རྗེ་ཞྭ་ནག་ཅོད་པན་འཆང་བ་བཅུ་པའི་ཞལ་སྔ་ནས་ཐོབ་པའི་ཆོས་ཀྱི་བཀའ་དྲིན་དྲན་ནས་གསོལ་བ་བཏབ་པ་འགའ་ཞིག
རྗེ་ཞྭ་ནག་ཅོད་པན་འཆང་བ་བཅུ་པའི་ཞལ་སྔ་ནས་ཐོབ་པའི་ཆོས་ཀྱི་བཀའ་དྲིན་དྲན་ནས་གསོལ་བ་བཏབ་པ་འགའ་ཞིག་བཞུགས་སོ།
སངས་རྒྱས་སྐྱེས་རབས་ཀྱི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་ཤཱཀྱ་མུ་ནེ་ཡེ། སྔོན་ཚེ་ཤཱཀྱ་ཐུབ་ཆེན་ལ། །བྱང་ཆུབ་དམ་པར་སེམས་བསྐྱེད་ནས། །གྲངས་མེད་གསུམ་དུ་ཕར་ཕྱིན་དྲུག །སྤྱོད་མཛད་དེ་ལ་གསོལ་བ་འདེབས། །ཡིད་བཞིན་ནོར་བུ་ཡན་ལག་མཆོག །ཤ་དང་ཁྲག་དང་ལུས་ཀུན་ཀྱང་། །འགྱོད་པ་མེད་པར་སྦྱིན་མཛད་པ། །སེམས་དཔའ་དེ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་སྲོག་ལས་གཅེས་མཛད་པ། །བཟོད་དང་བརྩོན་འགྲུས་མཚུངས་མེད་པ། །དེ་བཞིན་ཕྱིན་བཅུར་མཐར་ཕྱིན་པ། །སེམས་དཔའ་དེ་ལ་གསོལ་བ་འདེབས། །
ལྷ་ལས་བབ་དང་ལྷུམས་སུ་ཞུགས། །བལྟམས་དང་སྒྱུ་རྩལ་རོལ་པ་དང་། །ངེས་འབྱུང་རང་བྱུང་དཀའ་བ་བསྐྱེད་པ་ཡི། །རྒྱལ་བ་དེ་ལ་གསོལ་བ་འདེབས། །བདུད་བཅོམ་བྱང་ཆུབ་ཆོས་འཁོར་བསྐོར། །མྱང་འདས་སྐུ་གདུང་རྒྱས་པ་དང་། །བསྟན་པ་ལྔ་སྟོང་གནས་མཛད་པ། །ཐུབ་ཆེན་དེ་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་པཎྜི་ཏ། །གྲུབ་ཐོབ་ཀུན་གྱི་ཕ་རོལ་སོན། །མ་ཏི་ཙི་ཀྲ་ཞེས་བྱ་བའི། །དཔའ་བོར་གྲགས་ལ་གསོལ་བ་འདེབས། །དེ་ཡི་སྤྲུལ་པར་རབ་གྲགས་ཤིང་། །རྫུ་འཕྲུལ་བཀོད་པས་ནུབ་གཅིག་ལ། །སྐྱེས་
རབས་ཡོངས་རྫོགས་བརྩམས་མཛད་པ། །རང་བྱུང་རྗེ་ལ་གསོལ་བ་འདེབས། །དེ་ཡི་སྐྱེ་བ་རྩོད་མེད་པ། །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན། །ཆོས་དབྱིངས་རྡོ་རྗེ་ཞེས་བྱ་བའི། །དྲིན་ཅན་རྗེ་ལ་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་ཉིད་འདི་ནས་འཆི་འཕོས་ཚེ། །བདེ་བ་ཅན་དུ་སྐྱེས་ནས་ཀྱང་། །ས་བཅུ་ཐོབ་པར་བྱིན་གྱིས་རློབས། །ས་བཅུ་ཐོབ་ནས་ཕྱོགས་བཅུ་ཡི། །ཞིང་ཀུན་སྤྲུལ་པས་རབ་བཀང་སྟེ། །ཤཱཀྱའི་སྐྱེས་རབས་ཇི་བཞིན་དུ། །གཞན་དོན་བྱེད་པར་བྱིན་གྱིས་བློརློབས། །རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཡིས། །སྐད་ཅིག་མངོན་པར་བྱང་ཆུབ་ནས། །འཁོར་ལོ་བླ་མེད་རབ་བསྐོར་ནས། །འགྲོ་ཀུན་སྒྲོལ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཟ་དམ་པར་རྗེ་ཞྭ་དམར་དྲུག་པས་རྒྱལ་བའི་དབང་པོ་ལ་བརྒྱ་འབུལ་ཉིན་གླིང་གི་དགེ་འདུན་གཙུག་ལག་དང་བཅས་པ་རྗེ་ཉིད་ཀྱི་སྒར་གཞི་མུ་ཏིག་ཞྭ་དམར་དང་བཅས་པ་ཕུལ་ནས། འབུལ་ཡིག་ཞུགས་སུ་ཉིན་མཛད་གླིང་པ་ལ་ཐུགས་རྗེས་གཟིགས་ཤིག་བྱ་བ་ལན་གསུམ་མཛད་པ་དང་བཅས་པས་འབུལ་ཆེན་མཛད། གྲྭ་པ་ཀུན་གྱིས་ཁ་འཆལ་མང་པོས་ཞྭ་དམར་བའི་ཐུགས་ཀྱིས་དགོངས་བཞེད་དེ་རིང་འགྲུབ་བོ་ཞེས་གླེང་པས། དེ་དུས་བཞེད་པ་འགྲུབ་པས་སྐུ་ཚེའི་འཕེན་པ་མང་
བར་སྣང་སྟེ་དེ་མ་ཐག་འབྲུག་སྒྲ་དྲག་པོ་དང་། སེར་བ་དང་རླུང་དམར་པོ་གཡོ་བ་ཙམ་བྱུང་ཞིང་། དེ་མ་ཐག་བློ་བུར་དུ་བསྙུངས་ནས་དེའུ་འདས་བྱས་པས། གྲྭ་རྒན་ཀུན་ན་རེ་ད་ལོ་ཤིན་ཏུ་དྲག་ཟེར་ཡང་རྒྱལ་བའི་དབང་པོའི་དྲུང་ནས་བརྟན་བཞུགས་ཐོས་པའི་སློང་བར་རྩམ་པས་དེ་ནུབ་མང་ཇ་མང་དུ་འཚོགས་ཏེ་བརྒྱུན་འདྲ་བ་བྱས་པས། ཕྱིར་ནངས་སྐུ་ཁམས་དྭངས་ཏེ་ལོ་ངོ་གསུམ་བཞུགས་པ་ཡིན་ནོ། །སླར་དེ་དུས་རྒྱལ་བའི་དབང་པོ་ལ་ཕུལ་བ་བྱི་རུ་དཀར་པོའི་གཙོས་པ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་ཁྲི་ཆེན་པོར་བཞུགས་སུ་གསོལ། རྗེ་ཉིད་ཁྲི་རྩ་ན་ལྡིང་བ་རྐྱང་པ་བཏིང་ལ་བཞུགས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུས་པའི་ངོར། སངས་རྒྱས་སྐྱེས་རབས་ཀྱི་ལེའུ་གཅིག་གསུངས་པས། ཞལ་སྐྱེངས་བ་ལྟར་ཀློག་དཀའ་བ་ལྟར་མཛད་པས། དཔོན་སློབ་ད་རུང་བཞུགས་དགོས་ངེས་ཀྱི་བསྟན་པའི་ཁུར་མི་ཐེགས་ཞེས་གསུངས་པའི་བརྡ་ཡིན་ཞེས་གྲྭ་རྒན་རྣམས་གསུངས་ཏེ་དེ་ཁོ་ན་ལྟར་སྣང་ངོ་། །ཕྱིས་དེ་དག་དྲན་ནས་གསོལ་བ་འདི་བྱས་སོ། ༈ །སོ་ཐར་མདོ་ཡི་བརྒྱུད་པའི་བླ་མར་གསོལ་བ་འདེབས་པ་ནི། ན་མོ་ཤཱཀྱ་མུ་ན་ཡེ། འཛམ་བུའི་ཆུ་བོ་གསེར་གྱི་ཁ་དོག་ཅན། །ཐུགས་རྗེའི་འོད་སྟོང་འགྲོ་ལ་ཁྱབ་མཛད་ཅིང་། །མཚན་དང་དཔེ་བྱད་ཆ་ཤས་ཡོངས་རྫོགས་སྐུ། །རྒྱལ་བ་ཉི་མ་དེ་ལ་གསོལ་བ་འདེབས། །མཁྱེན་བརྩེའི་དཀྱིལ་འཁོར་རབ་ཏུ་གང་འགྱུར་ཅིང་། །རྣམ་
