Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
  
  
  
  
  
དགག་བྱ་ངོས་འཛིན་དང་། ཐལ་ཟློག ཆོས་ཅན་མཐུན་སྣང་བ་བཅས་ཀྱི་སྐོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousདགག་བྱ་ངོས་འཛིན་དང་། ཐལ་ཟློག ཆོས་ཅན་མཐུན་སྣང་བ་བཅས་ཀྱི་སྐོར།next

དགག་བྱ་ངོས་འཛིན་དང་། ཐལ་ཟློག ཆོས་ཅན་མཐུན་སྣང་བ་བཅས་ཀྱི་སྐོར།


GLG012_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱ་ངོས་འཛིན་དང་། ཐལ་ཟློག །ཆོས་ཅན་མཐུན་སྣང་བ་བཅས་ཀྱི་སྐོར།ལྔ་པ་ལ། སྟོང་ཉིད་རིགས་པས་བསྒྲུབ་པ། སྟོང་ཉིད་ཀྱི་རབ་དབྱེ་བཤད་པ་གཉིས། དང་པོ་ལ་ཆོས་ཀྱི་བདག་མེད་རིགས་པས་བསྒྲུབ་པ། གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པ་གཉིས། དང་པོ་ལ་མཐའ་བཞིའི་སྐྱེ་བ་དགག་པ། བཀག་པ་ལ་རྩོད་པ་སྤོང་བ། རྟེན་འབྱུང་གི་སྐྱེ་བས་མཐར་འཛིན་


GLG012_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་ཚུལ། རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་གཟུང་བ་དང་བཞི། དང་པོ་ལ་དམ་བཅའ་གཞག་པ། སྒྲུབ་བྱེད་བསྟན་པ། བཀག་པས་གྲུབ་པའི་དོན་དང་གསུམ། དང་པོ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། མྱུ་གུ་དེ་ཉིད་ཆོས་ཅན། བདག་དེ་ལས་འབྱུང་བ་མིན་ཞིང་། རང་བཞིན་གྱིས་གྲུབ་པ་གཞན་དག་ལས་ལྟ་ག་ལ་ཞིག་འབྱུང་ལ་བདག་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མིན་ཞིང་། རྒྱུ་མེད་པར་ནི་སྐྱེ་བ་ག་ལ་ཡོད་དེ་མེད་དེ། དེ་དག་ལ་འོག་ནས་འབྱུང་བའི་རིགས་པས་གནོད་པའི་ཕྱིར་རོ། །གཉིས་པ་ནི། བདག་མེད་ཚད་མས་ངེས་པ་ལ་དགག་བྱའི་དོན་སྤྱི་བློ་ཡུལ་དུ་འཆར་བ་ཞིག་སྔོན་དུ་འགྲོ་དགོས་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར། དགག་བྱའི་ཚད་དེ་ཇི་ལྟ་བུ་ཞེ་ན། ཡོད་དེ་གཟུགས་སོགས་ཀྱི་ཆོས་རྣམས་མིང་གི་ཐ་སྙད་ཀྱི་དབང་ཙམ་གྱིས་བཞག་པ་མིན་པར་རང་གི་ངོ་བོས་གྲུབ་པ་དེ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་དང་། དེ་ལྟར་གྲུབ་པར་འཛིན་པའི་བློ་བདེན་འཛིན་ལྷན་སྐྱེས་དང་། དེའི་ཞེན་ཡུལ་བཀག་པ་བདག་མེད་ཕྲ་མོ་ཡིན་པའི་ཕྱིར་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་རྣམ་པ་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པ་ཞེས་བྱའོ། །ཞེས་གསུངས་པའི་


GLG012_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། སྤྱིར་དགག་བྱ་ལ་འཇོག་ཚུལ་མང་དུ་ཡོད་དེ། སྒྲིབ་པ་གཉིས་ལྟ་བུ་ལམ་གྱི་དགག་བྱ་དང་། བདེན་གྲུབ་རིགས་པའི་དགག་བྱ་དང་བདེན་འཛིན་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་ཡིན་པའི་ཕྱིར་ཏེ། རྩོད་ཟློག་ལས། ཡང་ན་ཁ་ཅིག་སྤྲུལ་པ་ཡི། །བུད་མེད་ལ་ནི་བུད་མེད་སྙམ། །ལོག་འཛིན་འབྱུང་བ་སྤྲུལ་པ་ཡིས། །འགོག་བྱེད་འདི་ནི་དེ་ལྟ་ཡིན། །ཞེས་གསུངས་པའི་ཕྱིར། དེ་འགོག་ཚུལ་ཡང་ཡོད་དེ། ཁ་ཅིག་སྤྲུལ་པའི་བུད་མེད་ལ་བུད་མེད་དུ་ཆགས་པ་སྐྱེས་པ་ན་སངས་རྒྱས་ཀྱི་སྤྲུལ་པས་དེའི་ལོག་རྟོག་སེལ་བ་ལྟར། བདག་མེད་སྟོན་པའི་ཚིག་གིས་རང་བཞིན་གྱིས་མ་གྲུབ་པའི་དངོས་པོ་ལ་བདེན་གྲུབ་ཏུ་འཛིན་པའི་ལོག་རྟོག་འགོག་པའི་ཕྱིར་ཏེ། ལམ་རིམ་ལས། ཕྱིན་ཅི་ལོག་གི་འཛིན་པ་ལ་དགག་བྱར་གསུངས་པ་དང་དེས་བཟུང་བའི་རང་བཞིན་ཡོད་པ་ལ་དགག་བྱ་མཛད་པ་གཉིས་ཡོད་དོ། །འོན་ཀྱང་དགག་བྱའི་གཙོ་བོ་ནི་ཕྱི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རང་རྒྱུད་པའི་ལུགས་ཀྱི་དགག་བྱ་ཡང་གཞག་ཏུ་ཡོད་དེ། དངོས་པོ་རྣམས་བདེན་པར་གྲུབ་པའི་རྣམ་པར་ཞེན་ཞིང་བདེན་པར་མེད་པའི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པའི་བློ་འཁྲུལ་པ་དེ་ཀུན་རྫོབ་དང་། དངོས་པོ་རྣམས་དོན་དམ་པར་འཛིན་པའི་བདེན་འཛིན་དེ་ལྷན་སྐྱེས་དང་། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་ཙམ་དེ་ཀུན་རྫོབ་ཏུ་ཡོད་པ་དང་། དེར་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་ན་བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། གཤིས་ལུགས་ལ་གྲུབ་


GLG012_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་ཅིང་། དེ་རྣམས་སུ་གྲུབ་པར་འཛིན་པའི་བློ་དེ་བདེན་འཛིན་དུ་བྱེད་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང་དེ་ལས་བཟློག་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་པའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། འདིའམ་འདིས་དེ་ཁོ་ན་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས་ཀྱང་། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །དེ་ལས་བྱུང་བའི་ཕྱིར་དེས་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་རྫུན་པ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །དེ་ཡང་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་བྱུང་ལ། དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། བློ་དེ་ཡང་གནོད་མེད་ཀྱི་དབང་གིས་འཇོག་དགོས་པའི་རྒྱུ་མཚན་ཡོད་དེ། གནོད་མེད་ནི་དོན་དེ་ལ་མ་འཁྲུལ་བ་ཞིག་ཡིན་པས། བུམ་འཛིན་མངོན་སུམ་ལྟ་བུ་བུམ་པ་ལ་མ་འཁྲུལ་བ་ནས། དེ་ལ་བུམ་པ་རང་ངོས་ནས་གྲུབ་པའི་སྣང་བ་དེ་བུམ་པ་ཁོ་རང་གི་ཀུན་རྫོབ་པའི་སྡོད་ལུགས་ཡིན་ཞིང་། སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་བ་ལ་རྡེ་ཤིང་རྟ་གླང་དུ་སྣང་བར་མ་ཟད་ཞེན་པ་ཡོད་པ་ལྟར། སྟོང་ཉིད་མ་རྟོགས་


