Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
རྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ།
  
  
  
  


2 occurrences of བྱམས་པ་གླིང་
[Clear Hits]

 
previousརྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ།next

རྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ།

རྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་བྷ་ག་ཝཱན་ཤྲཱི་བཛྭ་ཙཎྜྻཱ་ཡ། ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་པའི་གོ་འཕང་མཆོག་ཞི་བ། །བརྙེས་པ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་པ་རྣམས་ཀྱིས་ནི། །འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་མང་པོས་དམ་བཅིངས་པ། །མ་ལུས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་མཛད་རྡོ་རྗེ་འཛིན་ལ་འདུད། །ཞི་རྒྱས་དབང་དྲག་མཆོག་དང་ཐུན་མོང་གི །དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། །དཔལ་ལྡན་རྡོ་རྗེ་གཏུམ་པོའི་སྦྱིན་སྲེག་ནི། །རྒྱུད་དང་རྒྱ་གཞུང་ཇི་བཞིན་བྲི་བར་བྱ། །དེ་ལ་འདིར། དཔལ་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་ཅིང་བསྙེན་པ་སྔོན་དུ་སོང་བའི་རྡོ་རྗེ་འཛིན་པས། རང་གཞན་གྱི་དོན་དུ་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བྱ་བ་ལ། སྔོན་འགྲོ་དང་། དངོས་གཞི། རྗེས་དང་གསུམ་ལས། དང་པོ་སྔོན་འགྲོ་ལ་ལས་སོ་སོའི་ཐབ་བཅའ་ཞིང་། མཆོད་རྫས་ཇི་ལྟར་བཤམ་པ་དང་། གཉིས་ལས། དང་པོ་ནི། ལས་ཀྱི་རྡོ་རྗེའི་རྒྱ་གཞུང་ལས། སྦྱིན་སྲེག་གི་ནི་ཆོ་ག་ལ། །ཁྱད་པར་བརྒྱད་དུ་ཤེས་པར་བྱ། །ཞེས་གསུངས་པས། དུས་ཀྱི་ཁྱད་པར། ཕྱོགས་ཀྱི་ཁྱད་པར། དབྱིབས་ཀྱི་ཁྱད་པར། ཁ་དོག་གི་ཁྱད་པར། རྫས་ཀྱི་ཁྱད་པར། ཏིང་ངེ་འཛིན་གྱི་ཁྱད་པར། ལྷའི་ཁྱད་པར། སྔགས་ཀྱི་ཁྱད་པར་དང་བརྒྱད་ལས། དང་པོ་དུས་ཀྱི་ཁྱད་པར་ནི། ཞི་བ་ལ་སྔ་དྲོ། རྒྱས་པ་ལ་ཉིན་ཕྱེད། དབང་ལ་ཕྱི་དྲོ། དྲག་པོ་ལ་ཉི་མ་ནུབ་པའོ། །ཕྱོགས་ཀྱི་ཁྱད་པར་ནི། གསང་བ་བསྟན་པའི་རྒྱུད་ལས། ཤར་དུ་ཞི་ལ་བྱང་ཕྱོགས་རྒྱས་པ་ཡིན། །ནུབ་ཏུ་དབང་ལ་བསད་པ་ལྷོ་ཕྱོགས་ཡིན། །ཞེས་གསུངས། དབྱིབས་ཀྱི་ཁྱད་པར་ནི། གསང་བ་བསྟན་པའི་རྒྱུད་ལས། སྦྱང་བ་ལ་སོགས་སྔོན་འགྲོ་བས། །ཞེས་གསུངས་པས། ས་མ་དུལ་བར་ས་ཆོག་སོགས་ཚར་བའི་རྗེས་སུ་སྒྲུབ་ཁང་གི་ཕྱོགས་སོ་སོར་ཁྲུ་དོ་དང་ལྡན་པའི་སྟེགས་བུ་གྲུ་བཞིར་བྱས་པའི་དབུས་སུ་ཐིག་ཆེན་བརྒྱད་བཏབ་ལ། གསང་བ་བསྟན་པའི་རྒྱུད་ལས། ཞི་བའི་ཐབ་ཀྱི་ཚད་སོར་བཅུ་བཞི། དབུས་ཕྱག་ལེན་ལ་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཁྲུ་གང་གི་ཚད་ཀྱི་ཕྱིར་མུ་རན་དང་ཁ་ཁྱེར་སོར་བཞི་པ་རེའི་མཐར་སྟེགས་བུའི་དོད་དུ་སོར་ལྔའི་ཚད་གྲུ་བཞིར་བཏབ་པའི་ཕྱིར་ཤུན་པ་སོར་གཉིས་པའི་ཟུར་བཞིར་ཟླ་ཕྱེད། རྡོ་རྗེས་མཚན་པར་བྲིས་པའི་ལྟེ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་ལྟེ་བ་ལ་སུམ་ཆ་རྩིབས་ལ་སུམ་གཉིས་ཡོད་པའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་ཇི་ལྟར་མཛེས་པའི་ལྟེ་བ་སྔོན་པོ་ལ། རྡོ་རྗེ་མཐིང་ནག་རྩེ་ལྔ་པ། ཤར་དུ་འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་ཁུ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ་བྲི། རྒྱས་པ་ལ་གསང་བ་བསྟན་པའི་རྒྱུད་ནས་སོར་བཅུ་དབུས་ཕྱག་ལེན་ལ་ནས་ཁྲུ་གང་གི་ཚད་ཟུར་ཐིག་བཞིའི་སྟེང་དུ་མཚན་མ་བྱ། དེའི་སྟེང་དུ་གྲུ་བཞི་བཞིར་བཏབ་པས་ཁྲུ་དོའི་ཚད་དུ་གྱུར་པའི་ཕྱིར་མུ་རན་དང་ཁ་ཁྱེར་སོར་བརྒྱད་པ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་དང་འཁོར་ལོའི་ལྟེ་བར་རིན་པོ་ཆེས་མཚན་པ། དབང་དབང་ལྡན་ནས་ལ་སོར་བཅུ་གཉིས་ཀྱི་ཚད་དབུས་ཕྱག་ལེན་ལ་ནས་ཟླུམ་པོར་བསྐོར་བའི་ངོས་གཅིག་ཐིག་གིས་བཅད་ལ་ཟླ་གམ་དུ་བྱས་པའི་ཕྱིར་མུ་རན་དང་ཁ་ཁྱེར་སོར་བཞི་པའི་མུ་རན་ལ་པདྨའི་འཕྱང་དང་ཁ་ཁྱེར་ལ་ལྕགས་ཀྱུ་དང་འཁོར་ལོའི་ལྟེ་བར་པདྨས་མཚན་པ། དྲག་པོ་གསང་བསྟན་ལས་སོར་བརྒྱད་ལ་སོར་མོ་ཉི་ཤུའི་ཕྱག་ལེན་ལ་ཚད་གྲུ་གསུམ་དུ་བཏབ་པའི་མུ་རན་དང་ཁ་ཁྱེར་སོར་གསུམ་པའི་མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་དང་འཁོར་ལོའི་ལྟེ་བར་རལ་གྲིས་མཚན་པ། སྟེགས་བུའི་མཚམས་བཞིར་ཡང་ལས་དང་མཐུན་པའི་ཕྱག་མཚན་སོ་སོའི་ཁ་དོག་བཞིན་རྡུལ་ཚོན་གྱིས་བྲིའོ། །བུད་ཤིང་གི་རྒྱུ། ཞི་བ་ལ་འོ་མ་ཅན་གྱི་ཤིང་། དཀར་བ་རྩེ་མོའི་ཆ་ལས་བྱུང་བའམ། སྲོག་ཆགས་མེད་པའི་བ་གླང་གི་ལྕི་བ་སྐམ་པོ་དྲི་བཟང་གིས་ཆུས་བྱུགས་པ། རྒྱས་པ་ལ་འབྲས་བུ་ཅན་སེར་པོ་དབུས་ཀྱི་ཆ་ལས་བྱུང་བ། དབང་ལ་ཁ་དོག་དམར་པོ། རོ་སྐྱུར་བ་སྨད་ཀྱི་ཆ་ལས་བྱུང་བ། དྲག་པོ་ལ་ནག་པོ་གྱོང་བ་རྩ་བའི་ཆ་ལས་བྱུང་བའོ། །ཞི་བ་ལ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པ་ཟླུམ་པོར་བརྩིག རྒྱས་པ་ལ་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་གྲུ་བཞིར་བརྩིག དབང་ལ། རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་ཟླ་གམ་དུ་བརྩིག དྲག་པོ་ལ་རྒྱར་སོར་ཉི་ཤུ། དཔངས་སུ་སོར་བཅུ་གྲུ་གསུམ་དུ་བརྩིག་ཅིང་། དེ་དག་སོ་སོའི་ཁ་དོག་གི་ཁྱད་པར་ཡང་། གསང་བ་བསྟན་པའི་རྒྱུད་ལས། དཀར་སེར་དམར་ནག་ལྗང་ཁུ་སྟེ། །ལས་དང་འབྲེལ་བར་ཤེས་པར་བྱ། །ཞེས་གསུངས་པས། ཞི་བ་ལ་ཁ་དོག་དཀར་པོ། རྒྱས་པ་ལ་ཁ་དོག་སེར་པོ། དབང་ལ་ཁ་དོག་དམར་པོ། དྲག་པོ་ལ་ཁ་དོག་ནག་པོའམ་ལྗང་ཁུར་བྱའོ། །དེ་རྣམས་ནི་བྲིས་ཐབ་ཀྱི་དབང་དུ་བྱས་པ་ཡིན་ལ། བརྩིག་ཐབ་དང་། བརྐོས་ཐབ་གང་བྱེད་ཀྱང་རྒྱ་ཚད་དང་དཔངས། མུ་རན་དང་ཁ་ཁྱེར། དབྱིབས་དང་ཁ་དོག་སོགས་ཕྱག་ལེན་བཞིན་ནོ། །གཉིས་པ་མཆོད་རྫས་དང་བསྲེག་རྫས་བཤམ་པ་ནི། གསང་བ་བསྟན་པའི་རྒྱུད་ལས། མཆོད་པའི་རྫས་དང་ཡམ་ཤིང་དང་། །དཱུར་བ་ལ་སོགས་བསྲེག་པའི་རྫས། །གཡས་དང་གཡོན་གྱི་རིམ་པ་ཡིན། །ཞེས་གསུངས་པས། རང་གི་མདུན་དུ་ཅོག་རྩེ་ལ་སོགས་པའི་ཁར་རྡོ་རྗེ་དྲིལ་བུ་དགང་བླུགས་བདུད་རྩི་རྣམས་བཞག་ཅིང་། ཞི་རྒྱས་དབང་གསུམ་ལ་གཡས་ཕྱོགས་སུ། ཆུ་བཞི་བཟེད་ཞལ་དང་བཅས་པའི་མཆོད་པ་རྣམ་ལྔ་དང་། གཡོན་ཕྱོགས་སུ། བསྲེག་རྫས། མར་ཁུ་ཏིལ། ཡུངས་ཀར། ཡམ་ཤིང་། འབྲས། དཀར་གསུམ་མངར་གསུམ། ཞོ་ཟན་དཱུར་བ། ཀུ་ཤ སོ་བ། ནས། མཱ་ཤ གྲོ། གཏོར་མ་མེ་དར་དང་བཅས་པ་སྟེ། དྲག་པོ་དེ་ལས་ལྡོག་ལ་བཤམ་པར་བྱའོ། །ཞི་བ་ལ་རང་རྒྱན་དང་ཆས་གོས་དཀར་པོས་བྱ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ་བྱ་ཞིང་། ཞི་བ་ལ་ཙོག་པུའི་འདུག་སྟངས། རྒྱས་པ་ལ་བཟང་པོའི་འདུག་སྟངས། དབང་ལ་པདྨའི། དྲག་པོ་ལ་ཁྲོ་བོའི་འདུག་སྟངས་ཀྱིས་བྱ་ཞིང་། ཏིང་ངེ་འཛིན་གྱི་ཁྱད་པར་ནི། གསང་བ་བསྟན་པའི་རྒྱུད་ལས། རང་ཉིད་རྡོ་རྗེ་འཛིན་པར་བསྐྱེད། །རྒྱས་ལ་དགའ་དང་ཞི་ལ་ཞི། །དབང་ལ་ཆགས་དང་བསད་ལ་ཁྲོ། །ཞེས་གསུངས་བའི་བསམ་པ་དང་ལྡན་པས། དཀྱིལ་འཁོར་བསྒྲུབ་མཆོད་མ་འབྲེལ་ན་སྐྱབས་འགྲོ་སེམས་བསྐྱེད་ནས་གཟུང་མཆོད་པ་བྱིན་རླབས་ཡན་བྱ། འབྲེལ་ན་བསྲུང་འཁོར་ཡན་བཞག་ལ་ཆུ་དང་མཆོད་པ་བྱིན་རླབས་ཀྱི་རྗེས་སུ། སྲེག་རྫས་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་བསྲེག་རྫས་རྣམས་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་མར་ཁུ། ཏིལ། ཡུངས་ཀར། ཡམ་ཤིང་། འབྲས། དཀར་གསུམ་མངར་གསུམ། ཞོ་ཟན། དཱུར་བ། ཀུ་ཤ སོ་བ། ནས། མཱ་ཤ གྲོ་ལ་སོགས་པ་རྣམ་པ་སྲེག་རྫས་སོ་སོར་སྣང་ཞིང་། ངོ་བོ་ཟག་མེད་ཀྱི་བདུད་རྩིའི་རང་བཞིན་ལས་སོ་སོ་སྒྲུབ་པ་ལ་ཐོགས་པ་མེད་པར་གྱུར། ཞེས་རྫས་སོ་སོ་ལ་དགང་བླུགས་རེག་ཅིང་སྔགས་ལན་གསུམ་གསུམ་བརྗོད་པའི་རྗེས་སུ་ཨོཾ་ཨཱ་སྭཱཧཱ། ཨོཾ་ཤྲཱིཾ་སྭཱཧཱ། ཨོཾ་ཛྭིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ལན་གསུམ་བརྗོད་ཅིང་། ཐབ་བྱིན་བརླབ་ནི། སྤོས་དཀར་དང་ཤ་ཆེན་སོགས་ཀྱི་དུད་པ་གཏོང་ཞིང་རོལ་མོའི་སྒྲ་སྒྲོག་བཞིན་པར། ཕེཾ་ཕེཾ་ཛཿཧཱུྃ་དྷརྨ་ཀ་ཀ་ཀཱིཏྟི་རཾ་ཞེས་པ་ནས། བཛྭ་ས་མཱ་ཛཿའི་བར་ལན་གསུམ་བརྗོད་པས། བླ་མ་གཏུམ་པོ་འཁོར་དང་བཅས་པ་སྤྲིན་གཏིབས་པ་བཞིན་བྱོན་ནས་བྱིན་གྱིས་བརླབས་པར་བསམ། གཉིས་པ་དངོས་གཞི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྲེག་བླུགས་འབུལ་བ་ལ། གཉིས་ལས། དང་པོ་ནི། ཐབ་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝ་འམ། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བདག་གི་ཐུགས་ཀ་ནས་ཧཱུྃ་དཀར་པོ་གཅིག་ཐབ་ཏུ་འཕྲོས་པ་འོད་དུ་ཞུ་བ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ། རྒྱར་ཁྲུ་གང་། དཔངས་སུ་ཁྲུ་ཕྱེད་པ། མུ་རན་དང་ཁ་ཁྱེར་སོར་བཞི་པ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། ཐབ་ཀྱི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་དང་ཕྱོགས་ཀྱི་རྩིབས་ལ་རིགས་ལྔའི་ཕྱག་མཚན་གྱིས་མཚན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པར་གྱུར། རྒྱས་པ་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་སེར་པོ་འཕྲོས་པ་སོགས་ཞི་བ་དང་འདྲ་ཞིང་། རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ། རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་པ། མུ་རན་དང་ཁ་ཁྱེར་སོར་བརྒྱད་པ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་ལ་རིན་པོ་ཆེའི་འཕྲེང་བས་བསྐོར་བ། ཐབ་ཀྱི་ནང་དུ་འཁོར་ལོ་སེར་པོ་རྩིབས་བརྒྱད་ནས། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་བར་གསུམ་ཀ་ལ་འགྲེ། དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད། མུ་རན་དང་ཁ་ཁྱེར་སོར་བཞི་པ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་ལ་ལྕགས་ཀྱུའི་འཕྲེང་བས་བསྐོར་བ། དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་པ་རྒྱར་སོར་ཉི་ཤུ་དང་། དཔངས་སུ་སོར་བཅུ་པ། མུ་རན་དང་ཁ་ཁྱེར་སོར་གསུམ་པ། མུ་རན་ལ་ཁྲོ་བོའི་རྡོ་རྗེ་དང་། ཁ་ཁྱེར་ལ་རལ་གྲིའི་འཕྲེང་བས་བསྐོར་བ། འཇིགས་སུ་རུང་ཞིང་སྐྱི་གཡའ་བའི་གནས་སུ་གྱུར། མེ་བླང་ཞིང་གཞུག་པ་ནི། ཞི་བ་ལ་བྲམ་ཟེའི་ཁྱིམ་ནས་བླངས། རྒྱས་པ་ལ་རྒྱལ་པོའི་ཁྱིམ་ནས། དབང་ལ་སྨད་འཚོང་མའི་ཁྱིམ་ནས། དྲག་པོ་ལ་གཤན་པའི་ཁྱིམ་ནས་མེ་བླངས་ལ་ཤིང་སྐམ་མམ་རྩྭའི་ཆུན་པོ་རས་མར་གྱིས་སྦགས་པ་དཀྲིས་པ་བསངས་སྦྱངས་བྱས། ཞི་རྒྱས་དབང་གསུམ་ལ་ཐབ་ཀྱི་ཁ་ལ་གཡས་བསྐོར་དང་། དྲག་པོ་ལ་གཡོན་བསྐོར་བྱས་ཏེ། ཞི་བ་ལ་ཨོཾ་བཛྭ་ཛྷ་ལ་ཧཱུྃ་ཞེས་ཤར་ནས་གཞུག །རྒྱས་པ་ལ་བྱང་ནས། དབང་ལ་ནུབ་ནས། དྲག་པོ་ལ་ཧཱུྃ་བཛྭ་ཛྷ་ལ་ཧཱུྃ་ཞེས་ལྷོ་ནས་གཞུག་ཅིང་། མེ་མ་འབར་ན་རླུང་གཡབ་ཀྱིས་གཡབ་ཅིང་། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་ཞི་རྒྱས་དབང་གསུམ་ལ་མར་དང་། དྲག་པོ་ལ་མར་ནག་བླུགས གཟར་གསུམ་ཐབ་ཏུ་བླུག་པས་མེ་གསོལ་ལ། ཀུ་ཤ་གསར་པ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ། མ་གས་ཤིང་འདབ་མ་མ་གྲུག་པ་ཧ་ཅང་ཡང་མི་རིང་བའི་ཆུན་པོ་བསང་སྦྱང་བྱས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་དེ་སྙིང་པོའི་མཆོག །དཀོན་མཆོག་གསུམ་པོ་མཉེས་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །བདག་གི་བགེགས་རྣམས་མ་ལུས་པ། །ཞི་ཞིང་བཀྲ་ཤིས་མཛད་དུ་གསོལ། །ཨོཾ་བཛྭ་ས་ཏྭ་ཨཿཞེས་པས་ཞི་རྒྱས་དབང་གསུམ་ལ། ཆུན་པོ་གཉིས་མདུན་ནས་གཡས་བསྐོར་དུ་ཤར་གྱི་རྩེ་མོ་ལྷོར་བསྟན། གཉིས་ལྷོའི་རྩེ་མོ་ནུབ་ཏུ། གཉིས་ནུབ་ཀྱི་རྩེ་མོ་བྱང་། གཉིས་བྱང་གི་རྩེ་མོ་ཤར་དུ་བསྟན་པ་དང་། དྲག་པོ་ལ་དེ་ལས་བཟློག་སྟེ་གཡོན་བསྐོར་དུ་སྟེགས་བུའི་ཁར་དགྲམ། ཆུན་པོ་ཆེ་བ་གཅིག་ཐབ་ཀྱི་སྟེང་དུ་རྩེ་མོ་ཤར་དུ་བསྟན་ལ་བཞག་པ་ནི་མེ་ལྷའི་གདན་དུ་བསམ་མོ། །བསྐྱེད་པ་ལྷའི་ཁྱད་པར་ནི། ཐབ་ཀྱི་དབུས་སུ་པད་ཉིའི་གདན་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་དཀར་པོ་གཅིག་འཕྲོས། རྡོ་རྗེ་གཏུམ་པོ་ཡབ་ཡུམ་གཉིས་སུ་གྱུར་ནས་སྙོམས་པར་ཞུགས་པས་འོད་ཞུ་བ་ལས་བྱུང་བའི་དྲང་སྲོང་མེ་ལྷ་སྐུ་མདོག་དཀར་པོ་ཞི་བའི་ཉམས་ཅན་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་དབྱུག་ཐོ་དང་། གཉིས་པ་ན་སྤྱི་བླུགས། གཡོན་དང་པོ་བགྲང་འཕྲེང་དང་། གཉིས་པ་ན་མེ་ཐབ་བསྣམས་པ། རལ་པའི་ཅོད་པན་དང་བསུས་ཁྱིམ་ཆེ་བ། སྤྱན་གསུམ་པ་སྨ་ར་དང་ཨག་ཚོམ་ཅན། རིན་པོ་ཆེ་དང་ཚངས་སྐུད་ལ་སོགས་པས་བརྒྱན་པ། རྒྱས་པ་ལ་བདག་གི་ཐུགས་ཀ་ནས་ཧཱུྃ་སེར་པོ་འཕྲོས། འོད་དུ་ཞུ་བ་ལས་བྱུང་བའི་དྲང་སྲོང་མེ་ལྷ་སྐུ་མདོག་སེར་པོ་བརྗིད་པའི་ཉམས་ཅན། དབང་ལ་བདག་གི་ཐུགས་ཀ་ནས་ཧཱུྃ་དམར་པོ་འཕྲོས། འོད་དུ་ཞུ་བ་ལས་བྱུང་བའི་དྲང་སྲོང་མེ་ལྷ་སྐུ་མདོག་དམར་པོ་ཆགས་པའི་ཉམས་ཅན། དྲག་པོ་ལ་བདག་གི་ཐུགས་ཀ་ནས་ཧཱུྃ་ནག་པོ་འཕྲོས། འོད་དུ་ཞུ་བ་ལས་བྱུང་བའི་དྲང་སྲོང་མེ་ལྷ་སྐུ་མདོག་ནག་པོ་ཁྲོས་པའི་ཉམས་ཅན། གཞན་མངོན་རྟོགས་གོང་བཞིན་བསྐྱེད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་མེ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་བཛྭ་ས་མཱ་ཛཿ རྡོ་རྗེ་དྲིལ་བུ་སྤོས་དང་བཅས་པ་བཟུང་ལ། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཨཱ་ཀརྵུ་ཡ་ཛཿ ཞེས་པས་སྤྱན་དྲངས་ལ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཁའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་བསྐུར་གྱི་ལྷ་སྤྱན་དྲངས། དེ་རྣམས་ཀྱི་དབང་བསྐུར། དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། ཞི་བ་ལ་རྣམ་སྣང་། རྒྱས་པ་ལ་རིན་འབྱུང་། དབང་ལ་སྣང་མཐའ། དྲག་པོ་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། གསང་བ་བསྟན་པའི་རྒྱུད་ལས། བསང་གཏོར་ཐོར་འཐུང་མཆོད་ཡོན་དང་། །ཞབས་བསིལ་ལ་སོགས་དབུལ་བར་བྱ། །མེ་ཏོག་ལ་སོགས་རིམ་པས་ཏེ། །གཟར་བུ་གཉིས་ཀྱི་མར་ཁུ་དབུལ། །དེ་རྗེས་མེ་ཡི་མཚན་མ་བརྟག །ཅེས་གསུངས་པས། ཐོག་མར་མཆོད་ཡོན་དབུལ་བ་ནི། ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཞེས་པས་མཆོད་ཡོན་འབུལ། པཱདྱཾ་གྱིས་ཞབས་བསིལ། ཨཉྩྨ་མཱ་ནཱཾ་གྱིས་ཞལ་བསིལ། པྲོཀྵ་ཎཾ་གྱིས་བསང་གཏོར་ཕུལ་ལ། ཨོཾ་ཨགྣ་ཡེ་དེ་ཝ་ཏ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཞེས་སོགས་རྣམ་ལྔས་མཆོད། མེ་ལྷའི་ལྗགས་དང་དགང་བླུགས་ཀྱི་ཁ་ལ་རཾ་གྱིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱཧཱ། ཞི་རྒྱས་དབང་གསུམ་ལ་མར་དང་། དྲག་པོ་ལ་མར་ནག དགང་བླུགས་ཁ་སྦྱར་བ་ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བར་ཐབ་ཀྱི་ཁ་ལ་གཡས་སྐོར་བདུན་དང་། དྲག་པོ་ལ་པུས་མོའི་ཕྱི་ནས་གཡོན་སྐོར་གྱིས་བདུན་ཕུལ་ལ། མེ་པྲ་བརྟག་པ་ནི། གསང་བ་བསྟན་པའི་རྒྱུད་ལས། མདོག་དང་སྒྲ་དང་དྲི་དང་རོ། །དབྱིབས་དང་ཁ་དོག་བལྟ་བར་བྱ། །མེ་ནི་རྩེ་གཅིག་འབར་གྱུར་ན། །བསམ་པ་ཐམས་ཅད་འགྲུབ་པར་སྟོན། །གཉིས་འབར་རྩེ་གསུམ་མི་གཡོ་ན། །འབར་བའི་འབྲས་བུ་ཐམས་ཅད་འབྱིན། །རྩེ་བཞི་མཉམ་ཞིང་བརྟན་པ་སྟེ། །རྒྱས་པའི་ལས་ལ་འབྲས་བུ་ཡོད། །ཟླ་འདྲ་སྣུམ་ལ་དྲི་མ་མེད། །དུ་བ་མེད་ཅིང་བཻཌཱུར་འདྲ། །ནད་མེད་རིགས་རྣམས་རྒྱས་པ་ཡིན། །ཆུ་ཤེལ་ནོར་བུ་སྤུངས་པ་དང་། །པདྨ་རཱ་ག་གསལ་བ་ཡིས། །སྡིག་པ་མ་ལུས་ཟད་པར་འགྱུར། །དམར་སེར་པུཎྜྻ་རཱི་ཀ་དང་། །བནྡྷུའི་ཁ་དོག་གསལ་བ་དང་། །རྒྱལ་སྲིད་དཔལ་རྣམས་འབྱོར་པ་ཡིན། །ཨུཏྤལ་མ་ལི་ཨུ་ཤི་དྲི། །ཙམ་པ་ཀ་དང་པི་ཀར་དྲི། །ག་པུར་ཨ་ཀ་རུ་ཡི་དྲིས། །དགེ་ཞིང་ཚེ་རིང་དཔལ་གྱི་གནས། །ཟབ་པའི་སྐད་དང་དུང་དང་ནི། །རྫ་རྔ་པི་ཝཾ་ཌ་མ་རུའི། །དེ་ཡི་སྒྲས་ནི་བདེ་བ་འཕེལ། །དཔལ་བེའུ་བཀྲ་ཤིས་རྫས་སུ་འཆར། །རྒྱལ་མཚན་རྔ་ཡབ་ཕྱག་མཚན་རྣམས། །རིན་ཆེན་གདུགས་ཀྱི་དབྱིབས་སུ་འབར། །དགེ་བའི་མེ་ཡི་དབྱིབས་སུ་བསྟན། །ངན་པ་དེ་ལས་ཅི་རིགས་བཟློག །ངན་ན་བཟློག་པའི་ཐབས་ཀྱང་བྱ། །བསྲེག་བྱ་རྫས་ཀྱི་ཁྱད་པར་ནི། བརྟག་གཉིས་ལས། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །དབང་དང་དགུག་ལ་ཨུཏྤལ་ལ། །སྡང་དང་བསད་ལ་ཚེར་མར་བརྗོད། །ཅེས་གསུངས་པས། ཞི་བ་ལ་ཏིལ་དང་ཡུངས་ཀར་འབྲས་དང་མར་དཀར་ཐོག་མར་འབུལ། རྒྱས་པ་ལ། བུད་ཤིང་གི་རྒྱུ་ལས་བྱུང་བའི་ཡམ་ཤིང་། ཞི་བ་ལ། བྱང་ཆུབ་ཤིང་དང་འོ་མ་ཅན། རྒྱས་པ་ལ། གོ་ལའི་ཤིང་དང་། ནྱ་གྲོ་ཏ། དབང་ལ། ཙན་དན་དམར་པོ་དང་། རྒྱ་ཤུག གོང་མ་གསུམ་ལ་རྩི་མར་གྱིས་སྦགས་པ་དང་། རྒྱས་པ་ལ་ཡམ་ཤིང་དང་། ཞོ་ཟན། རིན་པོ་ཆེ་སྣ་ལྔ། འབྲུ་ལྔ་ཐོག་མར་འབུལ། དབང་ལ་སྨན་གྱི་བྱེ་བྲག མེ་ཏོག་དམར་པོའི་རིགས་དཀར་གསུམ་མངར་གསུམ་ཐོག་མར་འབུལ། དྲག་པོ་ལ་སེང་དང་། ཚེར་ནག་ཟུར་གསུམ་པ་རྩེ་གཉིས་རྣོ་བ་ཁྲག་གིས་བྱུགས་པ་ལ་གནོད་བྱེད་ཀྱི་མིང་བྱང་བྲིས་པའི་ཡམ་ཤིང་དང་། དགྲ་ལ་བྱེད་ན་རོ་རས་དང་། བགེགས་ལ་ཤོག་བུ་ལ་དུག་ཁྲག་གམ་རོ་སོལ་གྱི་སྣག་ཚས་རང་གི་དྲི་མ་སོང་བར་བྱས་ལ། ལིདྒ་ཤིན་ཏུ་རིད་པ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་གཅིག་བྲིས་པའི་དཔྲལ་བར་རུས། སྙིང་ཁར་མིང་། གསང་གནས་སུ་བླ་གདགས་སོགས་ཕྱག་ལེན་བཞིན་བྲིས་པའམ། ཁྲག་ལས་སྦྲུས་པའི་ཟན་གྱི་ལིདྒ་ཡང་རུང་སྟེ། སྦྱངས་ཁྲུས་སོགས་ལེགས་པར་བྱས་པ། ལྕགས་ཀྱི་སྣོད་དམ་བྲུབ་ཁུང་དུ་བཅུག་ལ་དགུག་གཞུག་བྱ་བ་ནི། རང་གཏུམ་པོར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་དང་ཁྱུང་མང་པོ་སྤྲོས་པའི་ཕྱག་ན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་པ་དཔག་ཏུ་མེད་པ་དགྲ་བགེགས་གང་ན་ཡོད་པ་ནས་སྤྲུལ་པའི་ཕོ་ཉ་དེ་རྣམས་ཀྱིས་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་རྐེ་ནས་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་ལུས་སེམས་མྱོས་པར་བྱས། རང་དབང་མེད་པར་བྱིའུ་ཁྲས་བདས་པ་བཞིན་བཀུག་ལ་ལིང་ག་ལ་བསྟིམ། ལུས་ཀྱི་ཕྱག་རྒྱ་བཞི་བྱེད་ཅིང་། ངག་ནས་བདེན་པའི་སྟོབས་བརྗོད་ལ། ནྲྀ་ཏྲི་ཤ་ཏྲུཾ་བིགྷནྣཱ། ཨོཾ་བཛྭ་ཨངྐུ་ཤ་ཛཿཨོཾ་བཛྭ་པཱ་ཤ་ཧཱུྃ། ཨོཾ་བཛྭ་ཀྵྨྱོ་ཊ་བཾ། ཨོཾ་བཛྭ་ཨཱ་བེ་ཤ་ཡ་ཨཿཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་། ཡིད་ཀྱིས་དགྲ་བགེགས་གང་ཡིན་ལིང་ག་ལ་ཡང་ཡང་དུ་ཐིམ་པར་བསམ་པ་ནི་དགུག་གཞུག་བྱ་བའོ། །ལྷ་དང་དབྱེ་བ་ལ། འཇིག་རྟེན་པའི་ལྷ་དང་དབྱེ་བ་དང་། ཡེ་ཤེས་ཁ་སྦྱར་དབྱེ་བ་གཉིས་ལས། དང་པོ་ནི། ཁྱི་ལུད། ཕག་བྲུན། ཡུགས་སའི་ཞབ་མ། མཛེ་ཕོའི་ལཧྭམ་འབོབ། མུ་ཟི་ནག་པོ། སྒོག་སྐྱ། རའི་རྭ་གཞོབ། རྟ་བོན་པ་རྣམས་ཀྱི་དུད་པས། ལིང་ག་མན་ངག་ལྟར་བདུག་ཅིང་། གུ་གུལ་གཅིག་པོས་ཡང་བདུག་པར་བཤད། དེ་ནས་གཏོར་མ་བྱིན་ལ་བདེན་པ་བདར། སརྦ་ཤ་ཏྲུཾ་ཨུཙྪ་ཊཱ་ཡ་ཧཱུྃ་ཕཊ྄་ཅེས་བརྗོད་ལ་ཕྱིའི་རྒྱ་མཚོའི་མཐར་བསྐྲད་ཅིང་། གཉིས་པ་ནི། རང་རྡོ་རྗེ་གཏུམ་པོའི་ང་རྒྱལ་དང་ལྡན་པའི་སྐུ་གསུང་ཐུགས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཁོའི་སྒོ་གསུམ་གྱི་དྭངས་མ་ཡེ་ཤེས་ཀྱི་ལྷ་དང་བཅས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་བཞིན། རང་གི་གནས་གསུམ་དུ་འུབ་ཀྱིས་བསྡུས་ནས་སྐྱེ་བ་མེད་པའི་ངང་ལ་མཉམ་པར་འཇོག་གོ །ཐུན་གྱིས་བསད་པ་ནི། ལྕགས་སམ་ཐོད་པ་མཚན་ངན་གྱི་སྣོད་དུ་ཐུན་རྫས་རྡོ་ཕྱེ། ལྕགས་ཕྱེ་ཟངས་ཕྱེ། ཡུངས་ཀར། ཀེ་ཚེ། ཤང་ཚེ་དེ་སྐམ་ཐུན་དང་། རློན་ཐུན་དུག་ཆུ་དང་། དུག་ཁྲག་ལ་ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ག་རུ་ཊ་དེ་ཝ་ཐེན་ཕྱུང་། དགྲ་ལ་བྱེད་ན་སརྦ་ཤ་ཏྲཱུཾ། བགེགས་ལ་བྱེད་ན་སརྦ་བིགྷྣཱན། ཀླུ་ལ་ནཱ་གའི་སྙིང་ལ་གཟེར། གནོད་བྱེད་འབྱུང་པོ་ཐུམ་རིལ་ལི་རྦད། ན་ག་ཙཎྜྻ་ཚལ་པ་ཨཱུུ་ཏེ། ནཱ་ག་ཙིཏྟ་ཤཀྟི་ཚལ་པ་ནན། ནཱ་ག་ཏྲཱི་ཏ་ས་མ་ཡ་ཨ་ཏྲི་བིགྷྣཱན་ཧ། ནཱ་ག་ཀྲོ་དྷ་པི་ཏ་ར་ཛཱ་ཡ། གནོད་བྱེད་ཐམས་ཅད་མཱ་ར་ཡ་ཤི་ཤི། ནན་ནན། དུལ་དུལ། རྦུད་རྦུད། གནོད་བྱེད་ཕོ་མོ་ཐུམ་རིལ་ལི་ལི་ཛཿ ལས་སྔགས་འདི་རྣམས་མང་དུ་བཟླས་ལ་གདབ་སྐམ་ཐུན་རློན་གྱིས་ལིང་ག་ལ་བྲབ་པ་ནི་ཐུན་གྱིས་བསད་པའོ། །དེ་ནས་ལྕགས་སམ་སེང་ལྡེང་གི་ཕུར་པ་བསངས་སྦྱངས་བྱས། སྟོང་པའི་ངང་ལས་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེ་གཏུམ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོ་བ་ནམ་མཁར་འཕྱར་བ། གཡོན་མི་རུས་ཀྱི་ཕུར་པ་བསྒྲིལ་བ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་མེ་སྟག་གི་ཕུང་པོ་ལྟར་དམར་བ། དབུ་སྐྲ་དང་ཨག་ཚོམ་སྨིན་མ་ཁམ་སེར་གྱེན་དུ་བརྫེས་པ། སྦྲུལ་རིགས་ལྔས་བརྒྱན་པ། སྐུའི་ལྟེ་བ་མན་གནམ་ལྕགས་ལས་གྲུབ་པའི་ཕུར་པ་མེ་ནང་ནས་བཏོན་མ་ཐག་ལྟ་བུ་རྣོ་དབལ་དང་ལྡན་པ། མེ་འབར་བར་གྱུར་པའི་སྤྱི་བོར་ཨོཾ་ལས་ཞེས་པ་ནས་དབང་བསྐུར་བས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བདུན་རྣམ་དག་དང་བསྟོད་པ་བྱས། མེ་ཏོག་ལ་རྟེན་འབྲེལ་སྙིང་པོ་བཟླས་ལ་གཏོར་ཞིང་རང་གི་ལག་པ་གཡས་པས་རྡོ་རྗེ་ནམ་མཁར་འཕྱར་ཞིང་། གཡོན་པས་ཕུར་བུ་བཟུང་ལ། གོང་གི་ལས་སྔགས་ཀྱི་རྗེས་སུ་ཕུར་སྔགས། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚུཾ་བིགྷྣཱན་ཧཱུྃ་ཕཊ྄། ཀཱི་ལ་ཡ་ཀཱི་ལ་ཡ་བཛྭ་དྷཱ་ར་ཨཱ་ཛྙྱཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ྄་ཙིཏྟ་བཛྭ་ཀཱི་ལ་ཡ་ཧཱུྃ་ཕཊ྄་ཅེས་བཟླས་ཤིང་། ལིང་གའི་སྙིང་ག་སོགས་གནས་ལྔ་ཡན་ལག་བཞི་རྣམས་སུ་ཕུར་པ་འདེབས་ཤིང་། གཡས་རྡོ་རྗེ་ཐོ་བས་ཕུར་བུའི་མགོ་ནས་བརྡུང་ཞིང་། ཨོཾ་བཛྭ་མུདྒ་ར་བཛྭ་ཀཱི་ལ་ཡ་ཨ་ཀོ་ཊ་ཧཱུྃ་ཕཊ྄། ཅེས་པ་ནི་ཕུར་པས་བསད་པའོ། །མཚོན་རྣོན་པོ་གཞན་གྱིས་ཀྱང་གཏུབས་ལ་དམིགས་བྱའི་ཤ་ཁྲག་ཏུ་བསམ་དེ་སྲེག་རྫས་དང་བསྲེས་པ་དང་། གཞན་ཡང་ལིང་ག་བརྒྱ་རྩ་བརྒྱད། ཤ་ཆེན། ལན་ཚྭ་དུག་དང་ཁྲག ཉུང་ནག ཀེ་ཚེ། ཚིལ་ཆེན་ལ་སོགས་པ་གཙོ་བོར་འབུལ་བའོ། །སྔགས་ཀྱི་ཁྱད་པར་ནི། སྔགས་གང་གིས་འབུལ་ན། སྔགས་གཅིག་གིས་རྫས་ཐམས་ཅད་འབུལ་བ་དང་། སྔགས་སོ་སོས་རྫས་ཐ་དད་འབུལ་བ་སོགས་བཤད་ཀྱང་། འདིར་རྫས་རེ་དང་སྔགས་རེ་སྤེལ་ནས་མཐུན་པར་འབུལ་ཏེ། ལྷ་སྔགས། རྫས་སྔགས། ལས་སྔགས་གསུམ་སྦྲེལ་ནས་འབུལ་བ་ནི། རྫས་ཐུན་མོང་བའི་དང་པོ་ཞི་རྒྱས་དབང་གསུམ་ལ་མར་ཁུ་དང་། དྲག་པོ་ལ་མར་ནག་འབུལ་ཏེ། ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཨགྣ་ཡེ་སྭཱཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། བདུན་འབུལ། ཞི་བ་ལ། ཨོཾ་ཨགྣ་ཡེ་དེ་ཝ་ཏ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡེ་སྭཱཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ། ཏིལ། ཡུངས་ཀར་གྱི་ཡང་དེ་ཉིད་དོ། །གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་དང་། ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཡན་ཐམས་ཅད་ལ་འགྲེ་ཞིང་། སརྦ་པཱ་པཾ་གྱི་གནས་སུ། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱཧཱ། བྱང་ཆུབ་ཀྱི་ཤིང་ངོ་། །ཨོཾ་བཛྭ་ཡ་ཛྙྱཱ་ཡ་སྭཱཧཱ། ཨུ་དུམ་ཝ་རའི་འོ། །ཨོཾ་བཛྭ་བེ་རཱ་ཡ་སྭཱཧཱ། ནྱ་གྲོ་ཏའི། ཨོཾ་གཱ་ཏ་ཡ་སྭཱཧཱ། སེང་ལྡེང་གི་སྔགས་སོ། །ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཅེས་པ་ཡན་ཐམས་ཅད་ལ་འགྲེ་བ་ལས། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཡམ་ཤིང་ངོ་། །ཨོཾ་བཛྭ་པུཥྚ་ཡེ་སྭཱཧཱ། ཁྱིམ་དང་འབྱོར་པ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། འབྲས་མ་གྲུགས་པའི་འོ། །བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཞེས་ཐམས་ཅད་ལ་འགྲེ། ཨོཾ་དུ་དྷུ་ད་དྷི་མ་དྷུ་རེ་སྭཱཧཱ། ཤེས་རབ་འཕེལ་བ་ལ། དཀར་གསུམ་མངར་གསུམ་མོ། །ཨོཾ་སརྦ་སཾ་པ་དེ་སྭཱཧཱ། བདེ་བ་རྒྱས་པ་ལ། ཞོ་ཟན་ནོ། །ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱཧཱ། ཚེ་དང་བསོད་ནམས་འཕེལ་བ་ལ། དཱུརྦའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭ་ཡ་སྭཱཧཱ། བསྲུང་བ་ཕུན་སུམ་ཚོགས་པ་ལ། ཀུ་ཤའོ། །ཨོཾ་བཛྭ་བི་ཛཱ་ཡ་སྭཱཧཱ། ནོར་དང་འབྲུ་རྣམས་རྒྱས་པ་ལ། འབྲས་སོ་བའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱཧཱ། ལུས་ཀྱི་ཤུགས་རྒྱས་པ་ལ། ནས་སོ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱཧཱ། ལུས་ཀྱི་སྟོབས་རྒྱས་པ་ལ། མོན་སྲན་གྲེའུ་འོ། །ཨོཾ་བཛྭ་གྷསྨ་རི་སྭཱཧཱ། ནད་མེད་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། གྲོའོ། །རྫས་རྣམས་གྲངས་བདུན་བདུན་ཕུལ་ལ། རྒྱས་པ་ལ། མར་ཁུ་ལ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། སྡིག་པ་དང་བྲལ་བའི་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅདྎ ཁྱིམ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅདྎ ཤེས་རབ་ཕུན་སུམ་ཚོགས་པ་ཐམས་ཅདྎ བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅདྎ ཚེ་དང་བསོད་ནམས་སུམ་ཚོགས་པ་ཐམས་ཅདྎ བསྲུང་བ་ཕུན་སུམ་ཚོགས་པ་ཐམས་ཅདྎ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅདྎ ལུས་ཤུགས་ཕུན་སུམ་ཚོགས་པ་ཐམས་ཅདྎ ལུས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཐམས་ཅདྎ ནད་མེད་པའི་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དབང་ལ་ཕུན་སུམ་ཚོགས་པ་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོཿ ཞེས་ཐམས་ཅད་ལ་སྦྱར་ཞིང་། དྲག་པོ་ལ། ཕུན་སུམ་ཚོགས་པ་ལ་གནོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་མ་ར་ཡ་ཕཊ྄། ཅེས་གཞུག་པར་བྱའོ། །དེ་ཡང་། གསང་བ་བསྟན་པའི་རྒྱུད་ལས། ཁུ་བ་ལ་སོགས་རྫས་རྣམས་ནི། །ལྷ་ཡི་ཞལ་དུ་མཆོད་པར་བྱ། །ཡམ་ཤིང་ཀུ་ཤ་ལ་སོགས་པ། །འོད་ལ་མཆོད་པར་བྱ་བ་ཡིན། །ཞལ་དུ་ཞལ་ཟས་ཐོར་འཐུང་དབུལ། །མེ་ཏོག་བདུག་སྤོས་དབུ་དང་འོད། །བྱུག་པ་སྙིང་ཁར་བསང་གཏོར་བྱ། །སྐུ་ལ་ཕུལ་ཏེ་ཞབས་བསིལ་ཞབས། །མར་མེ་ལ་སོགས་རིམ་བཞིན་གནས། །གཏོར་མ་ཞལ་དང་གོས་ཟུང་ན་བཟར་འབུལ། །ཞེས་པ་དང་། ཡང་དེ་ཉིད་ལས། བསྟོད་ཅིང་གསོལ་བའི་ལས་བྱ་སྟེ། །ཞེས་གསུངས་པས། བསྟོད་པ་ནི། ཧཱུྃ། འཇིགས་བྱེད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྦྱིན་མཛད་པ། །བདག་གཞན་དོན་ལ་རབ་ཏུ་བརྩོན། །དྲང་སྲོང་ཆེན་པོ་ཉིད་ལ་འདུད། ཧཱུྃ་ལས་སྐྱེས་པའི་དྲང་སྲོང་ཆེན་པོ་ནི། །སྐུ་མདོག་དཀར་པོ་ཞི་བའི་ཉམས་ལྡན་ཞིང་། རྒྱས་པ་ལ། སྐུ་མདོག་སེར་པོ་བརྗིད་པའི་ཉམས་ལྡན་ཞིང་། །དབང་ལ། སྐུ་མདོག་དམར་པོ་ཆགས་པའི་ཉམས་ལྡན་ཞིང་། དྲག་པོ་ལ། སྐུ་མདོག་ནག་པོ་ཁྲོས་པའི་ཉམས་ལྡན་ཞིང་། །ཞེས་འདོན་པ་བསྒྱུར་རོ། །ཞལ་གཅིག་སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། །ཕྱག་བཞི་གཡས་གཉིས་དབྱུག་ཐོ་སྤྱི་བླུགས་དང་། །གཡོན་པ་བགྲང་འཕྲེང་མེ་ཐབ་འཛིན་མཛད་ཅིང་། །རིན་ཆེན་ཚངས་སྐུད་སོགས་ཀྱིས་རབ་བརྒྱན་ཞིང་། །འདོད་པའི་དོན་རྣམས་སྒྲུབ་པར་བྱེད་པ་ཡི། །དྲང་སྲོང་བྱིན་ཟ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་ཅིང་། འཕྲིན་ལས་བཅོལ་བ་ནི། ཞི་རྒྱས་དབང་གསུམ་ལ་མར་དང་། དྲག་པོ་ལ་མར་ནག་དགང་བླུག་གསུམ་ཕུལ་ལ། ཞི་བ་ལ། དྲང་སྲོང་ཆེན་པོ་ཁྱེད་ལ་སྲེག་རྫས་ཕུལ་བ་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བླ་མ་གོང་མ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་རྣམ་དཀར་གྱི་དགོངས་པ་རྫོགས་ཤིང་། ཞལ་བཞུགས་སྐུ་ཚེ་བརྟན་ཞིང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་བ་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ལ་སོགས་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་དང་། རྒྱས་པ་ལ། ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། དཔལ་དང་འབྱོར་པ་ལ་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་དང་། དབང་ལ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། ཁྱད་པར་ལྷ་འདྲེ་མི་གསུམ་ནོར་དང་ལོངས་སྤྱོད་ལ་སོགས་མདོར་ན། སྣང་མི་སྣང་ཐམས་ཅད་དབང་དུ་བསྡུ་བར་མཛད་དུ་གསོལ། ཞེས་དང་། དྲག་པོ་ལ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད་པ། དགེ་འདུན་གྱི་སྡེ་བཅོམ་པ། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་དམ་པའི་ཆོས་བསྒྲུབ་ཅིང་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་དགྲ་བགེགས། སྔ་དགྲ་ལག་ལ་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་དངོས་སུ་སྦྱོར་བའི་ཆེ་གེ་མོ་ཞེས་བྱ་བ་དྲག་པོའི་ལས་ཀྱིས་ཚར་བཅད་ནས་ཡང་དག་པའི་ལམ་ལ་འགོད་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་། རྫས་རྣམས་ཕུལ་བའི་རྗེས་སུ་བྱས་ནའང་ལེགས་པར་སེམ་མོ། གཉིས་པ་གསང་བ་བསྟན་པའི་རྒྱུད་ལས། མེ་ལྷའི་སྙིང་གར་དཀྱིལ་འཁོར་མཆོད། །བསང་གཏོར་ལ་སོགས་རིམ་པ་བཞིན། །སྔར་བསྟན་པ་ལས་ཤེས་པར་བྱ། །ཞེས་གསུངས་པས། ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། མེ་ལྷ་སྙིང་ག་ཡངས་པའི་དབུས་སུ་བྷྲུཾ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་། ཞེས་པ་ནས། དབང་བསྐུར་རྒྱས་གདབ་ཀྱི་བར་གཞུང་བཞིན་ལ། བྱོན་སྐྱེམས་སྙིང་པོ་སོ་སོའི་ཞབས་སུ་ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་བཏགས་པས་ལས་དང་མཐུན་པའི་མར་རམ་མར་ནག་གཙོ་བོ་ལ་ཉི་ཤུ་རྩ་གཅིག་དང་འཁོར་རྣམས་ལ་བདུན་ཕུལ་ལ། ཕྱག་འཚལ་གྱི་རྗེས་སུ་མཆོད་པ་རྒྱས་པའམ། བསྡུས་པ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཞེས་སོགས་ཆུ་བཞི་དང་ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་རང་རྫས་མཛེས་པའི་བར་ཕྱི་རོལ་མཆོད་ཆོག་བཞིན་ལ། དེ་ནས་བསྲེག་རྫས་འབུལ་བ་ནི། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཨོཾ་བཱི་ར་བཛྭ་སུ་ཁཱི་ཧཱུྃ་ཕཊ྄། ཡབ་ཡུམ་གྱི་སྙིང་པོ་ནས་ཨོཾ་ཨཱཿཧཱུྃ་ས་མ་ཡ་ཨོཾ་ག་རུ་ཌ་ཧཱུྃ་ཞེས་རྒྱས་པར་བསམ་གྱིས་མི་ཁྱབ་པའི་ཁྱུང་གི་བར་དང་། བསྡུས་པ་ཁྱད་པར་གྱི་འཁོར་བཞི། ཁྱུང་ལྔ་སོགས་ཀྱི་སྙིང་པོའི་ཞབས་སུ་རྫས་སྔགས་སོ་སོ་བཏགས་པ་མེ་ལྷའི་སྐབས་བཞིན་སྤེལ་ཚིག་དང་བཅས་པས། གཙོ་བོ་ཡབ་ཡུམ་ལ་བརྒྱ་དང་བརྒྱད་ཕུལ་ན་འཁོར་རྣམས་ལ་ཉི་ཤུ་རྩ་གཅིག་རེ་འབུལ། གཙོ་བོ་ཡབ་ཡུམ་ལ་ཉི་ཤུ་རྩ་གཅིག་ཕུལ་ན། འཁོར་རྣམས་ལ་བདུན་བདུན། གཙོ་བོ་ཡབ་ཡུམ་ལ་བདུན་ཕུལ་ན་འཁོར་རྣམས་ལ་གསུམ་གསུམ་འབུལ་བ་སོགས་རྒྱས་བསྡུས་ཀྱི་བྱེ་བྲག་ཤེས་པ་གལ་ཆེ་ཞིང་། གཏོར་མ་གཞུང་བཞིན་ཕུལ་ལ། གོས་ཟུང་འབུལ་བ་ནི། བསངས་སྦྱངས་བྱས་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྭ་ཝཧླུ་ཡ་སྭཱཧཱ། ཞེས་བརྗོད་ཅིང་། ལས་དང་མཐུན་པའི་སོ་རྩི་མར་རམ་མར་ནག་དགང་བླུགས་གང་། ཨོཾ་བཛྭ་ཏཱམྦུལ་ལ་ཡེ་སྭཱཧཱ། ཞེས་པས་ཕུལ་ལ། འདོད་པའི་དོན་ལ་གསོལ་བ་འདེབས་པའང་། རྡོ་རྗེ་གཏུམ་པོའི་ལྷ་ཚོགས་རྣམས་ལ་སྲེག་རྫས་ཕུལ་བ་ལ་བརྟེན་ནས། ཞེས་སོགས་མེ་ལྷའི་སྐབས་བཞིན་བྱའོ། །དེ་ནས། བདག་གིས་ཐོག་མ་མེད་དུས་ནས། །ཞེས་སོགས་རྒྱུན་བཤགས་དང་། བསྟོད་པ་ནི། འགྲོ་བ་ཀུན་གྱི་དཔལ་གྱུར་པ། །ཞེས་པ་ནས། ཐོགས་མེད་རྡོ་རྗེ་ཁྱོད་ལ་འདུད། །ཞེས་པའི་བར་རམ། ཡང་ན། གསང་བ་བསྟན་པའི་རྒྱུད་ལས་གསུངས་པའི་མཚན་ཉི་ཤུ་རྩ་གཅིག་གིས་བསྟོད་ལ། ཡིག་བརྒྱ་ལན་གསུམ་བཟླས་རྗེས། དམ་པ་རྗེ་བཙུན་པ་ཞེས་པ་ནས། དྲག་པོའི་ལས་ཀྱིས་ཚར་གཅོད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་བར་ཕྱི་རོལ་མཆོད་ཆོག་བཞིན་བྱའོ། །གསང་བ་བསྟན་པའི་རྒྱུད་ལས། དཀྱིལ་འཁོར་བསྡུ་གཤེགས་རིམ་པ་རྣམས། །མཁས་པས་ཉེ་བར་བརྟགས་ཏེ་བྱ། །ཞེས་གསུངས་པས་དཀྱིལ་འཁོར་དང་མེ་ལྷ་གཉིས་ཀའི་གཤེགས་བསྡུ་བསྟན་པ་ཡིན་གསུང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ལྷ་ཚོགས་རྣམས་ལ་མཆོད་བསྟོད་བསྡུས་པ་ཅིག་ཕུལ་ལ། གཤེགས་སྐྱེམས་ལས་དང་མཐུན་པའི་མར་རམ་མར་ནག་གཙོ་བོ་ལ་ཉི་ཤུ་རྩ་གཅིག་དང་། འཁོར་རྣམས་ལ་བདུན་བདུན་ཕུལ་ལ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་པས་ལྷག་ཆད་བསྐང་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ནས། བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྭ་པཱ་ཎི་མཎྜྻལ་མུཿ ཅེས་བརྗོད་པས། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ན་མདུན་བསྐྱེད་ཀྱི་ཡེ་ཤེས་པ་དཀྱིལ་འཁོར་དུ་གཤེགས་ཤིང་། མ་འབྲེལ་ན་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པའམ། དམ་ཚིག་ཡེ་ཤེས་དབྱེར་མེད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བདག་གི་ཐུགས་ཀར་ཐིམ་པས། བདག་དང་གཉིས་སུ་མེད་པར་བསམ་ཞིང་། གསུམ་པ་རྗེས་མེ་ལྷ་ལ་གཏང་རག་གི་མཆོད་སྦྱིན་དང་ཕན་ཡོན་བསྟན་པ་གཉིས་ལས། དང་པོ་ནི། མར་རམ་མར་ནག་དགང་བླུགས་གསུམ་ཐབ་ཏུ་བླུགས་པས། དྲང་སྲོང་མེ་ལྷ་ཞལ་ཕྱག་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། ཆུ་བཞི་མཆོད་པ་ལྔ་དང་སྲེག་རྫས་རྣམས་གོང་བཞིན་བདུན་བདུན་ཕུལ་རྗེས་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་མེད་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཞེས་གསུམ་མམ་ལྔས་ཕུལ་ལ། གོས་ཟུང་བསངས་སྦྱངས་བྱས་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྭ་ཝསྟཱ་ཡ་སྭཱཧཱ་ཞེས་བརྗོད་ཅིང་། སོ་རྩི་མར་རམ་མར་ནག་དགང་བླུགས་གང་། ཨོཾ་བཛྭ་ཏཱམྦུ་ལཱ་ཡེ་སྭཱཧཱ། ཞེས་པས་ཕུལ་ལ། བསྟོད་པ་དང་འཕྲིན་ལས་བཅོལ་བའི་བར་སྔར་བཞིན་བྱས་ལ། སླར་མཆོད་བསྟོད་བསྡུས་པའི་རྗེས་སུ། གཤེགས་སྐྱེམས། མར་རམ་མར་ནག་དགང་བླུགས་གསུམ་ཕུལ་ལ། ཡིག་བརྒྱ་ལན་གསུམ་བཟླས་པས་ལྷག་ཆད་བསྐང་། ནོངས་པ་བཟོད་པར་གསོལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱི། །རང་གནས་བདེ་བར་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨགྣ་ཡེ་དེ་ཝ་ཏ་གཙྪ་སྭ་བྷཱ་ཝཱ་ནཱཾ། ཞེས་པས་ཡེ་ཤེས་ཀྱི་མེ་ལྷ་ཤར་ལྷོར་གཤེགས། དམ་ཚིག་གི་མེ་ལྷ་བདག་གི་ཐུགས་ཀར་བསྡུ་ཞིང་། སྲེག་རྫས་ལྷག་མ་རྣམས་ཐབ་ཏུ་བླུག་ལ། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་བརྗོད་པས་འགྲོ་བ་རིགས་དྲུག་ཐམས་ཅད་དེར་འདུས་ནས་རང་རང་གི་འདོད་ཡོན་གྱིས་ཚིམ་པར་བསམ་ཞིང་། མེ་དེ་ལོང་ཡོད་ན་མ་ཤིའི་བར་བཞག ལོང་མེད་ན་ཞི་བ་ལ་འོ་མ་སོགས་དཀར་པོའི་དྲིའི་ཆུ་དང་། རྒྱས་པ་ལ་སེར་པོའོ། །དབང་ལ་དམར་པོའོ། །དྲག་པོ་ལ་དུག་ཁྲག་གི་ཆུས་གཞིལ་ལ། དེ་ནས་ཐལ་སོལ་རྣམས་ལས་ཐམས་ཅད་པའི་བུམ་པར་བླུག་ལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ལ་སླར་ཆུ་གཙང་གིས་བཀང་བ་ཁྱེར་ནས་སྦྱིན་སྲེག་ཁང་པར་གཏོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །གཉིས་པ་རྗེས་ཕན་ཡོན་བསྟན་པ་ནི། གསང་བ་བསྟན་པའི་རྒྱུད་ལས། །དཀྱིལ་འཁོར་ལྷས་ནི་མཆོག་སྟེར་ལ། །མེ་ཡིས་འདོད་པའི་དོན་སྒྲུབ་བྱེད། །ཡན་ལག་གིས་ནི་བདེ་བ་སྦྱིན། །འོ་མ་སྦྲང་རྩིས་བདེ་བ་འཕེལ། །གྲོ་དང་སྲན་མས་ནད་ཀུན་སེལ། །དཱུརྦས་སྲོག་ནི་འཛིན་པ་ཡིན། །ནས་ཀྱིས་བརྩོན་འགྲུས་ལ་དབང་སྟེ། །སྟོབས་འཕེལ་མཱ་ཤ་ཀ་ཡིན་ནོ། །འབྲུ་འཕེལ་སོ་བའི་ལས་ཡིན་ཏེ། །སྡིག་པ་དག་པ་ཏིལ་ཡིན་ནོ། །འབྲས་ཀྱིས་ནུས་པ་འཕེལ་བྱེད་ལ། །ཞི་བ་ཡུངས་དཀར་ཀུ་ཤས་བསྲུང་། །དཔལ་བསྐྱེད་པ་ནི་བུད་ཤིང་སྟེ། །ཡམ་ཤིང་གཟི་བརྗིད་སྐྱེད་པར་བྱེད། །འབྱོར་པ་འཕེལ་བ་མར་ཡིན་ནི། །སྦྱིན་བདག་བཀྲ་ཤིས་ཐབ་ཡིན་ནོ། །དངོས་གྲུབ་ཀུན་སྟེར་མཆོད་པའི་རྫས། །ཐབས་དང་ཤེས་རབ་གཟར་བུ་སྟེ། །བདུད་ཀྱི་མར་གྱིས་ཚིམ་བྱེད་པ། །མཆོད་པ་གཞན་གྱིས་ཅི་ཞིག་བྱ། །ཞེས་གསུངས་སོ། །དེ་ལྟར་རྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་བསྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ་འདི་ཉིད། ཚུལ་འདི་ཉིད་ཀྱི་བསྙེན་བསྒྲུབ་ལ་ལྷག་པར་བརྩོན་པ་སྔགས་འཆང་ཆོས་ཀྱི་མགོན་པོ་དང་། གྲུབ་ཆེན་ཤཱཀྱའི་མཚན་ཅན་གྱི་རིགས་ཀྱི་དབོན་བརྒྱུད་ཆོས་ལ་ངེས་པར་སོམ་ཞིང་བློ་མིག་ཡངས་པ་བླ་མ་རྒྱ་མཚོས་ནན་གྱིས་བསྐུལ་བའི་ངོར། དཔལ་ལྡན་འབྲུག་པ་རིན་པོ་ཆེའི་རིང་ལུགས་དྲི་མ་མེད་པའི་རྡོ་རྗེ་འཛིན་པ་ངག་དབང་ནོར་བུས། ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ་རྒྱལ་གྱི་ཟླ་བའི་དམར་ཆ་འཕེལ་བའི་དགའ་བ་དང་པོའི་རྒྱལ་དང་ཕུར་བུ་འཛོམ་པའི་དུས་སྦྱོར་བཟང་པོ་ལ། གདན་ས་ཆེན་པོ་ར་ལུང་ཐིལ་གྱི་ཀུན་དགའ་ར་བ་ཆོས་ཀྱི་འབྱུང་གནས་དམ་པར་སྦྱར་བའི་ཡི་གེ་པའང་གུ་རུ་སཱ་ག་ར་ཉིད་ཀྱིས་བགྱིས་པའི་དགེ་བས་འཕྲིན་ལས་བཞི་བདེ་བླག་ཏུ་འགྲུབ་སྟེ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གྱུར་ཅིག། །།མདྒལཾ།། །།


previousརྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ།next