དག་ཐུགས་རྗེའི་འོད་དཀར་འཁོར་ཡུག་ཅན། །མཁས་གྲུབ་རྒྱུ་སྐར་དབུས་ན་གཟི་འབར་བ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བསླབ་གསུམ་རིན་ཆེན་དུ་མས་རབ་གང་ཞིང་། །ལུང་དང་རིག་པའི་རླབས་འཕྲེང་གཡོ་བ་ཅན། །ཐར་འདོད་བློ་གསལ་དད་པ་འདུ་བའི་གནས། །དགེ་འདུན་རྒྱ་མཚོ་དེ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྲོག་གི་ཕྱིར་ཡང་རྩ་བཞི་མི་སྟོང་ཞིང་། །ཕམ་པས་གོས་པ་མེད་པར་བྱིན་གྱིས་རློབས། །ལྷག་མ་བཅུ་གསུམ་སྤང་ལྟུང་སུམ་ཅུ་པོ་ལྟུང་བ་འཕེལ་བ་མེད་པར་བྱིན་གྱིས་རློབས། །ཚུལ་ཁྲིམས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ལྟུང་བྱེད་དགུ་བཅུ་སོ་སོར་བཤགས་པ་བཞི། །བསླབ་པའི་ཆོས་ནི་མང་པོའི་ལྟུང་བ་རྣམས། །བཤགས་པས་ཡོངས་སུ་དག་པར་བྱིན་གྱིས་རློབས། །གལ་ཏེ་བཤགས་ཡུལ་དགེ་འདུན་མ་རྙེད་ན། །སྤང་པའི་ཁོང་པར་ཞི་གནས་གསོ་སྦྱོང་གིས། ཚུལ་ཁྲིམས་ཡོངས་སུ་དག་པར་བྱིན་གྱིས་རློབས། །དགའ་བའི་ཆོས་ཐོབ་འཆི་དུས་འགྱོད་པ་མེད། །བདེ་བར་གནས་དང་སྙན་པས་ཁྱབ་པ་སོགས། །ཚུལ་ཁྲིམས་ཡོན་ཏན་ཐོབ་
པར་བྱིན་གྱིས་རློབས། །ལྷ་རྣམས་སྲུང་ཞིང་ཕན་འདོགས་བྱེད་པ་དང་། །གཞན་ལ་ཉམས་ང་བག་ཚ་མེད་པ་སྟེ། །ཚུལ་ཁྲིམས་ཡོན་ཏན་ཐོབ་པར་བྱིན་གྱིས་རློབས། །མི་མ་ཡིན་རྣམས་གླགས་རྙེད་མི་འགྱུར་ཞིང་། །ཚིག་ཆུང་ཆེ་བོ་སྨོན་ལམ་འགྲུབ་པ་སྟེ། །ཚུལ་ཁྲིམས་ཡོན་ཏན་ཐོབ་པར་བྱིན་གྱིས་རློབས། །བདེ་བར་གཉིད་ལོག་བདེ་བར་སད་པ་དང་། །གཉིད་ཚེའང་ལྷས་སྲུང་རིམ་གྱིས་མྱང་འདས་ཐོབ། །ཚུལ་ཁྲིམས་ཡོན་ཏན་ཐོབ་པར་བྱིན་གྱིས་རློབས། །འཇིགས་དང་སྔངས་དང་བག་ཚ་མེད་པ་དང་། །དགྲ་དང་བགེགས་ཀྱིས་གནོད་མེད་ཕན་འདོགས་བྱེད། །ཚུལ་ཁྲིམས་ཡོན་ཏན་ཐོབ་པར་བྱིན་གྱིས་རློབས། །ཡོ་བྱད་ཚེགས་མེད་ཐོབ་ཅིང་ཀུན་གྱིས་བཀུར། །རྒྱལ་བའི་བསྟན་པ་ཀུན་ནས་མཛེས་བྱེད་པ། །ཚུལ་ཁྲིམས་ཡོན་ཏན་ཐོབ་པར་བྱིན་གྱིས་རློབས། །བདག་ཉིད་འཆི་ཚེ་འགྱོད་པ་མེད་པ་རུ། །དྲན་དང་ཤེས་བཞིན་ཉམས་པ་མེད་པ་ནས། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་འདི་མཚུར་ཕུར་དགེ་འདུན་ཁྲི་ཕྲག་བདུན་འཚོགས་དུས་རྗེ་ཆོས་དབྱིངས་རྡོ་རྗེའི་སོ་སོ་ཐར་པའི་མདོ་གསུངས་ཏེ། རྗེ་དྲུག་པ་ཞིང་བརྗེས་འབྲོག་ཡིན་པས་རྒྱལ་
བའི་དབང་པོས་སྤྱན་ཆབ་མང་དུ་བསྲིངས་ནས་མདོ་མི་ཐོན་པ་ལྟར་མཛད་ཅིང་། དེ་སྐོར་ཤིང་རྟ་ལ་བསྐྱོན་པའི་སྤོས་དང་། གཞན་ཡང་ཕྱག་གི་སྤོས་འགྲིམས་མང་དུ་མཛད་དུས་སྤྱན་ཆབ་ཆར་ལྟ་བུ་ཟད་མེད་དུ་བྱོན་པས། རང་རེ་ཚོགས་རྣམས་ཀྱི་ན་བཟའ་ལ་ཡང་ཕོག་པར་བྱུང་སྟེ། དྲུང་རམ་པ་འགའ་ན་རེ་སྤྱན་ཆབ་རེ་འཕགས་པའི་སྤྲུལ་པར་སྣང་སྟེ་སོ་སྐྱེ་ལ་སྤྱན་ཆབ་དེ་འདྲ་གར་སྲིད་ཟེར་ཞིང་། ཕྱིས་བསམ་པས་རྗེ་སྤྲུལ་པའི་སྐུ་དེ་གཤེགས་ནས་གངས་རིའི་ལྗོངས་འདིའི་བཅུད་ཤོར་ཏེ། དུས་འཁྲུག་དང་མི་ཕྱུགས་ཀྱི་ནད་སོགས་ཀྱིས་བསྟན་པ་ཕྱེད་ལྷག་ཙམ་ནུབ་ཅིང་སེམས་ཅན་བདེ་བའི་སྐབས་ཡེ་མ་བྱུང་བས། དེ་དག་འབྱུང་བ་དགོངས་ཤིང་བརྡའི་སྒོ་ནས་ལུང་བསྟན་པར་སྣང་སྟེ་སུས་གོ་བར་མི་སྣང་། དེ་མིན་ན་ཁོང་རྣམས་ངོ་བོ་དབྱེར་མེད་ཅིང་མཇལ་བར་བཞེད་ན་ནམ་ཡང་ཞལ་མཇལ་ཆོག་པ་ལ་ཐུགས་ནད་དེ་ཙམ་ཅི་ཡོད། ཕྱིས་དེ་དག་གི་དོན་ཡིད་ལ་དྲན་ནས་གསོལ་བ་བཏབ་པའོ། ཨ༈ །ན་མོ་གུ་རུ་དྷརྨ་དྷརྟ་བཛྲ་ཡེ། སྐུ་ལྔའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་། །བཀའ་བཞི་བརྒྱུད་པས་བྱིན་རླབས་ཏེ་ལོ་པ། །བླ་མའི་ཕྱིར་དུ་དཀའ་བ་བརྒྱ་རྩ་བརྒྱད། །སྲོག་ལ་བསྡོས་པས་དཀའ་བ་བཅུ་གཉིས་ཀྱིས། །བླ་མ་མཉེས་ནས་མཆོག་གི་དངོས་གྲུབ་ཐོབ། །གནས་ལྔ་རིག་པའི་པཎ་ཆེན་ནཱ་རོ་པ། །བླ་མ་གཤེགས་ཀྱང་མོས་གུས་གདུང་ཤུགས་ཀྱིས། །དངོས་སུ་མཇལ་
ནས་བྱིན་རླབས་ལྷོ་བྲག་པ། བླ་མའི་གསུང་བཞིན་མཁར་ལེན་དཀའ་སྤྱད་ཀྱིས། །མཐོང་གྲོལ་དངོས་གྲུབ་ཐོབ་པ་མི་ལ་རྗེ། །བསྒྲུབས་པས་མཆོད་ནས་དོན་གཉིས་མཐར་ཕྱིན་པས། །དྭགས་པོ་དུས་མཁྱེན་རས་ཆེན་སྤོམ་བྲག་པ། །པཀི་ཨོ་རྒྱན་རང་བྱུང་གཡུང་སྟོན་རྗེ། །འཛམ་གླིང་གྲགས་པ་མཁའ་སྤྱོད་ཆོས་དཔལ་བཟང་། །རཏྣ་བྷ་དྲ་དོན་ལྡན་འཇམ་དཔལ་བཟང་། །གོ་ཤྲི་མཚོ་སྐྱེས་མཉན་པ་དབྱངས་ཅན་བཟང་། །དཀོན་མཆོག་ཡན་ལག་མི་ཕམ་ཆོས་ཀྱི་མཚན། །ཆོས་ཀྱི་དབང་ཕྱུག་ཆོས་དབྱིངས་རྡོ་རྗེའི་ཞབས། །མོས་གུས་བཀའ་བབ་རྣམས་ལ་གསོལ་བ་འདེབས། །རྒྱུད་སྡེ་ཀུན་གྱི་སྙིང་པོ་གཅིག་བསྡུས་པ། །ཚེ་གཅིག་སངས་རྒྱས་སར་བསྒྲོད་ཉེ་ལམ་མཆོག །བཀའ་བརྒྱུད་ཀུན་གྱི་གཤེགས་ལམ་གེགས་མེད་པ། །བླ་མའི་རྣལ་འབྱོར་དེ་ལ་གསོལ་བ་འདེབས། །ཆོས་སྐུ་ཡེ་ཤེས་མཁའ་འགྲོའི་གསུངས་ལས་ཀྱང་། །སྙན་བརྒྱུད་རྩ་བར་བྱིན་རླབས་མོས་གུས་ལམ། །མོས་གུས་གསོལ་བ་འདེབས་ལ་རག་ལས་གཅེས། །ངོ་མཚར་སྙན་བརྒྱུད་དེ་ལ་གསོལ་བ་འདེབས། །དམ་ཚིག་བཀོད་པའི་རྒྱུད་ལས་བཅོམ་ལྡན་
ཀྱིས། །བསྙེན་སྒྲུབ་བཟླས་པ་ས་ཡ་བྱས་པ་བས། །བླ་མའི་གསོལ་འདེབས་ལན་གཅིག་དགའ་ཞེས་གསུངས། །ཁྱད་འཕགས་དམ་ཆོས་དེ་ལ་གསོལ་བ་འདེབས། །ཡེ་ཤེས་གསལ་བ་སྒྲོན་མའི་རྒྱུད་ལས་ཀྱང་། །མཚན་དང་དཔེ་བྱད་ལྡན་པའི་ལྷ་ཡི་སྐུ། །བསྐལ་པར་བསྒོམ་པས་བླ་མ་དྲན་ཙམ་མཆོག །བསྐྱེད་རིམ་རྒྱལ་པོ་དེ་ལ་གསོལ་བ་འདེབས། །དམ་ཚིག་བཀོད་པའི་རྒྱ་མཚོའི་རྒྱུད་ལས་ནས། །རྫོགས་རིམ་བསྐལ་པའི་བར་དུ་བསྒོམ་པ་བས། །བླ་མ་དར་གཅིག་དྲན་པ་མཆོག་ཏུ་གསུངས། །རྫོགས་རིམ་སྙིང་པོ་དེ་ལ་གསོལ་བ་འདེབས། །ཡེ་ཤེས་མངོན་པར་བྱང་ཆུབ་རྒྱུད་ལས་ཀྱང་། །ས་དང་ལམ་གྱིས་རིམ་པ་མ་ལུས་རྣམས། །བླ་མའི་མོས་གུས་ལ་བཟླས་བགྲོད་ཅེས་གསུངས། །མདོ་རྒྱུད་དགོངས་དོན་དེ་ལ་གསོལ་བ་འདེབས། །བཀའ་བབས་ཡི་དམ་སྡོམ་པ་ཡབ་ཡུམ་གཉིས། །ཆོས་བདག་ནག་པོ་ལྕམ་དྲལ་ཚེ་རིང་མ། །ཤ་ཟ་ཌཱཀྐི་ལྔ་སོགས་བཀའ་བརྒྱུད་ཀྱི། །ཡི་དམ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་འབར་ཐབས་སུ་བཏབ་པས། །བྱིན་རླབས་སྙིང་གི་དཀྱིལ་དུ་ད་ཕོབ་ཅིག །གྲངས་མེད་གསུམ་དུ་
ཐོབ་དཀའི་བྱིན་རླབས་མཆོག །རྗེ་ཡི་དྲིན་གྱིས་ཚེ་འདིར་ད་སྩོལ་ཅིག །ཐེ་ཚོམ་བྲལ་བའི་མོས་གུས་འདི་བྱས་པས། །འབྲལ་མེད་ལྷུན་གྲུབ་རྟོགས་པ་ད་མྱུར་སྩོལ། །ཅེས་པ་འདི་སྔོན་རྫོགས་པའི་སངས་རྒྱས་ཀྱིས་མ་འོངས་པ་ན་བྱང་གི་ཕྱོགས་རི་ནག་པོ་བཅུ་གསུམ་འདས་པའི་ཕ་རོལ་རྡོ་འདི་གར་སོང་བའི་ས་ན་ང་ཡི་བསྟན་པ་དར་ཞེས་གསུངས་ནས་ཕྱག་རྡེལ་འཕང་བའི་ཕ་ཝང་ད་ལྟ་ལྟར་ཡོད་ཅིང་། དཔལ་འཁོར་ལོ་སྡོམ་པ་ཐུགས་ཀྱི་གནས་སུ་གྱུར་པས་ན། བྲག་རི་མཆོད་རྟེན་གྱི་དབྱིབས་སུ་ཡོད་པའི་གནས་སྟོད་ལུང་མཚུར་ཕུར་རྗེ་ཆོས་དབྱིངས་རྡོ་རྗེའི་བླ་མའི་རྣལ་འབྱོར་རྗེ་དཀོན་མཆོག་ཡན་ལག་གིས་མཛད་པ་གཅིག་གནང་བས། ད་བསམ་པས་སྤྱིར་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་དང་ཁྱད་པར་བཀའ་བརྒྱུད་དང་སྙན་བརྒྱུད་ཀྱི་ཆོས་ཐམས་ཅད་དེ་ལ་འདུས་པར་སྣང་བསམས་ནས་བརྒྱུད་པ་ཆོས་དང་བཅས་པར་གསོལ་བ་འདེབས་པ་འདི་བྱས་པའོ། ༈ ༧ ན་མོ་གུ་རུ་མ་ཧཱ་ཀ་རུ་ཎི་ཀ་དྷརྨ་དྷཱ་ཏུ་བཛྲ་ཡེ། བདེ་བ་ཅན་ན་བདེ་གཤེགས་འོད་དཔག་མེད། །དེ་ཡི་སྤྱན་གཡས་ལས་སྤྲུལ་སྤྱན་རས་གཟིགས། །ཁ་བ་ཅན་ན་རྒྱལ་བ་ཀརྨ་པ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ལོངས་སྐུའི་ཞིང་ན་ཐུབ་པ་གངས་ཅན་མཚོ། །སེམས་དཔའི་ཚུལ་བཟུང་འཕགས་པ་སྤྱན་རས་གཟིགས། །གངས་