GLG012_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སོ་སོ་སྐྱེ་བོ་རྣམས་ལ་ཡང་ཆོས་རྣམས་བདེན་གྲུབ་ཏུ་སྣང་བ་དང་ཞེན་པ་གཉིས་ཀ་ཡོད་པའི་ཕྱིར། ཐལ་འགྱུར་བའི་ལུགས་ཀྱང་ཡོད་དེ། ཆོས་ཐམས་ཅད་རྟོག་པས་བཏགས་པའི་དབང་གིས་བཞག་པའི་རྟོག་བཏགས་ཙམ་དུ་ཐ་སྙད་འཇོག་ཚུལ་ཤེས་ན། རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་སམ་ཡུལ་གྱི་སྟེང་ནས་གྲུབ་པ་ཞིག་བྱུང་ན་བདེན་གྲུབ། རང་བཞིན་གྱིས་གྲུབ་པ། ངོ་བོས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རྫས་སུ་གྲུབ་པ་སོགས་སུ་འཇོག་པས་དགག་བྱ་ཕྲ་མོ་བདེ་བླག་ཏུ་ངོས་ཟིན་པར་འགྱུར་ཏེ། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། འཇིག་རྟེ་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །ཅེས་དང་། བཞི་བརྒྱ་པའི་འགྲེལ་པ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་དཔེ་དོན་དུ་སྦྱོར་ཚུལ་ཡང་ཡོད་དེ། ཐག་པ་དེ་ཁྲ་བོའི་མདོག་དང་འཁྱིལ་ལུགས་སྦྲུལ་འདྲ་ཞིང་། རྩིག་ཕུགས་ལྟ་བུའི་མུན་པས་ཅུང་ཟད་ཁེབས་པའི་ཡུལ་


GLG012_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདི་ནི་སྦྲུལ་ལོ་སྙམ་པའི་བློ་སྐྱེ་བའི་ཚེ། ཐག་ཁྲའི་སྟེང་གི་སྦྲུལ་རང་འཛིན་རྟོག་པས་བཏགས་པ་ཙམ་མ་གཏོགས་ཁོ་རང་གི་ངོས་ནས་སྦྲུལ་དུ་མེད་པ་ལྟར། ཕུང་པོའི་སྟེང་ན་ངའོ་སྙམ་དུ་བྱུང་བ་ལ་ང་དེ་རྟོག་པས་ཕུང་པོའི་སྟེང་ན་ཕར་བཞག་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་མེད་ཅིང་། ཐག་པའི་ཆ་ཤས་དང་ཐག་པ་གང་ཡང་སྦྲུལ་མིན་པ་ལྟར། ཕུང་པོའི་ཆ་ཤས་རེ་རེ་དང་ཚོགས་པ་གང་ཡང་ང་མིན་པར་གསུངས་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །ཞེས་གསུངས་པའི་ཕྱིར། ཐལ་འགྱུར་གྱི་དབང་དུ་བྱས་པའི་བདག་མེད་གཏན་ལ་འབེབས་ཚུལ་ཡོད་དེ། གཞན་གྲགས་ཀྱི་རྗེས་དཔག་སྐྱེད་བྱེད་ཀྱི་ཐལ་འགྱུར། རྒྱུ་མཚན་མཚུངས་པ་མགོ་སྙོམས་ཀྱི་ཐལ་འགྱུར། འགལ་བརྗོད་ཀྱི་ཐལ་འགྱུར། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཐལ་འགྱུར་དང་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། མྱུ་གུ་ཆོས་ཅན། རང་གི་རྒྱུ་ལ་མི་ལྟོས་པར་ཐལ། རང་བཞིན་གྱིས་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྒྲ་འཛིན་ཉན་ཤེས་ཀྱིས་གཟུགས་མཐོང་བར་ཐལ། གཟུགས་འཛིན་མིག་ཤེས་ཀྱིས་དོན་དམ་པར་གཟུགས་ལ་བལྟ་བའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུའི་དུས་ན་གྲུབ་ཟིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། གཟུགས་ཕུང་རང་བཞིན་གྱིས་གྲུབ་པར་ཐལ། ཚོར་ཕུང་


GLG012_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་གྲུབ་པའི་ཕྱིར། ཞེས་ཟེར་བ་ལ། ཚོར་ཕུང་རང་བཞིན་གྱིས་གྲུབ་པའི་རྟགས་ཀྱིས་གཟུགས་ཕུང་རང་བཞིན་གྱིས་གྲུབ་པར་བསྒྲུབ་མི་ནུས་པར་ཐལ། སྒྲུབ་བྱེད་ཚོར་ཕུང་རང་བཞིན་གྱིས་གྲུབ་པ་དང་། བསྒྲུབ་བྱ་གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་གཉིས་བསྒྲུབ་དཀའ་སླ་མཚུངས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ཡིན་པའི་ཕྱིར། བདག་མེད་གཏན་ལ་འབེབས་པའི་གཏན་ཚིགས་ཀྱང་ཡོད་དེ། ཆོས་རྣམས་ཀྱི་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་ཀྱི་ནང་ནས་འཕགས་པ་ཡབ་སྲས་ཀྱིས་གཙོ་བོར་རྡོ་རྗེ་གཟེགས་མའི་གཏན་ཚིགས་ཀྱི་སྒོ་ནས་བདེན་མེད་གཏན་ལ་འབེབས་པར་མཛད་པ་ཡིན་ཏེ། རང་འགྲེལ་ལས། དེའི་ཕྱིར་འདིར་ཆོས་སྐྱེ་བ་མེད་པར་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ཉིད་ཀྱི་ཆོས་མཉམ་པ་ཉིད་གཞན་བསྟན་པ་སླ་བར་དགོངས་ཏེ། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་པ་ཡིན་ནོ། །ནམ་ཡང་ཞེས་བྱ་བ་ནི་གཞར་ཡང་ཞེས་བྱ་བའི་དོན་ནོ། །གང་ན་ཡང་ཞེས་བྱ་བའི་སྒྲ་འགར་ཡང་གི་སྒྲའི་རྣམ་གྲངས་རྟེན་གྱི་ཚིག་གིས་ནི་ཡུལ་དང་དུས་དང་གྲུབ་པའི་མཐའ་བཤད་དོ། །གང་དག་གི་སྒྲ་བརྟེན་པའི་


