བཤགས་པའི་རྒྱུད་ཀྱི་སྙིང་པོ་ཉི་མའི་འོད་ཟེར།
ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བཤགས་པའི་རྒྱུད་ཀྱི་སྙིང་པོ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ༔
རྒྱ་གར་སྐད་དུ༔ དེ་ཤ་ན་ཏནྟྲ་ཙིཏྟ་སུརྱ་རསྨི་ན་མ༔ བོད་སྐད་དུ༔ བཤགས་པའི་རྒྱུད་ཀྱི་སྙིང་པོ་ཉི་མའི་འོད་ཟེར་ཞེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འདི་སྐད་བཤད་པའི་དུས་ན་ཕྱི་ནང་མེད་པའི་ཆོས་དབྱིངས་ཀྱི་ཕོ་བྲང་ན༔ བཅོམ་ལྡན་འདས་རང་ཤེས་རིག་པའི་རྒྱལ་པོ་མི་གཡོ་བ་ཆེན་པོ་ལ༔ འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་ནང་ནས་བཀའ་སྡོད་ཀྱི་སྐྱེས་བུ་མདུན་ན་འཁོད་པ་མེ་ལོང་ཡེ་ཤེས་ཆེན་པོའི་འདི་སྐད་ཅེས་ཞུས་སོ༔ ཀྱཻ་བཅོམ་ལྡན་འདས་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆགས་བཤགས་པའི་ཐབས་མདོར་བསྡུ་ན་ཅི་སྐད་བགྱི་ཞེས་ཞུས་སོ༔ དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ངའི་གསང་སྔགས་འདི་རིན་ཆེན་གསེར་སྣོད་ཞོམ་པ་དང་འདྲ་བས་ཐབས་ཡངས་པ་རྡོ་རྗེའི་ཐེག་པ་འདི་ཟུངས་ཤིག༔ ཅེས་གསུངས་ནས་དགོངས་པ་ནམ་མཁའ་ལྟ་བུའི་གསང་འདི་དག་རང་ཤར་རོ༔ ཨེ་མ་ཧོ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ ཆོས་ཉིད་མི་གཡོ་མགོན་པོ་ཡི༔ གཞི་ལམ་འབྲས་བུའི་དཀྱིལ་འཁོར་ལྷར༔ ཉམས་ཆགས་བཤགས་པའི་དཔང་བོར་རོལ༔ ཨ་ལ་ལ་ཧོ༔ ཀྱེ་མ་རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་བདག༔ ཐེག་པ་རིམ་དགུའི་ལམ་ཞུགས་ཏེ༔ སོ་སོའི་བསླབ་སྡོམ་དམ་ཚིག་རིགས༔ འགལ་ཞིང་ཉམས་པ་མཐོལ་ལོ་བཤགས༔ ཧོ༔ རྟོགས་པའི་ཡན་ལག་ཐམས་ཅད་ཀུན༔ གནས་ ཚུལ་དོན་དམ་ལྷུན་གྲུབ་དཔལ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཧཱུྃ༔ ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན༔ སྐུ་གསུམ་སྐུ་གསུང་ཐུགས་ཀྱི་ངང་༔ གདོད་ནས་མངོན་སངས་རྒྱས་པ་ཡི༔ དགོངས་ཀློང་མ་རྟོགས་མཐོལ་ལོ་བཤགས༔ ཧཱུྃ༔ ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་ཁམས་གསུམ་རུ་ཏྲ་ཡིས༔ ཉོན་མོངས་དབང་གིས་སྡིག་བགྱིས་པ༔ གནོང་འགྱོད་དྲག་པོའི་མཐོལ་ལོ་བཤགས༔ ཧཱུྃ༔ རྡོ་རྗེ་རྒྱལ་པོའི་ཐེག་པ་ཡིས༔ གལ་མདོ་དབང་བཞིའི་དམ་ཚིག་དང་༔ སློབ་དཔོན་སྐུ་གསུང་ཐུགས་མཆོག་གི༔ དམ་ཚིག་ཉམས་ཆགས་མཐོལ་ལོ་བཤགས༔ ཤེས་བྱ་ལྟ་བའི་དམ་ཚིག་དང་༔ སྒྲུབ་སྲུང་བསྒོམ་དངོས་སྤྱོད་པ་ཡི༔ ལམ་བཞི་ངེས་པའི་རང་སྐལ་གྱི༔ དམ་ཚིག་དང་དུ་མ་ལོན་དང་༔ མ་རིག་ཉོན་མོངས་བག་མེད་པས༔ ཚོད་དང་ལོངས་ཡོད་ཕྱི་བཤོལ་བས༔ སྤང་བྱ་མི་དགེ་ཉམས་ཆགས་ཀུན༔ སྤོང་བར་མ་ནུས་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་སུ་བསྒྲུབ་ཞེས་སུ༔ ཁས་བླང་དམ་བཅའ་བགྱིས་ནའང་༔ ཚུལ་བཞིན་རྔོ་མ་ཐོགས་པ་ཀུན༔ མཐོལ་ལོ་བཤགས་སོ་ཚངས་པར་སྩོལ༔ གསང་སྔགས་ཡི་གེ་བརྒྱ་བ་འདི༔ དུས་གསུམ་རྒྱལ་བའི་གསང་སྔགས་ཡིན༔ ཞི་ཁྲོ་རིགས་བརྒྱའི་ཡང་སྙིང་ཡིན༔ ཉམས་ཆགས་བཤགས་པའི་གཟུངས་སྔགས་ཡིན༔ སྡུག་བསྔལ་འཇོམས་པའི་རིག་སྔགས་ཡིན༔ བཟླས་པས་འགྲོ་དྲུག་སྐྱེ་རྒྱུན་ཆོད༔ ནན་ཏན་སྙིང་པོར་ཉེ་བར་ལོངས༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲིཌྷོ་མེ་བྷ་ཝ༔ སུཏྟོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱ་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ད་ནས་མི་འཆབ་མི་བགྱིད་དོ༔ ཞི་ཁྲོ་རོལ་བའི་ཕྲིན་ལས་ཀྱི༔ དག་ཚངས་སོར་ཆུད་དབུགས་དབྱུང་སྟེ༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་སྩོལ༔ ཨ་ལ་ལ་ཧོ༔ ཨེ་མ་ཧོ༔ འཁོར་འདས་སྣང་སྲིད་ཆོས་རྣམས་ཀུན༔ དོན་ལ་མཉམ་ཉིད་ཐིག་ལེ་ཆེར༔ མ་རྟོགས་བཟང་ངན་ཕྱོགས་འཛིན་སྒྲིབ༔ ཡེ་གྲོལ་ཆེན་པོའི་ངང་དུ་བཤགས༔ ཨ་ལ་ལ་ཧོ༔ ཨེ་མ་ཧོ༔ ཨེ་མ་དམ་ཚིག་ཕྱག་རྒྱ་བཞི་ལྡན་པའི༔ བྱ་བ་དོན་ཡོད་གྲུབ་པའི་ངང་༔ མ་བཅོས་ལྷུན་གྲུབ་རྡོ་རྗེ་ཆེ༔ འདི་ལྟར་རྟོགས་ན་བསྐང་བཤགས་མཆོག༔ མ་སྐྱེས་མ་འགགས་གནས་དམིགས་མེད༔ མཚན་མཚོན་གཞི་བྲལ་ཡངས་པ་ཡི༔ རང་བཞིན་ཆོས་སྐུར་བབས་ཀྱིས་གྲུབ༔ འཁོར་གསུམ་དམིགས་པ་ཀ་ནས་དག༔ ཨ་ཨ་ཨཱ༔ ཨ་ལ་ལ་ཧོ༔ དེ་ལྟར་རྟོགས་པའི་རྩལ་ལྡན་པའི༔ ངང་ལ་ཡང་དག་མཉམ་བཞག་ནས༔ ཆད་པའི་མཐའ་ལས་གཟུང་བའི་ཕྱིར༔ སྡིག་ལྟུང་ཕྱག་རྒྱའི་འཁོར་ལོར་ཆེ༔ ཨ་ལ་ལ་ཧོ༔ རྣལ་འབྱོར་གང་ཞིག་སྐལ་ལྡན་པས༔ འདི་ལྟར་བཤགས་སྦྱངས་མངོན་བརྩོན་ནས༔ དགེ་སྡིག་ལས་ཀྱིས་མི་བསྒྲིབ་པར༔ ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ༔ གཞི་ནས་བསྐྱོད་པ་མེད་པ་དང་༔ སྡིག་ལྟུང་འདུས་བྱས་ཡིན་པའི་ཕྱིར༔ གང་ཡང་རང་གྲོལ་དམ་ཚིག་གི༔ སོར་ཆུད་མི་གཡོའི་གཏན་ཚིག་གོ༔ ཞེས་ཆོས་ཕུན་སུམ་ཚོགས་པ་འདི་གསུངས་པས༔ མེ་ལོང་ཡེ་ཤེས་ལ་སོགས་པའི་འཁོར་ཕུན་སུམ་ཚོགས་པ་རྣམས་རྗེས་སུ་ཡི་རང་སྟེ་དུས་བཞི་ཆོས་ཉིད་ཀྱི་ངོ་བོ་ལ་དགོངས་པ་དབྱེར་མེད་ཆེན་པོར་འབྱམས་ཀླས་སོ༔ སྒྲའི་བྱིང་དོན་བསྒྱུར་བཀོད་ཀྱི་རྩོལ་བ་ལ་མ་ལྟོས་པར༔ བཀའ་སྡོད་དགོངས་པ་གཅིག་པའི་པད་འབྱུང་གིས༔ དོན་གྱི་རྣམ་བཅད་ལས་ཐད་སོར་བཤད་པ་རྫོགས་སོ༔ འདི་ཡང་ནུ་འཇམ་དང་རི་ཁྲོད་པ་རྣམས་ཀྱི་ཡང་ཡང་བསྐུལ་ངོར་ག་གཱ་བས་སོ། །