རིའི་ཁྲོད་འདིར་རྒྱལ་བ་ཀརྨ་པ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་འདུལ་སྤྲུལ་པའི་གར་མཁན་ཀརྨ་པ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །འཛམ་གླིང་བྱེ་བ་ཕྲག་བརྒྱར་ཤཱཀ་ཐུབ་རེ། །དེ་སྙེད་སྤྱན་རས་གཟིགས་དང་སྲོང་བཙན་ཞབས། །ཞྭ་ནག་འཛིན་པ་བཅུ་གསུམ་དེ་སྙེད་སྤྲུལ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སྟོང་གསུམ་གངྒཱ་ཀླུང་གི་བྱེ་སྙེད་ཞིང་། །ཟློསངས་རྒྱས་སྟོང་རྩ་རེ་རེ་སྤྲུལ་མཛད་ནས། །མཐའ་ཡས་འགྲོ་བའི་དོན་མཛད་ཀརྨ་པ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བ་སྤུའི་བུ་ག་རེར་ཡང་སངས་རྒྱས་ཞིང་། །བསམ་ཡས་སྤྲུལ་ནས་འགྲོ་བའི་དོན་མཛད་པ། །འཇིག་རྟེན་དབང་ཕྱུག་རྒྱལ་བ་ཀརྨ་པ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བདེ་ཆེན་ཞིང་ན་ཆོས་སྐུ་འོད་མཐའ་ཡས། །པོ་ཊ་ལ་རུ་ལོངས་སྐུ་ཐུགས་རྗེའི་བདག །རྔ་ཡབ་གླིང་ན་འཆི་མེད་སྤྲུལ་པའི་སྐུ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །འོག་མིན་
གནས་ན་རྟ་མཆོག་ཧེ་རུ་ཀ །ཨོ་རྒྱན་གནས་ན་ཨིནྡྲ་བྷ་ཏི་རྗེ། །འཕགས་པའི་ཡུལ་ན་མདའ་བསྣུན་གྲུབ་པའི་གཙོ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཆོས་ཀྱི་གྲགས་པ་སྒྲ་ཚད་གྲུབ་པའི་ཚུལ། །ཀླུ་ཡིས་བྱང་ཆུབ་གསུང་མཆོག་གྲུབ་པའི་ཚུལ། །རྒྱལ་བ་མཆོག་དབྱངས་རྟ་མགྲིན་གྲུབ་པའི་ཚུལ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་བྱེ་བ་འབུམ་གྱིས་མཚན་འཛིན་པས། །གང་གིས་མཚན་མཆོག་འཛིན་ན་ཆེས་ལྷག་པ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཁྱེད་སྐུ་སྒོམས་སམ་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྡིག་དང་མི་དགེ་དག་མཛད་པ། །འཇིག་རྟེན་དབང་ཕྱུག་ཡི་དམ་ཀུན་གྱི་གཙོ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ལན་གཅིག་བསྒྲགས་པས་བསོད་ནམས་བསྒྲུང་མི་ནུས། །ལན་གསུམ་བརྗོད་ན་ངན་སོང་གསུམ་ལས་ཐར། །བདེ་ཆེན་ཞིང་དུ་བསྒྲོད་པའི་ཉེ་བརྒྱུད་དེ། །ཁྱེད་སྔགས་ཡི་གེ་དྲུག་དེར་གསོལ་བ་འདེབས། །ཆོས་ཀྱི་སྲུང་མ་མ་མགོན་སྐྱེས་བུ་ཆེ། །དབང་ཕྱུག་ཆེན་
