Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
རང་ལུས་ཞིང་ཁམས་ཀྱི་དབང་གསང་བ།
   
   
   
   
   
   
   
   
   
   
   


 
previousརང་ལུས་ཞིང་ཁམས་ཀྱི་དབང་གསང་བ། next

རང་ལུས་ཞིང་ཁམས་ཀྱི་དབང་གསང་བ།


DNG003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨད་མ་ཨ་སུ་ཀ་ཨ་བྷི་ཥིཉྩ་ནཱ་མ། བོད་སྐད་དུ། རང་ལུས་ཞིང་ཁམས་ཀྱི་དབང་གསང་བ་ཞེས་བྱ་བ། བཅོམ་ལྡན་འདས་ལུང་ལས་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །དེ་ནས་དུས་དེའི་ཚེ་འཁོར་བསམ་གྱིས་མི་ཁྱབ་པའི་དབུས་ནས། རྡོ་རྗེ་སེམས་དཔའ་ཉིད་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་བཞིན་དུ། ཕྱག་ན་རྡོ་རྗེ་ལ་དབང་བསྐུར་ཏེ། འདི་སྐད་ཅེས་བསྒོའོ། །ཨེ་མ་གསང་བདག་རྡོ་རྗེ་འཛིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །མ་སྨིན་མ་གྲོལ་ཐར་པར་དཀའ། །གཟུང་འཛིན་དྲི་མས་བཅིངས་པའི་ཕྱིར། །ཀུན་ཀྱང་ཐར་པར་དཀའ་བས་ན། །རང་ལུས་དཀྱིལ་འཁོར་རྫོགས་བྱེད་པའི། །དབང་གི་ལུང་བསྟན་ཁྱོད་ཀྱིས་ཟུང་། །དེ་ནས་རྡོ་རྗེ་འཛིན་པ་ཡིས། །བདེ་བའི་སྟན་ལས་ལངས་ནས་ནི། །དགའ་མགུ་ཡི་རང་ཐལ་མོ་སྦྱར། །གདུང་བའི་ཤུགས་ཕྱུང་རྩོལ་བསྐྱེད་ནས། །དགའ་བའི་མདངས་བསྐྱེད་འདོད་སྒོ་གསལ། །ཤེས་རབ་མཆོག་ཆེན་ཐོབ་ནས་ཀྱང་། །རྡོ་རྗེ་འཆང་ལ་དོན་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སེམས་ཅན་མ་སྨིན་སྨིན་བྱེད་པའི། །དབང་གི་ཐབས་ཆེན་གསུང་དུ་གསོལ། །དེ་ནས་རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན། །གསང་སྔགས་ཐབས་ལ་རབ་བརྟེན་ནས། །དབང་དང་རིམ་


DNG003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་པར་བྱ། །རང་ལུས་དབང་དུ་ངོ་སྤྲད་ན། །ཤིན་ཏུ་དབེན་པའི་གནས་དག་ཏུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །ཆག་ཆག་ལ་སོགས་གདབ་བྱ་ཞིང་། །ཚོན་རྣམས་རབ་ཏུ་དགྱེ་བར་བྱ། །དབུས་སུ་མུ་ཁྱུད་ཟླུམ་པོ་སྟེ། །འཁོར་ལོའི་རཱུ་ཏྲའི་སྟེང་དུ་བྱའོ་རྩིབས་བརྒྱད་རབ་ཏུ་མཛེས། །ཁ་ཕྱེ་བ་དང་མ་ཕྱེ་དང་། །པདྨ་དག་དང་སྤེལ་བའོ། །སྣ་ཚོགས་པདྨ་འདྲ་བར་འདོད། །ཕྱི་རིམ་ཟླུམ་པོ་འོད་ལྔའི་དེ་བཞིན་ནོ། །ཕྱི་རིམ་གྲུ་བཞི་སྒོ་དང་བཅས། །ཕྱི་རིམ་ཟླུམ་པོ་བུམ་པའི་དབྱིབས། །ཁ་མིག་སྐྲ་དང་བཅས་པའོ། །དེ་ལྟར་དཀྱིལ་འཁོར་ཉིད་བྲིས་ལ། །རྫས་ནི་རབ་ཏུ་དགོད་བྱ་སྟེ། །ཚོགས་དང་གཏོར་མ་གོང་དང་མཐུན། །དཀྱིལ་འཁོར་ལྟེ་བའི་དབུས་དག་ཏུ། །ཕོ་ཐོད་མོ་ཐོད་དག་དག་ནི། །རྨ་བྱ་མེ་ལོང་བྱང་སེམས་དཀར། །ཕྱི་རོལ་པདྨའི་སྟེང་དག་ཏུ། །བྱང་སེམས་དམར་དང་ཁྲོ་སྐུའོ། །དེ་ལྟར་རྫས་རྣམས་བསགས་ནས་ནི། །དབང་བསྐུར་ལས་རྣམས་རྫོགས་པར་བྱ། །འདི་ལྟར་ཡེ་ཤེས་འོད་སྐུ་སྟེ། །དག་པས་དག་པའི་རྒྱུ་མཚོན་ཏེ། །གང་བས་གསལ་བའི་འོད་ལྡན་པའོ། །ཆོས་སྐུ་ལྷུན་རྫོགས་བདེ་བ་ཆེ། །སྟོང་ཉིད་རང་གསལ་དབང་བསྐུར་རོ། །མ་ཧཱ་ཨ་ནུ་སྲ་ཏྲ་ཡཱ། ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ། ཆོས་ཉིད་གསལ་འཚེར་གཡོ་བ་མེད། །རྡོ་རྗེ་སྐྱོན་བྲལ་བྱང་ཆུབ་སེམས། །བདུད་རྩི་དག་པ་ཆོས་ཉིད་རྒྱུ། །འཁོར་འདས་མ་རྟོག་དབང་བྱང་སེམས་དཀར་པོ་བྱིན་ནོ། །བསྐུར་རོ། །བོ་དྷི་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཨཱ་ཨཱ། འཁོར་བའི་སྐྱོན་སྤངས་ཡེ་ཤེས་དམར། །འདོད་ཆགས་མ་སྤངས་ཆོས་ཉིད་སྟོང་། །ཆགས་མེད་ཡེ་ཤེས་པདྨར་གསལ། །ཨེ་ལྡན་བྷ་ག་སྟོང་ཉིད་དེ། །བདག་ཉིད་བྱང་སེམས་དམར་པོ་བྱིན། གསང་བ་ཤེས་རབ་དབང་སྙིང་པོའི་དབང་བསྐུར་རོ། །ས་མན་ཙརྱ་སུ་ར་ག་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། དཔའ་བརྟུལ་རྡོ་རྗེའི་རང་བཞིན་ལ། །ཐ་དད་གཉིས་སུ་མི་འཛིན་ཅིང་། །རྒྱན་དང་ཆ་ལུགས་འོད་ཟེར་འབར། །རང་གསལ་ཆོས་ཉིད་མེ་ལོང་སྐུ། །
གཟུང་དང་འཛིན་པ་མེ་ལོང་ལ་ཁྲག་འཐུང་ཡབ་ཡུམ་དང་། རིགས་ལྔ་ཡབ་ཡུམ་བསྟན་རང་ལུས་ལ་གཉིས་ལས་འདས། །འགྱུར་མེད་དབྱིངས་སུ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། ཀྲོ་ཏ་ས་ཡ་ནུ་ཡ་ཏ་དྷརྨ། ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། རིག་པ་རང་གི་དབང་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །རྫོགས་སོའོ།། །།


previousརང་ལུས་ཞིང་ཁམས་ཀྱི་དབང་གསང་བ། next