GLG012_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ནི་ཕྱི་དང་ནང་གི་དངོས་པོ་བརྗོད་པའོ། །དེས་ན་ཕྱི་དང་ནང་གི་དངོས་པོ་རྣམས་ནི་ཡུལ་དང་དུས་དང་གྲུབ་པའི་མཐའ་འགར་ཡང་། བདག་ལས་སྐྱེ་བ་སྲིད་པ་མ་ཡིན་ནོ་ཞེས་འདི་ལྟར་སྦྱར་བར་བྱའོ། །འདིར་མ་ཡིན་ཞེས་བྱ་བ་འདི་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་འབྲེལ་གྱི། ཡོད་པ་དང་ནི་མ་ཡིན་ཏེ། དེ་བཀག་པ་དོན་གྱིས་འགྲུབ་པའི་ཕྱིར་རོ། །དེ་བཞིན་དུ་དམ་བཅའ་གསུམ་ཆར་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པ་ཡང་ཡོད་དེ། བདག་སྐྱེ། གཞན་སྐྱེ། གཉིས་ཀ་ལས་སྐྱེ་བ། རྒྱུ་མེད་ལས་སྐྱེ་བ་རྣམས་འགོག་པའི་རིགས་པ་རྣམས་དེ་ཡིན་པའི་ཕྱིར། དང་པོ་བདག་ལས་སྐྱེ་བ་འགོག་ཚུལ་ཡོད་དེ། གྲངས་ཅན་གྱི་གཞུང་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་བཤད་པ་ལྟར། ཤེས་བྱ་ཉེར་ལྔར་ཁས་ལེན་པའི་གྲངས་ཅན་གྱིས་འབྲས་བུ་རྣམས་རང་གི་རྒྱུའི་དུས་ན་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པ་དེ་ཉིད་སླར་ཡང་རྒྱུ་དེ་ཉིད་ལས་སྐྱེ་ཞིང་། ས་མྱུག་གཉིས་རང་བཞིན་གཅིག་ལ། མྱུ་གུའི་རང་བཞིན་དེ་ནི་ས་བོན་གྱི་སྐབས་ན་ཡོད་པ་དང་། མྱུ་གུ་དེ་ཉིད་ས་བོན་གྱི་དུས་ན་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པར་ཁས་བླངས་པ་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་གྱི་སྒོ་ནས་གནོད་པ་འཕངས་པའི་ཕྱིར། འཕངས་ཚུལ་ཡོད་དེ། མྱུ་གུ་ཆོས་ཅན། རང་གི་རྒྱུའི་དུས་


GLG012_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གཉིས་པར་སྐྱེ་བ་དོན་མེད་ཉིད་དུ་འགྱུར་བར་ཐལ། རང་གི་རྒྱུའི་བདག་ཉིད་དུ་གྲུབ་ཟིན་པ་གང་ཞིག །རྒྱུ་ལ་ཡོད་པའི་འབྲས་བུ་བསྐྱེད་པའི་ཡོན་ཏན་ནི་རང་དུས་ན་རང་གི་འབྲས་བུའི་བདག་ཉིད་མ་ཐོབ་པ་གསར་དུ་བསྐྱེད་པ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། ཤིན་ཏུ་ཐལ་བར་འགྱུར་ཏེ་སྐྱེ་བ་ཐུག་མེད་དུ་འགྱུར་བར་ཐལ། རང་གི་རྒྱུའི་བདག་ཉིད་དུ་གྲུབ་ཟིན་ཀྱང་། སླར་ཡང་རང་གི་རྒྱུ་དེ་ཉིད་ལས་སྐྱེ་དགོས་པ་དང་བཅས་པའི་ཕྱིར། དོན་བསྡུ་ན་མྱུ་གུ་ཆོས་ཅན། སླར་ཡང་རང་རྒྱུ་ལས་སྐྱེ་བ་ལ་དགོས་པ་མེད་པར་ཐལ། རང་གི་རྒྱུའི་བདག་ཉིད་དུ་ཡོད་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། ནམ་ཡང་མི་སྐྱེ་བར་མི་འགྱུར་བར་ཐལ། རང་གི་རྒྱུའི་བདག་ཉིད་དུ་ཡོད་ཀྱང་སླར་སྐྱེ་བའི་ཕྱིར། དོན་བསྡུ་ན་མྱུ་གུ་ཆོས་ཅན། སླར་ས་བོན་ལས་སྐྱེ་བ་དོན་མེད་པར་ཐལ། ཁྱོད་ས་བོན་གྱི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། ས་བོན་ལས་སླར་ཡང་སྐྱེ་བ་ཐུག་མེད་དུ་ཐལ། ཁྱོད་ས་བོན་གྱི་བདག་ཉིད་དུ་གྲུབ་ཟིན་སླར་ཡང་དེ་ཉིད་ལས་སྐྱེ་བའི་ཕྱིར་ཞེས་འགལ་བརྗོད་ཀྱི་ཐལ་འགྱུར་འཕངས་པའི་ཕྱིར་ཏེ། འགྲེལ་པ་བུདྡྷ་པཱ་ལི་ཏ་ལས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། སངས་རྒྱས་བསྐྱངས་ཀྱིས་འགལ་བརྗོད་ཀྱི་ཐལ་འགྱུར་


GLG012_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་པ་ལ་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་ཚུལ་ཡོད་དེ། ཐལ་འགྱུར་དེ་ལྟར་འཕངས་ན་བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་སྐྱོན་དང་། གཞན་གྲངས་ཅན་གྱིས་རང་ལ་ཁྱབ་པ་འགལ་བར་འགྱུར་རོ་ཞེས་པའི་ཉེས་པ་མ་བསལ་བའི་སྐྱོན་དང་། གཞན་གྱིས་གླགས་རྙེད་པའི་རྩོད་པ་འཇུག་པའི་སྐྱོན་འབྱུང་བའི་ཕྱིར་ཞེས་འཕངས་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་ཀྱི་བདག་སྐྱེ་འགོག་པའི་འགྲེལ་ངག་དེ་ནི་རིགས་པ་མ་ཡིན་ཏེ། མིག་ལ་སོགས་པའི་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ཞེས་པ་ལྟ་བུའི་བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་སྐྱོན་ཡོད་པའི་ཕྱིར་ཞེས་འཕངས་པའི་ཕྱིར། གཉིས་པ་ཡོད་དེ། ཐལ་འགྱུར་དེ་ནི་རིགས་པ་མ་ཡིན་ཏེ། གྲངས་ཅན་གྱིས་ཁྱོད་ཀྱི་བདག་གི་བདག་ཉིད་ལས་སྐྱེ་བ་མེད་ཅེས་པ་འདི། འབྲས་དུས་མངོན་གསལ་གྱི་མྱུ་གུ་ལ་འདོད་དམ། རྒྱུ་དུས་མི་གསལ་བའི་མྱུ་གུ་ལ་འདོད། དང་པོ་ལྟར་ན། དེ་འདྲའི་མྱུ་གུ་སླར་ཡང་སྐྱེ་དགོས་པར་མི་འདོད་པས་གྲུབ་ཟིན་བསྒྲུབ་པར་འགྱུར་ལ། ཕྱི་མ་ལྟར་ན། ཁྱབ་པ་འགལ་བར་འགྱུར་རོ་ཞེས་སྨྲ་བར་འགྱུར་བས། དེ་འདྲའི་ཉེས་པ་བསལ་དགོས་པ་ལ་མ་བསལ་བའི་ཕྱིར་ཞེས་འཕངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཁྱོད་ཀྱི་སྦྱོར་བ་འདི་སྒྲ་སོར་བཞག་ན་འབྲེལ་མེད་ལ། བཟློག་ནས་བྱེད་ན་བསྒྲུབ་བྱ་བཟློག་པས་དོན་དམ་པའི་གཞན་སྐྱེ་ཁས་བླངས་པར་འགྱུར་ལ། དེ་ལྟར་ན་དབུ་མའི་གྲུབ་མཐའ་དང་འགལ་བར་འགྱུར་བའི་ཕྱིར། འགལ་ཚུལ་


GLG012_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། བསྒྲུབ་བྱའི་ཆོས་བདག་སྐྱེ་བཅད་ཙམ་གྱི་མེད་དགག་ལས་ལོག་ནས་བདག་སྐྱེ་མེད་པའི་སྐྱེ་བ་ཡོད་པར་འཕེན་དགོས་ལ། དེ་ལྟར་ན་དོན་དམ་པའི་གཞན་སྐྱེ་ཡོད་པར་འགྱུར་བའི་ཕྱིར། དེར་ཐལ། དོན་དམ་པའི་སྐྱེ་བ་ཁས་བླངས་ཤིང་བདག་སྐྱེ་བཀག་པའི་ཕྱིར། དང་པོ་དེར་ཐལ། བདག་སྐྱེ་འགོག་བྱེད་ཀྱི་རིགས་ཤེས་ནི་དོན་དམ་པའི་བདག་སྐྱེ་འགོག་བྱེད་ཀྱི་རིགས་ཤེས་ཡིན་ལ། དེ་མཐར་ཐུག་དཔྱོད་པའི་རིགས་པ་ཡིན་པས། དེས་དོན་དམ་པའི་བདག་སྐྱེས་སྟོངས་པའི་སྐྱེ་བ་དངོས་སུ་འཇལ་ན། དེ་བདེན་གྲུབ་ཏུ་འགྱུར་ལ། དེ་ལྟར་ན་དོན་དམ་པའི་གཞན་སྐྱེ་འགོག་པའི་དབུ་མ་པའི་གྲུབ་མཐའ་དང་འགལ་བར་འགྱུར་བའི་ཕྱིར་དང་། རྟགས་བཟློག་པས་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་འགྱུར་ལ། བདག་སྐྱེ་མེད་ཅེས་པའི་དམ་བཅའི་ཚིག་གིས་གཞན་སྐྱེ་ཡོད་པ་ཤུགས་ལ་འཕེན་ཞིང་། སྐྱེ་བ་དོན་བཅས་དང་ཐུག་བཅས་ཀྱི་ནུས་པས་དངོས་པོ་རྣམས་སྐྱེ་བར་ནི་ཁས་བླངས། སྐྱེ་བ་གཞིར་བྱས་པ་ལ་བདག་སྐྱེ་དང་གཞན་སྐྱེ་གཉིས་པོ་གང་རུང་དུ་ངེས་པ་གང་ཞིག །དངོས་པོ་རྣམས་སྐྱེ་བ་ཡིན་ཞིང་བདག་ལས་མི་སྐྱེ་ཞེས་སྨྲས་པ་ཉིད་ཀྱིས་གཞན་སྐྱེ་འཕེན་པའི་ཕྱིར། དཔེར་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་ཞེས་སྨྲས་པས་མཚན་མོ་ཟས་ཟ་བ་ཤུགས་ལ་འཕེན་པ་བཞིན་ནོ་ཞེས་འཕངས་པའི་ཕྱིར་ཏེ། ཚིག་གསལ་ལས། འདི་ལ་ཁ་ཅིག་གིས། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ། །ཐལ་བར་འགྱུར་བའི་ཚིག་ཡིན་པའི་


GLG012_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་དང་། དེའི་ཆོས་བཟློག་པའི་དོན་མངོན་པས། དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ་ཞེས་སྐྱོན་སྨྲས་ཏེ། ཞེས་གསུངས་པའི་ཕྱིར། ལེགས་ལྡན་གྱིས་སྐྱོན་བརྗོད་ལྟར་སྣང་ཡིན་བཞིན་དུ་སྨྲ་བའི་རྒྱུ་མཚན་ཡོད་དེ། སངས་རྒྱས་བསྐྱངས་ཀྱི་ཐལ་འགྱུར་དེ་ཇི་བཞིན་མ་རྟོགས་པར། མྱུ་གུ་ཆོས་ཅན། སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་པའི་ཐལ་འགྱུར་འཕངས་པར་གོ་ནས་སྐྱོན་བརྗོད་པའི་ཕྱིར་ཏེ། རྩ་ཤེ་ཊཱིཀ་ཆེན་ལས། ལེགས་ལྡན་གྱིས་ཀྱང་སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་འཕངས་པ་མ་དགོངས་པར། སྤྱིར་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འཕངས་པར་བཟུང་ནས་བཟློག་དོན་ཁས་ལེན་དགོས་ཞེས་སྨྲ་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། ལེགས་ལྡན་གྱིས་སྐྱོན་དེ་སངས་རྒྱས་བསྐྱངས་ལ་མི་འཇུག་པའི་རྒྱུ་མཚན་ཡོད་དེ། སྔར་བཤད་པའི་སྐྱོན་སྔ་མ་གཉིས་ཀྱང་མི་འཇུག་ལ་ཕྱི་མ་ཡང་མི་འཇུག་པའི་ཕྱིར། དང་པོ་མེད་ཚུལ་ཡང་རང་རྒྱུད་ཀྱི་རྟགས་དཔེ་བརྗོད་པ་ལ་དགོས་པ་མེད་དེ། རྒྱུ་མཚན་བདག་ལས་སྐྱེ་ཞེས་བྱ་བ་ནི་རྒྱུའི་བདག་ཉིད་དུ་ཡོད་པ་དེ་ཉིད་རྒྱུ་དེ་ཉིད་ལས་སླར་ཡང་སྐྱེའོ་ཞེས་སྨྲ་བ་ཡིན་ལ། དེ་ཉིད་རྒྱུ་དེ་ཉིད་ལས་སླར་ཡང་སྐྱེ་བ་ལ་དགོས་པ་མ་མཐོང་ཞིང་། ཕྱིར་རྒོལ་གྲངས་ཅན་ཁྱོད་ཀྱིས་སྐྱེས་ཟིན་སླར་ཡང་སྐྱེ་བ་དང་སྐྱེ་བ་ཐུག་མེད་


GLG012_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འདོད་པས། གྲངས་ཅན་ཁྱོད་ཀྱིས་བདག་ལས་སྐྱེ་ཞེས་རྩོད་པ་ནི་རིགས་པའི་འཐད་པ་དང་བྲལ་ལ། རང་གིས་ཁས་བླངས་པ་དང་ཡང་འགལ་བའི་ཕྱིར་ཞེས་ཕ་རོལ་པོའི་ཁས་བླངས་འདྲི་བར་བྱས་པའི་སྒོ་ནས། རང་རྒྱུད་ཀྱི་གཏན་ཚིགས་བཀོད་པ་ལ་འབྲས་བུ་ལྷག་པ་མེད་པར་ཐལ། སྔར་བཤད་པའི་ཐལ་འགྱུར་དེ་ཙམ་གྱིས་ཕ་རོལ་གྲངས་ཅན་གྱིས་བདག་སྐྱེ་འདོད་པའི་ཁས་བླངས་འགོག་ནུས་པར་ཟླ་གྲགས་ཁོ་བོས་མཐོང་བའི་ཕྱིར་ཞེས་འཕངས་པའི་ཕྱིར་ཏེ། ཚིག་གསལ་ལས། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མིན་པར་ཁོ་བོ་ཅག་གིས་མཐོང་ངོ་། །ཇི་ལྟར་ཞེ་ན་དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། ཞེས་གང་སྨྲ་བ་དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བདག་ལས་ཞེས་བྱ་བ་ནི་ཡོད་པ་རྒྱུ་ཉིད་དང་དེ་ཉིད་སྐྱེའོ་ཞེས་སྨྲ་བ་ཡིན་ལ། ཡོད་པ་ནི་ཡང་སྐྱེ་བ་ལ་དགོས་པ་མ་མཐོང་ཞིང་། ཐུག་པ་མེད་པར་ཡང་མཐོང་ལ། ཁྱོད་ཀྱིས་སྐྱེས་པ་སླར་ཡང་སྐྱེ་བར་ཡང་མི་འདོད་ཅིང་། ཐུག་པ་མེད་པར་ཡང་མི་འདོད་དོ། །དེའི་ཕྱིར་ཁྱོད་ཅག་གི་རྩོད་པ་ནི་འཐད་པ་དང་བྲལ་བ་དང་། རང་གིས་ཁས་བླངས་པ་དང་འགལ་བ་ཡིན་ནོ། །ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོད་པ་ལ་འདྲི་བར་བྱེད་པ་ཡིན་ཏེ། གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པ་ན། ཕ་རོལ་པོ་ཁས་ལེན་པར་མི་བྱེད་དམ། ཞེས་གསུངས་པའི་ཕྱིར། གཞན་ཡང་། རང་རྒྱུད་ཀྱི་གཏན་ཚིགས་བརྗོད་པ་ལ་ནུས་པ་མི་འབྱུང་སྟེ། གྲངས་ཅན་