པོ་ཀླུ་བརྒྱད་མཁར་ནག་ཆེ། །བླ་མའི་བཀའ་དང་མདོ་རྒྱུད་གང་ཟག་རྣམས། །སྲུང་བྱེད་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྤྱན་རས་གཟིགས་དབང་བླ་མའི་སྐུ་གསུང་ཐུགས། །བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར། །ཆུ་ལ་ཆུ་བཞག་ཅི་བཞིན་བྱིན་གྱིས་རློབས། །འཆི་ཚེ་རྣམ་ཤེས་ཚངས་པའི་བུ་ག་ནས། །འོད་དཔག་མེད་མགོན་སྲས་བཅས་མདུན་བསུས་ཏེ། །བདེ་བ་ཅན་དུ་པདྨོར་བརྫུས་སྐྱེས་ནས། །ས་བཅུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་པ་འདི་འོག་མིན་མཚུར་ཕུའི་དགོན་པར་རྗེ་ཆོས་དབྱིངས་རྡོ་རྗེའི་སྤྱན་སྔ་ནས་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་སྒོམ་བཟླས་རྗེ་དཀོན་མཆོག་འབངས་ཀྱི་བཀའ་འབུམ་ལས་བྱུང་བ་དེ་ཤིན་ཏུ་གསལ་ཞིང་སྔགས་རིང་ཆ་ཐུང་ཆ་དང་བཅས་པ་ལན་གཉིས་གསུམ་ལ་བསྐྱལ་ཞིང་གསུངས་པ་གཅིག་ཐོབ་ཅིང་བྱིན་བསམ་པས། རྗེ་པཀྵིའི་གསུངས་ལས། མིང་ཡོངས་སུ་གྲགས་པ་ཀརྨ་པ་དང་། ཐུགས་རྗེ་ཆེན་པོ་གཉིས་ཀྱི་བར་ན་བརྒྱུད་པ་གཞན་ཡོད་ཀྱང་རུང་ལ་མེད་ཀྱང་རུང་གསུང་བར་གདའ་བས། དོན་ལ་ཐུགས་རྗེ་ཆེན་པོ་དངོས་ཡིན་པར་སྣང་སྙམ་ནས་གསོལ་འདེབས་འདི་བྱས་སོ། །ན་མོ་མ་ཧཱ་མུ་དྲ་ཡེ། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །གསང་བདག་ཕྱག་
རྡོར་བྲམ་ཟེ་ས་ར་ཧ། །འཁོར་ལོ་སྡོམ་པའི་རྒྱུད་གཞུང་ལ་བསྟེན་ནས། །ཕྱག་ཆེན་བཀའ་བབས་རྣམས་ལ་གསོལ་བ་འདེབས། །ཏེ་ལོ་ནཱ་རོ་མར་པ་མི་ལ་རྗེ། །དྭགས་པོ་དུས་མཁྱེན་རས་ཆེན་སྤོམ་བྲག་མཚན། །པཀི་ཨོ་རྒྱན་རང་བྱུང་གཡུང་སྟོན་མཚན། །རོལ་པའི་རྡོ་རྗེ་མཁའ་སྤྱོད་དེ་བཞིན་གཤེགས། །རཏྣ་བྷ་དྲ་དོན་ལྡན་བན་སྒར་བ། །གོ་ཤྲི་ཆེན་པོ་མཚོ་སྐྱེས་བཀྲ་ཤིས་མཚན། །མི་བསྐྱོད་རྒྱལ་བ་གར་དབང་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང་། །བཀའ་དྲིན་མཉམ་མེད་ཆོས་དབྱིངས་རྡོ་རྗེའི་ཞབས། །ཕྱག་ཆེན་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྡོམ་པ་ཡབ་ཡུམ་བསྟན་སྲུང་བྱ་རོག་མཚན། །དུད་སོལ་ལྷ་མོ་བེར་ཅན་ཡབ་ཡུམ་སོགས། །ཆོས་བདག་སྲུང་མར་བཅས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བློ་རབ་རྣམས་ཀྱི་ཆོས་རབ་དམ་པ་སྟེ། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །བསྟན་ཆོས་ཀུན་གྱི་མཐར་ཐུག་སྐྱེལ་ས་ཆེ། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །གཅིག་ཤེས་ཀུན་ལ་མཁས་པའི་རིག་པ་
མཆོག །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །རྒྱུད་སྡེ་ཀུན་གྱི་སྙིང་ཁུ་དམ་པ་སྟེ། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །ཡེ་ཤེས་མཁའ་འགྲོ་ཀུན་གྱི་གསང་ཚིག་སྟེ། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །གྲུབ་ཐོབ་ཀུན་གྱི་ཉམས་མྱོང་དམ་པ་སྟེ། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་རང་ལ་རྙེད་པ་འབྲས་བུའི་མཆོག །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །ཞེས་པ་འདི་འོག་མིན་མཚུར་ཕུའི་གནས་སུ་རྗེ་ཆོས་དབྱིངས་རྡོ་རྗེའི་ཞལ་སྔ་ནས་ཕྱག་རྒྱ་ཆེན་པོའི་ངོ་སྤྱོད་རྗེ་ཞྭ་དམར་ལྔ་པའི་བཀའ་འབུམ་ནས་བྱུང་བ་དེ་ལེགས་པར་ཐོབ་པས་ས་ར་ཧ་དངོས་ལས་ཐོབ་པར་སེམས་ནས་ཕྱིས་གསོལ་བ་བཏབ་པའོ། ༈ ན་མོ་ཤཱཀྱ་མུ་ནེ་ཤ་ས་ན་ཡེ། ཝཱ་རཱ་ཎ་སཱིའི་ནགས་ཚལ་དུ། །བདེན་བཞིའི་འཁོར་ལོ་བསྐོར་མཛད་ཅིང་། །སྲིད་པའི་སྡུག་བསྔལ་སྐེམ་མཛད་པ། །སྟོན་པ་དེ་ལ་གསོལ་བ་འདེབས། །བྱ་རྒོད་སྤུངས་པའི་རི་བོ་རུ། །མཚན་ཉིད་མེད་པའི་འཁོར་ལོ་ཡིས། །རང་སྲས་མྱུ་གུ་རྒྱས་མཛད་པ། །སངས་རྒྱས་དེ་ལ་གསོལ་བ་འདེབས། །རྡོ་རྗེ་གདན་སོགས་དུ་མ་རུ། །ངེས་པར་རྣམ་འབྱེད་འཁོར་ལོ་ཡིས། །
སྲིད་ཞིའི་མཐའ་ལས་སྒྲོལ་མཛད་པ། །རྒྱལ་བ་དེ་ལ་གསོལ་བ་འདེབས། །ངམ་རིང་འདུས་པའི་རྒྱ་མཚོ་ལ། །ངོ་མཚར་ལེགས་བཤད་འཁོར་ལོ་ཡིས། །གངས་ཅན་བསྟན་པ་རྒྱས་མཛད་པ། །འཇམ་དབྱངས་བླ་མར་གསོལ་བ་འདེབས། །གངས་ཅན་གདུལ་བྱ་རྒྱ་མཚོ་ལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཡིས། །ཐུབ་བསྟན་སླར་ཡང་རྒྱས་མཛད་པ། །ཆོས་དབྱིངས་རྡོ་རྗེར་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྒྱལ་དབང་ཡུན་རིང་ཞབས་བརྟན་ཅིང་། །དཔག་མེད་ཆོས་ཀྱི་འཁོར་ལོ་ཡིས། །བདག་སོགས་སྨིན་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར་གསོ་སྦྱོང་གི་དུས་ཡབ་སྲས་གཉིས་ཀའི་གསུང་གཅིག་ཏུ་བསྡེབས་ནས་ཆོས་གྲགས་ཀྱིས་མདོ་ལན་དུ་མར་ཐོབ་པའི་བཀའ་དྲིན་དྲན་ནས་གསོལ་བ་བཏབ་པ་སྟེ། སླད་ནས་ཀྱང་བདག་ཅག་འཁོར་དང་བཅས་པ་ལ་ལུས་འདིས་༧ རྒྱལ་དབང་བཅུ་པ་དང་། ༧ སྤྲུལ་སྐུ་བདུན་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོའི་སྨིན་གྲོལ་འགྱུར་བར་ཤོག་ཅིག །ཅེས་པ་འདིའང་ཀརྨ་ཨ་རཱ་གས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།