པའི་མེ་ཏོག་འཐོར། །འདི་སྒྲུབ་བརྒྱུད་བསྟན་ལ་རླུང་ལྟར་གྲགས། །དོན་ཡིན་ལུགས་སངས་རྒྱས་པདྨ་ཡིས། །ཞབས་བཅགས་ཤིང་བྱིན་གྱིས་བརླབས་པ་ཡི། །ཕུ་ཡང་དག་མཆོག་གི་སྒྲུབ་ཕུག་དང་། །མདའ་ཉི་ཟླ་རང་བྱོན་ཕུག་ལ་སོགས། །རྗེ་མ་ཧཱ་གུ་རུ་ཡབ་ཡུམ་གྱི། །སྒྲུབ་ཕུག་དང་རང་བྱོན་རྣམས་ད་ལྟ་ཡང་། །མངོན་སུམ་དུ་མིག་གི་ལམ་ན་གསལ། །ཕ་གུ་རུའི་བཀའ་དྲིན་བསམ་མི་ཁྱབ། །འདི་རྗེས་འཇུག་ཡོངས་ཀྱིས་མཁྱེན་འཚལ་ལོ། བདག་ལ་ལྟོས་བཅས་མཆེད་ལྕམ་རྣམས། །ལས་ཟིན་པ་མེད་པའི་འཁོར་བ་ལ། །ཡིད་ཞེན་ཆགས་འཐས་ནས་མ་སྡོད་པར། །གནས་འདི་འདྲར་སྙོགས་ལ་སྒོམ་སྒྲུབ་རེམ། །ས་གཞན་ལས་བྱིན་རླབས་འདི་རེ་ཆེ། །རྗེ་པད་འབྱུང་བསྟན་ལ་འཁུ་བ་ཡི། །རྒྱུད་ལོག་ལྟས་བསླད་པའི་རིགས་མ་གཏོགས། །ཆོས་སྙིང་ནས་དྲན་པའི་
སྐལ་ལྡན་རྣམས། །ཚེ་མི་རྟག་འཆི་བས་རྒྱུད་བསྐུལ་ནས། །ཕ་ཨོ་རྒྱན་སྦས་ཡུལ་བཟུང་རེ་རན། །ད་རན་པས་མ་ཚད་ཕྱིས་ནས་གདའ། །བོད་ཁ་བ་ཅན་དུ་མདོ་སྔགས་ཀྱི། །ཆོས་བཤད་སྒྲུབ་བསྟན་པ་དར་ལགས་ཀྱང་། དུས་ད་ལྟ་མཐའ་མིས་དཔུང་ཤུགས་ཀྱིས། །གནས་ཆོས་འཁོར་རྣམ་གསུམ་གཙོར་བྱས་ཨཱུཔའི། །ངོ་མཚར་བའི་རྟེན་མཆོག་གྲངས་མེད་པ། །མེར་བསྲེགས་ཤིང་བཤིག་གཏོར་ཆུ་ལ་བོར། །མིང་ཙམ་ལས་མེད་པའི་གནས་ལ་གྱར། །སྒྲུབ་གནས་ཀུན་ཞིག་རལ་སྟོང་བར་ལུས། །བན་ཆོས་བྱེད་ཆེ་ཕྲ་ཇི་ཡོད་ཀུན། །དགྲས་བསད་བརྡུང་བཀོལ་དང་བཙོན་རར་བཅུག །གནས་ངན་སོང་ཟེར་ཡང་དེ་ལས་མེད། །ཆོས་སེམས་ལ་དྲན་ཀྱང་བྱར་མི་དབང་། །ཨ་ཙ་མ་འདི་འདྲའི་དུས་ངན་ཞིག །འོང་བསམ་པ་བློ་ཡུལ་མེད་བཞིན་དུ། །བོད་རྗེ་འབངས་ཡོངས་ཀྱི་མགོ་ཐོག་བྱུང་། རྗེ་
གུ་རུའི་ལུང་བསྟན་འཆུག་མེད་པ། །དུས་ད་གཟོད་ངེས་པ་འདྲོངས་ལས་ཆེ །མི་བདག་ཀྱང་ཚེ་ཡི་ཚད་མཐར་སླེབས། །དུས་ད་ནས་ཆོས་བཤད་དབང་བསྐུར་དང་། །མིང་འགྲོ་དོན་དུ་བསྙད་པའི་ལྟར་སྣང་ཀུན། །བློས་ཅམ་གྱིས་བཞག་སྟེ་སྦས་ལུང་འདིར། །བློས་ཅམ་གྱིས་བཞག་སྟེ་སྦས་ལུང་འདིར། །ཆོས་འོད་གསལ་རྫོགས་ཆེན་ཉམས་ལེན་ལ། །དུས་ཉིན་མཚན་ཁོར་ཡུག་འདའ་བར་སྨོན། །དོན་སྨོན་པ་ཇི་བཞིན་འགྲུབ་པ་ཞིག །ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས། །མ་མཁའ་འགྲོ་སྲུང་མས་སྡོང་གྲོགས་མཛོད། །ང་མི་རྒན་འཆལ་གཏམ་སྨྲ་བ་ལ། །གནད་དགོས་པ་ཡོད་རུང་མེད་ཀྱང་རུང་། །དོན་སེམས་ལ་འཆར་བ་ཁ་ནས་ཐལ། །གཞན་ཕོག་ཐུག་མཆིས་ན་བཟོད་པར་གསོལ། །ཕ་པདྨས་ཕྱི་རབས་ཀྱི་སྐྱེ་འགྲོ་ལ། །དུས་འདི་འདྲར་དགོས་པར་གཟིགས་ནས་བཞག །ལས་ངན་པ་བདག་ཀྱང་དངོས་སུ་སླེབས། །སླད་འདུག་རྒྱུ་བྱུང་
ན་དགའ་བ་ལ། །མཐར་འཆི་རྒྱུ་བྱུང་ན་སྐྱིད་པ་ལ། །གནས་གཏེར་དང་གཞི་ཡི་བདག་པོ་ལ། །གླུ་མཆོད་པར་འབུལ་ལོ་དགྱེས་པར་མཛོད། མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བ་དང་། །རྐྱེན་ཕྱི་ནང་གི་བར་ཆད་བསལ་དུ་གསོལ། །ཡིད་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་རབ་ཚེས་དྲག་པོ་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོ་ལ་སྦས་ཡུལ་ཡོལ་མོ་གངས་ཀྱི་ར་བའི་ཞིང་གི་དབེན་ཁྲོད་ཀྱི་མཚམས་ཁང་ཉམས་དགའ་བར་བསྟི་སྐབས་དུས་ཞབས་ཀྱི་བྱ་སྤྲང་སངས་རྒྱས་རྡོ་རྗེས་ཤུགས་འབྱུང་དུ་སྨྲས་པ་དགེ་ལེགས་སུ་གྱུར་ཅིག། །།
ཤོག་སྟོང་།