GLG012_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་རང་གི་ཁས་བླངས་ལ་དངོས་སུ་གནོད་པའི་ཐལ་འགྱུར་འཕངས་པས་ཀྱང་ཁས་མི་ལེན་པར་བསྙོན་འདིང་བས། ལེགས་ལྡན་འབྱེད་ཁྱོད་རང་རང་རྒྱུད་ཀྱི་གཏན་ཚིགས་ལ་དགའ་བ་ཙམ་དུ་ཟད་པའི་ཕྱིར་ཏེ། ཚིག་གསལ་ལས། འོན་ཏེ་ཕ་རོལ་པོ་རང་གིས་ཁས་བླངས་པ་དང་འགལ་བས་བརྩད་པས་ཀྱང་མི་ལྡོག་ན་ནི་དེའི་ཚེ་ངོ་ཚ་མེད་པ་ཉིད་ཀྱི་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་བཟློག་པར་མི་འགྱུར་བ་ཉིད་དོ། ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ནི་གནས་མ་ཡིན་པར་ཡང་རྗེས་སུ་དཔག་པ་འཚང་བར་བྱེད་པ་ན་བདག་ཉིད་རྗེས་སུ་དཔག་པ་ལ་དགའ་བ་ཉིད་མངོན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་ལེགས་ལྡན་འབྱེད་ཁྱོད་རང་དབུ་མ་པར་རློམ་བཞིན་དུ་རང་རྒྱུད་ཀྱི་རྟགས་དང་གཏན་ཚིགས་ཁས་ལེན་མི་རིགས་ཏེ། དེ་འདྲའི་གཏན་ཚིགས་ནི་ཚུལ་གསུམ་གཏན་ཚིགས་དེའི་ཡུལ་སྟེང་ནས་གྲུབ་པ་ཞིག་ལ་འདོད་པས། དབུ་མའི་ལུགས་དང་འགལ་བའི་ཕྱིར་ཏེ། ཚིག་གསལ་ལས། དབུ་མ་པ་ཡིན་ན་ནི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་སོ། །གཞན་ཡང་། གཞན་གྲགས་ངེས་པར་བརྗོད་མི་དགོས་ཏེ། ཕྱིར་རྒོལ་ཐམས་ཅད་ལ་དེ་བརྗོད་པ་ལ་དགོས་པ་མེད་ཅིང་། ཅུང་ཟད་བརྗོད་དགོས་པ་ལ་སངས་རྒྱས་བསྐྱངས་ཀྱིས་སྐྱོན་བརྗོད་ཟིན་པའི་ཕྱིར། དང་པོ་གྲུབ་སྟེ། གྲངས་ཅན་གྱིས་དབུ་མ་པའི་ངོར་ནུས་པའི་ངོ་བོར་གྱུར་པའི་མྱུ་གུ་ཆོས་ཅན། རང་གི་བདག་ཉིད་ལས་སྐྱེ་སྟེ། སྐྱེ་བ་དང་ལྡན་པའི་ཕྱིར་ཞེས་པའི་


GLG012_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་སོགས་ལ་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པར་བསྟན་པ་དེ་ཉིད་གྲངས་ཅན་ལ་སུན་འབྱིན་ཡང་དག་ཡིན་པས་གཞན་གྲགས་བརྗོད་མི་དགོས་པའི་ཕྱིར་ཏེ། ཚིག་གསལ་ལས། ཅི་སྟེ་ཡང་དབུ་མ་པ་རྣམས་ཀྱི་ལྟར་ན། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕྱི་རོལ་པ་འགའ་ཞིག་ལ། མྱུ་གུ་ཆོས་ཅན། གྲུབ་ཟིན་སླར་ཡང་ས་བོན་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། དཔེར་ན་མངོན་གསལ་གྱི་མྱུ་གུ་བཞིན་ཞེས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བརྗོད་པ་ཉིད་ཡིན་ནོ། །ཅི་ལྟར་ཞེ་ན། གང་གི་ཕྱིར་དེས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་ལ་ཉེས་པ་མ་བསལ་བའི་སྐྱོན་ཡང་མེད་དེ། སློབ་དཔོན་སངས་རྒྱས་བསྐྱངས་དེ་རང་རྒྱུད་ཁས་མི་ལེན་པས་གཞན་གྱིས་སྨྲས་པའི་ཉེས་པ་བསལ་མི་རིགས་པའི་ཕྱིར། དེར་ཐལ། གཞན་གྲགས་ཀྱི་གཏན་ཚིགས་ལ་ཡང་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་མེད་པའི་ཕྱིར། ཉེས་པ་བསལ་ཚུལ་ཡོད་དེ། གྲངས་ཅན་གྱི་མདུན་ན་གནས་པའི་མངོན་གསལ་གྱི་རང་བཞིན་ཅན་གྱི་བུམ་སོགས་ནི་སླར་ཡང་མངོན་པར་གསལ་བའི་ཚུལ་དུ་སྐྱེ་བར་གྲངས་ཅན་གྱིས་མི་འདོད་པས་དེ་ཉིད་འདིར་མཐུན་དཔེར་བཟུང་བས་གཏན་ཚིགས་འགལ་བར་འགྱུར་པའི་སྐྱོན་ཡང་མེད། གྲངས་ཅན་གྱིས་ནུས་པའི་ངོ་བོར་གྱུར་པའི་མངོན་པར་གསལ་བའི་རང་བཞིན་ཅན་མ་ཡིན་པར་འདོད་པའི་མྱུ་གུ་སོགས་ནི་གྲངས་ཅན་གྱིས་སླར་ཡང་བདག་


