Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

11 occurrences of གཏེར་སྲུང་
[Clear Hits]


  
  
  
  
 
 
 
  
 
  
 expand section
  
 
  
  
  
  
  
  
མགོ་ལོག་ཏུ་ཕེབ་སྐབས་ཤ་ཁོག་མང་ཙམ་ཡོང་བར་ཐུགས་སྐྱོ་ནས་སྨྲས་པ།
  
  
  
  
  
  
  
  
  
  
  
  


11 occurrences of གཏེར་སྲུང་
[Clear Hits]

 
previousམགོ་ལོག་ཏུ་ཕེབ་སྐབས་ཤ་ཁོག་མང་ཙམ་ཡོང་བར་ཐུགས་སྐྱོ་ནས་སྨྲས་པ།next

མགོ་ལོག་ཏུ་ཕེབ་སྐབས་ཤ་ཁོག་མང་ཙམ་ཡོང་བར་ཐུགས་སྐྱོ་ནས་སྨྲས་པ།

༈ སྐྱབས་མཆོག་གསུམ་གྱི་ངོ་བོ་རྡོ་རྗེ་འཛིན། །ཕ་འཇིགས་མེད་གླིང་པར་དྲན་བྱས་ཏེ། །མི་དད་ལྡན་ཁྱོད་ལ་ཞལ་གདམས་བཟློས། །དེ་མ་བརྗེད་སྙིང་དཀྱིལ་བཅང་བ་གནད། །ཆོས་འབྲི་ཀློག་ཤེས་པའི་དོན་འོག་ཏུ། །རང་ཆོས་སྤྱོད་བཅུར་བརྩོན་པ་གནད་དུ་ཆེ། །ཁྲིད་དབང་ལུང་ཐོབ་པའི་དོན་འོག་ཏུ། །འཚམས་བསྙེན་བསྒྲུབ་ལ་བརྩོན་པ་གནད་དུ་ཆེ། །རྗེ་བླ་མ་བསྟེན་པའི་དོན་འོག་ཏུ། །སེམས་རྡོ་རུས་བཏུག་པ་ཞིག་གནད་དུ་ཆེ། །དོན་དེ་ཕྱིར་ཐོས་བསམ་གང་བྱས་ཚད། །དོན་སྒོམ་པ་ལ་དྲིལ་བ་གལ་དུ་ཆེ། །ལར་ཐོས་ཐོས་དང་ཤེས་ཤེས་མང་པོ་ལས། །སེམས་མ་ཡེངས་པ་ཁོ་ན་གནད་དུ་ཆེ། །ཚུལ་དེ་དོན་ལ་ཡང་ཡང་བཞིག་པར་མཛོད། །སེམས་ལྟ་བ་དང་སྒོམ་པ་སྤྱོད་འབྲས་བཞི། །ལམ་འཆད་སྐབས་སུ་སོ་སོར་ཕྱེ་མོད་ཀྱང་། །དོན་རྟོག་པའི་ཚེ་དབྱེར་མེད་ཐ་མིའི་དད། །དེ་མཁྱེན་མཛོད་ལ་རྟོགས་མཐར་ཕྱིན་པར་མཛོད། །ཚིག་དེ་སྐད་ཅེས་རྡོ་བླ་རྣལ་འབྱོར་པས། །སྨྲས་པ་དེ་ཡོངས་སུ་དགེ་གྱུར་ཅིག །འགྱུར་མེད་ཤེས་རབ་ལའོ།། ༈ དཔལ་རྒྱལ་ཀུན་འདུས་པའི་ཞལ་སྐྱིན་དངོས། །ཕ་བླ་མ་འཇིགས་མེད་གླིང་པ་བསྔགས། །ཁྱོད་གསོན་དང་ཆོས་འདོད་དམ་པ་ལགས། །ཉིད་དང་པོ་སྐྱབས་རྗེ་མཇལ་བ་དེ། །ཚེ་སྔོན་ནས་སྨོན་ལམ་ཡོད་པའི་རྟགས། །དུས་དེང་སང་ང་དང་འཕྲད་པ་དེ། །སྐྱབས་དམ་པས་གནང་བའི་བདུད་རྩིའི་རྒྱུན། །ཁྱེད་འདུས་པའི་ཚོགས་ལ་སྦྱིན་དགོས་རྟགས། །དོན་དེ་ཕྱིར་ཡེངས་མེད་རྩེ་གཅིག་ཏུ། །བློ་ཆོས་ལ་འཇུག་ཐབས་ལྷོད་མེད་གཏམས། །ལགས་ཐུན་མོངས་སྔོན་འགྲོའི་རྒྱུད་སྦྱངས་ནས། །སླར་ཐུན་མིན་གནད་བསྣུན་པ་གཅེས། །མཐར་རང་སེམས་བདེ་གཤེགས་སྙིང་པོའི་ཞལ། །ཚུལ་མ་ཡེངས་དྲན་པས་སྐྱོང་བ་གནད། །སྤྱིར་ཡེངས་ཤིང་འཁྲུལ་ལ་འབྲལ་མི་འབྱུང་། །དོན་དེ་ཕྱིར་རང་ངོ་རང་གིས་སྐྱོང་། །སྐྱོང་ཞེས་པ་བལྟ་བྱ་ལྟ་བྱེད་གཉིས། །སོ་སོ་རུ་བལྟས་ཙ་གཅིག་ཏུ་འདྲེས། །གཅིག་པོ་དེ་སྨྲ་བསམ་བརྗོད་ལས་འདས། །དེ་དོན་ལ་མཉམ་པར་བཞག་གྱུར་ན། །བྱང་ཆུབ་སྙིང་པོ་མངོན་དུ་གྱུར། །དེ་ཡི་ཚེ་འགྲོ་རྣམས་འདྲེས་པ་དང་། །བསྟན་པ་ཡི་གསོས་སུ་འགྱུར་བ་སྨོན། ཞེས་པ་འདི་ཡང་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་འཇིགས་མེད་ཆོས་ཉིད་ལའོ། ༈ །མགུར་ཚེ་ཐོར་བུ་བཞུགས། ཀ་དག་ངོ་བོ་དགེ་སྡིག་ལས་འདས་ཀྱང་། །ཁ་དོག་འོད་ལྔའི་གདངས་ལས་འཁོར་འདས་ཆོས། །ག་དར་ལོགས་སུ་ཐོགས་མེད་སྣང་བའི་དཔེར། །ང་བདག་གཟུང་འཛིན་མཐུ་ལས་སོ་སོར་སྣང་། །ཅ་ཅོའི་སྨྲ་བ་བཟང་ངན་དྲི་རོ་རེག །ཆ་ལུགས་མཛེས་མིན་གཟུགས་ལ་ཆགས་ཤིང་སྡང་། །ཇ་ཆང་ཤ་སོགས་འདོད་ཡོན་བཟའ་བཏུང་ལ། །ཉ་མོ་ཆུ་ལ་ཅི་བཞིན་སྲིད་ཅིང་འཁོར། །ཏ་ཐཱ་ག་ཏས་བཅས་པའི་སྡོམ་གསུམ་སྲོག །ཐ་ཅད་སྐྱེ་བོ་ཅི་བཞིན་གསད་ཤ་གཉེར། །ད་ལྟ་སེར་གཟུགས་བདག་དང་བདག་འདྲ་ཀུན། །ན་རཀ་ཀ་སོགས་ངན་སོགས་ལམ་རྒྱུས་མཁན། །པཱ་པཾ་སྡིག་སྡོབས་གང་ཆེ་མ་འགྲན་ལ། །ཕ་རོལ་བགྲོད་དུས་ཅུང་ཞིག་སེམས་དང་ཨང་། །བ་ལང་ལྟར་རྨོངས་སྐྱེ་བོས་དམར་སྟོན་འདི། །མ་དག་སྦྱིན་པ་ཀླ་ཀློ་སོགས་དང་མཚུངས། །ཙ་མ་ར་དང་ལུག་སོགས་བསད་པའི་ཤ། །ཚ་ཆུག་བ་ལང་སྲིད་བཞིན་མང་སྤྱོ་ཀྱང་། །ཛཱ་ལའི་རྒྱུན་བཞིན་ཡང་ཡང་བཟའ་འདོད་དཔེ། །ཝ་སྤྱང་འཕར་བ་བྱ་དང་ཁྱི་བཞིན་ནོ། །ཞྭ་མོའི་ཆོབ་ཀྱི་མདོག་གྲུབ་མཐར་རྩོད་གྱུར་ཡང་། །ཟ་རྒྱུའི་ཤ་ཁྲག་རྫས་ལ་ཞལ་མཐུན་པ། །འ་ཅག་མི་དགེའི་དང་པགས་སྤྱོད་པ་ན། །ཡ་མཚན་འདི་འདྲར་འཁྲུལ་སྤོང་གནང་ན་ལེགས། །རྭ་ལྟར་རང་རྒྱུད་གྱོང་པོ་བཞག་ནས་སུ། །ལ་ལུང་མང་པོའི་གཞན་རྒྱུད་འདུལ་འདོད་བདག །ཤ་རི་ཁྲག་མཚོ་སྡིག་པའི་འདམ་ལ་ཐོག །ས་ཡུལ་གང་དུ་བགྲོད་ཀྱང་ཇེ་འཕེལ་ལྟར། །ཧ་ལའི་སྡིག་ཟས་མང་དུ་སྤྱོད་དགོས་འདིར། །ཨ་བེ་བདག་གི་སྙིང་ནས་འགྱོད་ཀྱང་འཕྱིས། །ཨ་དོན་འགྱོད་པས་ཅེ་ཕན་སྤང་བླང་གལ། །ཨ་ཏིའི་ལམ་བཞུགས་རྣལ་འབྱོར་དེ་ལྟར་སྨྲ། །སྨྲས་འདི་རང་ལ་ཡིན་གྱི་གཞན་ལ་མིན། །མིན་དང་མིན་འཛིན་རྟོག་མཁའ་བཞིན་སྡོང་། ཞེས་པ་འདི་ནི་མགོ་ལོག་ཏུ་ཕེབ་སྐབས་ཤ་ཁོག་མང་ཙམ་ཡོང་བར་ཐུགས་སྐྱོ་ནས་སྨྲ་ཏེ་དེ་འོག་ཏུ་བཅད་པར་བྱའོ།།


previousམགོ་ལོག་ཏུ་ཕེབ་སྐབས་ཤ་ཁོག་མང་ཙམ་ཡོང་བར་ཐུགས་སྐྱོ་ནས་སྨྲས་པ།next