Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།

21 occurrences of བརྒྱུད་གསུམ་
[Clear Hits]


  
 
20  collapse section
  
  
  
  
  
  
  
  
 
  
  
 
  
  
  
  
  
  
བསད་པ་ཧུར་ཐུམ་ནག་པོ།
  
 
  
  
  
  
 
  
  
  
  
 
  
  
  
  
  
 
 
  
  
  
  
  
 
  
 
  
 
 
  
  
  
 
 
 
  
 
  
  
  
  
  
  
 
  
  
 
  
  
  


21 occurrences of བརྒྱུད་གསུམ་
[Clear Hits]

 
previousབསད་པ་ཧུར་ཐུམ་ནག་པོ།next

བསད་པ་ཧུར་ཐུམ་ནག་པོ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ བསད་པ་ཧུར་ཐུམ་ནག་པོ་བཞུགས༔ རྦོད་གཏོང་མ་མོའི་ལྷ་ལ་འདུད༔ སྔགས་བདག་འབར་མའི་རྣལ་འབྱོར་པས༔ དགྲ་བོ་བསད་པའི་ལས་སྦྱོར་ནི༔ བརྩོན་འགྲུས་ལྡན་པས་འདིར་ལྟར་བརྩམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཀྱིལ་འཁོར་བཅའ་གཞི་ལག་ལེན་ནི༔ རྦད་པའི་སྐབས་ལྟར་ཤེས་པར་བྱ༔ ཁྱད་པར་གྲི་ལྕགས་རལ་གྲིའམ༔ ཡང་ན་སོ་ལ་གྲི་ཁྲག་བྱུག༔ ཕུར་པ་ལ་སོགས་མཚོན་ཆ་ཀུན༔ སོ་ལ་དུག་ཁྲག་བྱུག་པར་བྱ༔ དགྲ་བོའི་ངལ་སྣབས་དྲི་ཆུ་དང་༔ སྐྲ་སེན་གོས་དུམ་ཕྲེང་དྲེག་རྣམས༔ གང་རྙེད་ལིངྒར་ལྡན་པ་གཅེས༔ ལས་ཀྱི་གཞུང་བསྲང་བསྐྱེད་རྫོགས་གསལ༔ མ་ཉེས་ཤགས་འདེབས་བདེན་སྟོབས་བརྗོད༔ སྒྲུབ་པ་རྦད་པའི་སྔགས་དམིགས་རྣམས༔ ཐུན་གྱི་མགོ་བོར་དུམ་རེ་སྐྱལ༔ དེ་ནས་བསད་བའི་ཡང་ཏིག་ནི༔ བསྐྱེད་རིམ་སྔགས་དམིགས་འདི་ལྟར་བྱ༔ རང་ཉིད་དཔལ་གྱི་ལྷ་མོར་བསྒོམ༔ ཐུགས་ཀའི་མ་དང་བྷྱོ་ཡིག་ལས༔ འོད་ཟེར་དམར་ནག་ཕྲེང་བའི་ཚུལ༔ ཕྱིར་འཕྲོས་སྔགས་འབྲུ་ཕྱི་ནང་བརྒྱུད༔ དགྲ་བོའི་སྙིང་གར་འཕྲོས་པ་ལས༔ སྔགས་འབྲུ་ཡི་གེ་རིམ་བཞིན་བརྒྱུད༔ ནྲི་ཡི་དཀྱིལ་གྱི་ཕཊ་ལ་ཕོག༔ ཕཊ་ལས་མེ་དཔུང་མཚོན་ཆའི་ཆར༔ དཔག་མེད་འཕྲོས་པས་སྲོག་སྙིང་ནྲི༔ ཚལ་བ་དུམ་བུར་གཏུབས་པར་བསམས༔ སྔགས་ཕྲེང་ཡིག་འབྲུ་ནང་མ་གསུམ༔ སྐད་ཅིག་གནས་གྱུར་འདི་ལྟར་གསལ༔ རེ་ལས་བ་ལམ་དྲེལ་སྣ་མ༔ ནག་མོ་བོང་བུ་ཁ་དཀར་ཆིབས༔ མདུང་དར་ནག་པོ་ཁྲག་ཐུན་བསྣམས༔ མ་ལས་སྟག་སྨན་གཟེར་འདེབས་མ༔ ནག་མོ་སྟག་མོ་གྲུས་མ་ཆིབས༔ མདུང་དར་ནག་མོ་ཁྲག་ཐུན་བསྣམས༔ ཏི་ལས་ཁྲི་སྨན་སི་ལེ་མ༔ ནག་མོ་རེ་ལྡེ་སྐུ་ལ་གསོལ༔ ནད་ཀྱི་རྐྱལ་པ་ཐུན་ཁྲག་ཐོགས༔ ཆིབས་སུ་བྱ་རོག་ནག་པོ་བཅིབས༔ དེ་ཡི་ཕྱི་རིམ་ཡིག་འབྲུ་ལས༔ མ་ལས་མ་མོ་རྡོ་རྗེ་བ་ལམ་མ༔ ནག་མོ་དྲེའུ་རྟ་རྐང་གསུམ་ཆིབས༔ དར་ནག་གོས་ཟུང་རེ་ལྡེ་ནག༔ ཟླ་བས་དབུ་རྒྱན་གཡང་གཞི་གསོལ༔ རལ་གྲི་ནེའུ་ལེ་ཕྱག་ན་བསྣམས༔ ར་ལས་རྒྱལ་པོ་ཚངས་པ་དཀར༔ དར་དཀར་བེར་གསོལ་དུང་རྨོག་གྱོན༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ སྤུ་གྲི་ཟངས་ཡག་ཞགས་པ་དམར༔ ཆིབས་སུ་སྟག་ཆེན་རྔམ་པ་བཅིབས༔ ཡ་ལས་བྷེ་ཝ་ས་ཏ་ནག༔ ཁྲམ་ཤིང་གཡས་ལ་མེ་ལོང་གཡོན༔ ཐོད་པས་དབུ་བརྒྱན་གཡང་གཞི་གསོལ༔ ཆིབས་སུ་ཆུ་གླང་ནག་པོ་བཅིབས༔ ཛ་ལས་བྱེ་བར་དགུ་རིང་ནག༔ ཐོད་སྐམ་དབུ་བརྒྱན་མི་ལྤགས་གྱོན༔ ཐོད་རློན་ཕྲེང་བས་དོ་ཤལ་བྱས༔ མདུང་དར་དཀར་པོ་ཞགས་པ་ནག༔ ཆིབས་སུ་བདུད་ཀྱི་རྟ་ནག་བཅིབས༔ ཀུན་ཀྱང་མི་བཟད་འཇིགས་རྔམ་འཁྲུག༔ འབར་བའི་སྟོབས་དང་ལྡན་པར་བསྒོམ༔ ཐུགས་ཀར་སོ་སོའི་སྙིང་པོས་མཚན༔ འཁྲུག་པས་དགྲ་བོ་བརླག་པར་བསམས༔ དེ་རྒྱབ་སྔགས་འབྲུ་བཅུ་དྲུག་པ༔ གནས་གྱུར་མེ་དཔུང་མཚོན་ཆའི་ཆར༔ དུག་ནད་རྐྱལ་བ་ཐོག་ཆར་འབབ༔ དགྲ་བོ་བརླག་པའི་མཐུ་ལྡན་བསམས༔ དེ་ནས་དམིགས་བྱའི་སྙིང་ནང་དུ༔ ཁོ་ཡི་ལས་ངན་རྣམ་སྨིན་ལས༔ གྲུབ་པའི་ལས་གཤིན་མང་པོ་དང་༔ འཆི་བདག་དྲེགས་པ་བདུན་པོ་ཡིས༔ གློ་སྙིང་ནང་རོལ་ཧབ་ཧབ་བཞེས༔ སྲོག་རྩ་བཅད་ཅིང་སྙིང་ཁྲག་འཇིབས༔ ནྲི་དཀྱིལ་ཕཊ་ཀྱིས་ཕྱིར་ལ་གཏོར༔ ཁྲོ་བོ་ཁྲོ་མོ་ནང་ལ་གཏུམས༔ རྣམ་ཤེས་མར་མེ་འཆི་ཀ་ཙམ༔ ནག་ནི་ཐུམ་ཐུམ་བསད་པར་བསམས༔ བསྐྱེད་རིམ་དམིགས་པ་གནད་དུ་བསྣུན༔ སྒྲུབ་ཐབས་གཞུང་གི་སྔགས་བཟླའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལྟར་འབད་པས་སོད་པའི་རྟགས༔ རབ་དངོས་འབྲིང་ཉམས་ཐ་ནའང་༔ རྨི་ལམ་སོགས་ལ་དོན་སྙིང་གཏང་༔ ཡང་ན་དགྲ་བོའི་ཁང་ཁྱིམ་བཤིག༔ བླ་རྟགས་བསད་དང་ལིངས་བཏབ་དང་༔ བྲག་བཤིགས་ཤིང་བཅད་ཐོག་ཕབ་པ༔ དེ་སོགས་དུས་ལ་བབས་པའི་རྟགས༔ ལིང་ག་བསྒྲལ་ཞིང་གཏོར་མ་འབུལ༔ ཤོག་ལིང་ར་རུ་གླང་རུ་དང་༔ གཅན་གཟན་སོགས་ཀྱི་ཐོད་པར་བཅུག༔ ཐུན་རྫས་རེ་ཧྲུལ་ནག་པོས་དྲིལ༔ གྲུ་གསུམ་འདུས་པའི་ས་མདོའམ༔ རྒྱ་གྲམ་ལམ་མམ་མཆོད་རྟེན་ཞབས༔ སྒྲུབ་ཁང་ལྷ་ཁང་ཐེམ་འོག་སོགས༔ རིགས་པས་དཔྱད་དེ་གནོན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུན་སྐབས་བསྐུལ་དང་གཏོར་མས་མཆོད༔ ལས་གྲུབ་གཏང་རག་མཆོད་གཏོར་འབུལ༔ བསྐང་བ་ལ་སོགས་རྒྱས་པར་བྱ༔ གྲིབ་ལ་འཛེམ་ཞིང་དམ་ཚིག་བསྲུང་༔ རྒྱུན་དུ་མཆོད་བསྟོད་ནར་མར་བརྩོན༔ བུད་མེད་རྣམས་ལ་སྨད་པ་སྤང་༔ འདི་ནི་མཁའ་འགྲོའི་དམ་ཚིག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སོ་ཕག་ཤི་ན་རྒྱ༔ ན་ར་ཀན་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆིག་བརྒྱུད་བུ་ལ་མ་གཏོགས་ཕག་ཏུ་སྦོས༔ ས་མ་ཡ༔ ཁ་ཐཾ༔ རིག་འཛིན་ཉི་མ་གྲགས་པས་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་དང་པོའི་ཚེས་ལ་རྒྱ་གར་རྩྭ་མཆོག་གྲོང་ནས་གདན་དྲངས་ཤིང་སྦས་ཡུལ་སྐྱིད་མོ་གཤོང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་པའོ། །མངྒ་ལཾ།། །།


previousབསད་པ་ཧུར་ཐུམ་ནག་པོ།next