GLG012_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེ་བ་དོན་ཡོད་དུ་འདོད་པས་དེ་ཉིད་འདིར་བདག་ལས་སྐྱེ་བ་མེད་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། གཏན་ཚིགས་དང་དཔེ་མ་བརྗོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་ཡང་མིན་ནོ། །ཇི་ལྟར་ཞེ་ན། གྲངས་ཅན་པ་དག་མདུན་ན་གནས་པའི་བུམ་པ་མངོན་པར་གསལ་བའི་རང་བཞིན་ཅན་དུ་ནི་ཡང་མངོན་པར་གསལ་བ་མི་འདོད་ཅིང་། དེ་ཉིད་འདིར་དཔེ་ཉིད་དུ་སྒྲུབ་པའི་ངོ་བོ་ཡིན་པའི་ཕྱིར་ལ་ནུས་པའི་ངོ་བོར་གྱུར་ཅིང་། མངོན་པར་གསལ་བའི་རང་བཞིན་ཅན་མ་ཡིན་པ་སྐྱེ་བ་བཀག་པས་ཁྱད་པར་དུ་བྱས་པ་ནི་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་གྲུབ་པ་ལ་སྒྲུབ་པའི་ཕྱོགས་ཀྱི་སྐྱོན་ཉིད་དུ་དོགས་པའམ་གཏན་ཚིགས་འགལ་བའི་དོན་ཉིད་དུ་དོགས་པ་ག་ལ་ཡོད། ཅེས་གསུངས་པའི་ཕྱིར། གཞན་ཡང་། བཟློག་དོན་ཁས་བླངས་པའི་སྒོ་ནས་སྐྱོན་མེད་དེ། དེ་ཁས་ལེན་དགོས་པར་འཕུལ་བའི་དོན་དེ་ནི་སངས་རྒྱས་བསྐྱངས་ཀྱི་དགོངས་པ་མིན་ལ། སངས་རྒྱས་བསྐྱངས་རང་གིས་དངོས་པོ་རྣམས་བདག་ལས་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར། ཞེས་སོགས་ཀྱིས་འགྲེལ་ངག་གིས་དངོས་སུ་འགལ་བརྗོད་ཀྱི་ཐལ་འགྱུར་དེའི་བཟློག་དོན་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་ཕ་རོལ་གྲངས་ཅན་གྱིས་ཁས་ལེན་པས་དེ་ལ་སྐྱོན་ཡོད་ཀྱི། ཁོ་བོ་ཅག་སངས་རྒྱས་བསྐྱངས་ལ་སྐྱོན་མེད་པའི་ཕྱིར། དེར་ཐལ། ཁོ་བོ་ལ་དེ་འདྲའི་དམ་བཅའ་མེད་པའི་ཕྱིར། རྒྱུ་མཚན་དེས་ན་གྲུབ་མཐའ་དང་འགལ་བའི་སྐྱོན་མེད་དེ། ཕ་རོལ་པོའི་ལོག་རྟོག་བཟློག་པ་ཙམ་ཞིག་འདོད་ཀྱི། ཆོས་གཞན་འཕེན་པར་མི་འདོད་པའི་ཕྱིར་ཏེ། ཚིག་གསལ་


GLG012_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་པོ་ཉིད་འབྲེལ་བ་ཡིན་གྱི། ཁོ་བོ་ཅག་ནི་མ་ཡིན་ཏེ། རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་ལ་གྲུབ་པའི་མཐའ་དང་འགལ་བ་ག་ལ་ཡོད། ཅེས་གསུངས་པའི་ཕྱིར། འོ་ན་ལེགས་ལྡན་རང་ལུགས་ཀྱི་བདག་སྐྱེ་འགོག་ཚུལ་འཐད་དམ་སྙམ་ན་མི་འཐད་དེ། ལེགས་ལྡན་གྱིས་བདག་སྐྱེ་འགོག་པའི་སྐབས་དེར་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ཞེས་པའི་དོན་དམ་གྱི་ཁྱད་པར་འདི་བསྒྲུབ་བྱའི་ཆོས་ལ་སྦྱོར་རམ། ཆོས་ཅན་གྱི་ཁྱད་པར་ལ་སྦྱོར། དང་པོ་ལྟར་ན། སྔ་རྒོལ་རང་ལ་ལྟོས་ཀྱང་དགོས་པ་མེད། ཕྱི་རྒོལ་གྲངས་ཅན་ལ་ཡང་དགོས་པ་མེད། གྲུབ་མཐས་བློ་ཁ་མ་བསྒྱུར་བ་ལ་ཡང་དགོས་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། སྔ་རྒོལ་ལེགས་ལྡན་རང་ཉིད་བདག་སྐྱེ་ཐ་སྙད་དུ་ཡང་ཁས་མི་ལེན་པའི་ཕྱིར། གཉིས་པ་གྲུབ་སྟེ། གྲངས་ཅན་དེ་ཤིང་གི་ཡལ་ག་སྔ་མ་བཏང་ནས་ཕྱི་མ་མ་བཟུང་བ་ལྟར་བདེན་པ་གཉིས་ལས་ཉམས་པའི་གང་ཟག་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། འཇིག་རྟེན་རང་དགའ་བས་མྱུ་གུ་ས་བོན་ལས་སྐྱེ་བ་ཙམ་ཞིག་ཁས་ལེན་གྱི། བདག་སྐྱེ་དང་གཞན་སྐྱེའི་རྣམ་དབྱེ་མི་བྱེད་པའི་ཕྱིར། ཆོས་ཅན་ལ་སྦྱོར་བ་ཡང་མི་འཐད་དེ། དེ་ལྟར་ན་རང་ལ་ཆོས་ཅན་མ་གྲུབ་པའི་ཕྱོགས་ཀྱི་ངེས་པ་དང་རྟགས་སྐྱོན་ཅན་དུ་འགྱུར་བའི་ཕྱིར་ཏེ། རང་གིས་མིག་སོགས་དོན་དམ་པར་གྲུབ་པར་ཁས་མ་བླངས་པའི་ཕྱིར་དང་། ཕྱིར་རྒོལ་ལ་ལྟོས་ན་གྲངས་ཅན་གྱིས་མིག་སོགས་དོན་དམ་རྫས་ཡོད་དུ་ཁས་བླངས་པ་ཡིན་གྱི། ཀུན་རྫོབ་བཏགས་ཡོད་དུ་ཁས་མ་བླངས་


GLG012_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། ཚིག་གསལ་ལས། གཞན་ཡང་། རྟོག་གེ་པ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་བསྟན་པར་འདོད་པས་དབུ་མའི་ལྟ་བ་ཁས་ལེན་བཞིན་དུའང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། ཞེས་གསུངས་པའི་ཕྱིར། རང་རྒྱུད་པ་མན་ཆད་ཀྱིས་གཞན་སྐྱེ་ཁས་ལེན་པ་མི་རིགས་ཏེ། རིགས་ན། སེལ་བྱེད་མེ་ལྕེ་འབར་བ་ལས་བསལ་བྱར་གྱུར་པའི་མུན་པ་མཐུག་པོ་འབྱུང་བར་ཐལ། རང་བཞིན་གྱིས་གྲུབ་པའི་རྒྱུ་གཞན་ལ་བརྟེན་ནས་རང་བཞིན་གྱིས་གྲུབ་པའི་འབྲས་བུ་གཞན་འབྱུང་བའི་ཕྱིར་ཏེ། ཚིག་གསལ་ལས། དངོས་པོ་རྣམས་ནི་གཞན་ལས་སྐྱེ་བ་ཡང་མ་ཡིན་ཏེ། གཞན་ཉིད་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་ཀ་ལས་སྐྱེ་བ་ཡང་མི་རིགས་ཏེ། གཅེར་བུ་བས་རྫ་བུམ་དེ་འཇིམ་གོང་གི་བདག་ཉིད་ལས་སྐྱེ་བས་བདག་ལས་སྐྱེ་བ་དང་། རྫ་མཁན་གྱི་འཁོར་ལོ་སོགས་ལ་བརྟེན་ནས་སྐྱེ་བས་གཞན་ལས་སྐྱེ་ཞེས་པའི་སྒྲུབ་བྱེད་ལ་བཤད་མ་ཐག་པའི་རིགས་པས་གནོད་པའི་ཕྱིར་ཏེ། ཚིག་གསལ་ལས་ཀྱང་། དངོས་པོ་རྣམས་ནི་གཉིས་ཀ་ལས་སྐྱེ་བ་ཡང་མ་ཡིན་ཏེ། ཕྱོགས་གཉིས་ཀ་ལ་སྨྲས་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། རྒྱུ་མེད་ལས་སྐྱེ་བ་ཡང་མི་རིགས་ཏེ། རྒྱང་འཕེན་གྱིས་རྨ་བྱའི་མདོངས་ལ་སོགས་པའི་རྒྱུ་མ་མཐོང་ཞེས་སྒྲུབ་བྱེད་དུ་སྨྲ་ན། འཇིག་རྟེན་ན་ས་བོན་བཏབ་པ་ལས་འབྲས་བུ་འབྱུང་ཞིང་མ་བཏབ་ན་མི་འབྱུང་བའི་ཚུལ་མངོན་སུམ་དུ་གྲུབ་པའི་རིགས་པས་གནོད་པའི་ཕྱིར་ཏེ། གལ་ཏེ་


GLG012_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །ཞེས་གསུངས་པའི་ཕྱིར། སྨྲས་པ། རྒྱ་གར་ཡུལ་དུ་བགྲོད་པ་མིན་པར་འཕགས་ཡུལ་མཁས་པའི་གཞུང་ལུགས་རྣམས། །ངལ་བའི་ཁུར་གྱིས་དཀའ་བ་མེད་པར་བློ་གྲོས་གཅིག་གིས་གཞལ་ནུས་པ། །བསམས་ཀྱིན་འཇམ་མགོན་བླ་མ་མིན་པ་གཞན་གྱི་མཐུ་ལས་ཇི་ལྟར་རྙེད། །དེ་ཕྱིར་ཟང་ཟིང་འདུ་འགོད་མེད་པའི་ལེགས་པར་བཤད་པའི་མཆོད་པ་འབུལ། །བླུན་རྒན་ཆོས་བརྒྱད་ཆང་གིས་བཟི་བའི་ཚིག །བླུན་པོ་རང་འདྲའི་དབུས་སུ་བཤད་པ་ན། །བླུན་གཏམ་འཕྲེང་བར་བསྒྲིགས་པའི་དཔེ་ཧྲུལ་དེ། །བླུན་མཁས་དབྱེ་བ་མེད་པའི་ཡུལ་དུ་དར། །མཁས་མང་ལོངས་སུ་སྤྱོད་པའི་བདུད་རྩི་མཆོག །མཁས་པའི་གསུང་རབ་དུས་ཀྱིས་རྣམ་པར་ཉམས། །མཁས་མདོག་བྱས་ན་བྱ་རོག་དཀར་པོར་འགྲོ། །མཁས་ལས་ཟན་ཆངས་གཅིག་ཙམ་དགའ་དུས་འདིར། །ཆོས་བརྒྱད་དུག་ཆུས་མྱོས་པའི་རྣམ་འགྱུར་གྱིས། །རང་མཆོད་རྗེན་པར་སྟོན་པ་མ་ཤེས་ན། །ཉམ་ཆུང་ཐོས་བསམ་སྒོམ་པ་ལྷུར་ལེན་ཚོ། །ཙུ་ཏའི་ཡུལ་གྱི་རྐང་གཉིས་པ་འདིས་ནོངས། །མཐའ་བཞིའི་སྐྱེ་བ་ཁས་ལེན་དམ་བཅའི་རི། །ཕྲ་ཞིབ་རིགས་པའི་ཐོགས་མདས་གསིལ་བ་ན། །སུམ་བརྩེགས་ཕྱི་མར་འཐག་པའི་མགྲིན་སྔོན་དེ། །འགོག་པའི་ཏིང་འཛིན་ཟོལ་གྱིས་རྫུ་ལ་བརྟེན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚོགས་སུ་བཅད་པའོ། །གསུམ་པ་མཐའ་དཔྱད་པ་ནི། ཁ་ཅིག །བདེན་གྲུབ་ཏུ་འཛིན་པའི་བློ་དེ་མཐར་ཐུག་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་མ་ཡིན་པར་ཐལ། མྱུ་གུ་བདེན་གྲུབ་ཏུ་འཛིན་པའི་བློ་དེ་མྱུ་གུ་བདེན་མེད་དུ་


GLG012_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་རྟགས་ཀྱི་དགག་བྱ་མ་ཡིན་པའི་ཕྱིར། མ་གྲུབ་ན། མ་ཡིན་པར་ཐལ། མྱུ་གུ་བདེན་མེད་དུ་འཛིན་པའི་བློ་དེ་བསྒྲུབ་ཀྱི་རྟགས་ཀྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། མྱུ་གུ་བདེན་གྲུབ་ཏུ་འཛིན་པའི་བློ་ཆོས་ཅན། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཁྱོད་ལ་གནོད་པར་ཐལ། ཁྱོད་དེའི་དགག་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པའི་ཕྱིར། ཁྱབ་པ་ཡོད་དེ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པའི་དོན་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གནོད་མི་སྲིད་པའི་ཕྱིར། གཞན་ཡང་། མྱུ་གུ་བདེན་གྲུབ་ཏུ་འཛིན་པའི་བློ་ཆོས་ཅན། ཁྱོད་ལ་རིགས་པ་ཡང་དག་གིས་གནོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་མེད་པར་ཐལ་ལོ། །ཞེས་སྐྱོན་འཕེན་ན། ཁོ་རང་ལ། མྱུ་གུ་བདེན་གྲུབ་ཏུ་འཛིན་པའི་བློ་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་ཡིན་པར་ཐལ། དེས་དེ་ལ་གནོད་པའི་ཕྱིར། དེར་ཐལ། མྱུ་གུ་བདེན་མེད་དུ་རྟོགས་པའི་རིགས་ཤེས་རྗེས་དཔག་གིས་དེ་ལ་གནོད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང་། མྱུ་གུ་བདེན་པར་འཛིན་པའི་བློ་ཆོས་ཅན། ཚད་མས་གནོད་པར་ཐལ། མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་གིས་གནོད་པའི་ཕྱིར། ཁྱབ་པ་ཡོད་དེ། རིགས་པས་གནོད་ན་རིགས་པ་ཡང་དག་གིས་གནོད་དགོས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཡོད་པའི་ཕྱིར། ཁ་ཅིག་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་ཡིན་ན་མེད་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། དོན་དམ་དཔྱོད་བྱེད་


GLG012_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་པའི་དགག་བྱ་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་ཚད་མའི་དགག་བྱ་ཡོད་པའི་ཕྱིར། དེར་ཐལ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་དགག་བྱ་ཡོད་པའི་ཕྱིར། དེར་ཐལ། དེ་སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་ཡིན་པའི་ཕྱིར། དེར་ཐལ། སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་ཅིག་ཡོད་པའི་ཕྱིར། ཁ་ཅིག །དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་ལ་བདེན་པར་གྲུབ་པ་སོགས་བརྒྱད་ཡོད་ཟེར་ན། བདེན་པར་གྲུབ་པ་དེ། མྱུ་གུ་བདེན་མེད་དུ་བསྒྲུབ་པའི་རྟགས་ཀྱི་དགག་བྱ་ཡིན་པར་ཐལ། དེ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་ཡིན་པའི་ཕྱིར། འདོད་ན། བདེན་པར་མེད་པ་དེ་དེ་བསྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་བསྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁ་ཅིག །རྟ་གླང་དུ་མི་སྣང་ན་རྟ་གླང་དུ་སྣང་བ་མེད་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། བདག་མེད་ཡིན་ན་རྟ་གླང་དུ་སྣང་བ་ཡིན་དགོས་པར་ཐལ། མ་གྲུབ་པ་དེའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་རྟ་གླང་དུ་འཛིན་པའི་རྟོག་པ་མེད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཆོས་ཉིད་ཆོས་ཅན། ཁྱོད་བདེན་གྲུབ་ཏུ་སྣང་བ་མེད་པར་ཐལ། ཁྱོད་བདེན་གྲུབ་ཏུ་མི་སྣང་བའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་སྣང་བ་ལྟར་མ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་བདེན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །རང་སྡེའི་གྲུབ་མཐའ་སྨྲ་བ་ཐམས་ཅད། བདེན་ཚད་མཐུན་པ་མེད་པ་དེ་བདེན་པར་གྲུབ་མ་གྲུབ་ཀྱི་དོན་དུ་འདོད་ཟེར་ན། མདོ་སྡེ་


GLG012_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སེམས་ཙམ་པ་གཉིས་བདེན་གྲུབ་ཀྱི་དོན་འཇོག་ཚུལ་མཚུངས་པར་ཐལ། དེ་གཉིས་ཀྱིས་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་བདེན་གྲུབ་ཀྱི་དོན་དུ་འདོད་པའི་ཕྱིར་ཏེ། དེ་གཉིས་ཀྱིས་དེ་རང་མཚན་གྱི་དོན་དུ་འདོད་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་བདེན་གྲུབ་དོན་གཅིག་ཏུ་འདོད་པའི་ཕྱིར་ཏེ། རང་མཚན་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དོན་གཅིག་ཏུ་འདོད་པའི་ཕྱིར། ཁ་ཅིག །སྐྱེ་བ་དོན་བཅས་དང་ཐུག་བཅས་དེ་མྱུ་གུ་བདག་ལས་མི་སྐྱེ་བར་བསྒྲུབ་པའི་རྟགས་ཡང་དག་ཡིན་ཟེར་ན། སྐྱེས་པ་དེ་དེ་བསྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མྱུ་གུ་རང་རྒྱུའི་དུས་ན་མེད་པར་བསྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེས་པའི་རྟགས་ཀྱིས་མྱུ་གུ་རང་རྒྱུའི་དུས་ན་མེད་པར་བསྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཡང་དག་ཆོས་ཅན། མྱུ་གུ་སྔར་མེད་གསར་དུ་སྐྱེ་བ་ཚད་མས་གྲུབ་པའི་གང་ཟག་ཡིན་པར་ཐལ། མྱུ་གུ་སྐྱེ་བར་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་མྱུ་གུ་རང་རྒྱུ་ལས་སྔར་མེད་གསར་དུ་སྐྱེ་བར་ཚད་མས་གྲུབ་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མྱུ་གུ་རང་རྒྱུའ་ིདུས་ན་མེད་པར་ཚད་མས་གྲུབ་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཡོད་མེད་ཐེ་ཚོམ་ཟ་བའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག །མྱུ་གུ་དེ་ས་བོན་གྱི་དུས་སུ་ཡོད་པར་ཐལ། དེ་ས་བོན་གྱི་དུས་སུ་སྐྱེ་བ་ཡིན་པའི་ཕྱིར་ན་མ་ཁྱབ།


GLG012_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན། དངོས་པོའི་འབྲས་བུའི་དུས་སུ་དངོས་པོ་ཡོད་པར་ཐལ། དངོས་པོའི་འབྲས་བུ་དེ་དངོས་པོའི་འབྲས་བུའི་དུས་སུ་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། བྱང་སེམས་རྒྱུན་མཐའ་པའི་རྒྱུད་ལ་འབྱུང་རུང་གི་རྣམ་མཁྱེན་དེ་བྱང་སེམས་རྒྱུན་མཐའ་པའི་རྒྱུད་ལ་ཡོད་པར་ཐལ། ས་བོན་ལས་སྐྱེ་བཞིན་པའི་མྱུ་གུ་དེ་ས་བོན་གྱི་དུས་ན་ཡོད་པའི་ཕྱིར། འདོད་ན། བྱང་སེམས་རྒྱུན་མཐའ་པ་དེ་དེ་འདྲའི་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་པར་ཐལ། འདོད་པ་གང་ཞིག །དེ་གཉིས་རྒྱུད་གཅིག་པའི་ཕྱིར། འདོད་ན། རྒྱུན་མཐའ་བ་དེ་ཆོས་ཅན། སངས་རྒྱས་ཟིན་པར་ཐལ། རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག །བདག་ལས་སྐྱེ་བ་ཡོད་ཟེར་ན། རང་རྒྱུད་པས་དེ་ལྟར་ཁས་ལེན་པར་ཐལ། ཐལ་འགྱུར་བས་དེ་ལྟར་ཁས་ལེན་པའི་ཕྱིར། འདོད་ན། དེས་གཉིས་ཀ་ལས་སྐྱེ་བ་ཁས་ལེན་པར་ཐལ། འདོད་པ་གང་ཞིག །དེས་གཞན་སྐྱེ་ཁས་ལེན་པའི་ཕྱིར། འདོད་ན། དེས་བདེན་གྲུབ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །བདག་སྐྱེ་ཡོད་པར་ཐལ། བདག་གི་འབྲས་བུ་བདག་ལས་སྐྱེ་བའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཁྱོད་ལས་སྐྱེ་བར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། ཟེར་ན། འགོག་བདེན་དེ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་པར་ཐལ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དེ་ལ་འགོག་བདེན་དང་རྣམ་གྲོལ་ལམ་གཉིས་སུ་དབྱེ་རིགས་པའི་ཕྱིར། དེར་ཐལ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །ཞེས་གསུངས་པའི་ཕྱིར། འདོད་ན། དགེ་སྦྱོང་ཚུལ་གྱི་འབྲས་བུ་དེ་རྟག་པ་ཡིན་པར་ཐལ། དེ་དང་རྟག་པའི་གཞི་མཐུན་ཡོད་པའི་


GLG012_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་དགེ་སྦྱོང་གི་ཚུལ་ལས་སྐྱེས་པའི་ཕྱིར་ཏེ། དགེ་སྦྱོང་གི་ཚུལ་དེ་དེ་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དགེ་སྦྱོང་གི་ཚུལ་ཆོས་ཅན། རང་འབྲས་སྐྱེད་བྱེད་དུ་ཐལ། དངོས་པོ་ཡིན་པའི་ཕྱིར། ཁ་ཅིག །མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུའི་དུས་ན་གྲུབ་ཟིན་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། ཐུག་མེད་དུ་སྐྱེ་བར་ཐལ། རང་གི་རྒྱུའི་དུས་ན་གྲུབ་ཟིན་སླར་ཡང་སྐྱེ་དགོས་པའི་ཕྱིར། ཞེས་པ་འདི། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་སོགས་ཀྱི་དངོས་བསྟན་གྱི་ཐལ་འགྱུར་ཡིན། བསྡུ་ན། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པར་ཐལ། བདག་ལས་སྐྱེ་བའི་ཕྱིར། ཞེས་པ་རྒྱས་བཤད་ཀྱི་འགྲེལ་ངག་འདིའི་དངོས་བསྟན་གྱི་བདག་སྐྱེ་འགོག་པའི་ཐལ་འགྱུར་ཡིན། ཞེས་ཟེར་ན་མི་འཐད་དེ། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུའི་དུས་ན་གྲུབ་ཟིན་སླར་ཡང་སྐྱེ་དགོས་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཆོས་ཅན། ཁྱོད་ཀྱི་རྟགས་ཐ་སྙད་དུ་ཡོད་པར་ཐལ། ཁྱོད་དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་ལ་དགོས་པ་མེད་དོ་ཞེས་པའི་རྒྱས་བཤད་ཀྱི་འགྲེལ་ངག་དང་པོ་འདིའི་སྐབས་ནས་དངོས་སུ་བསྟན་པའི་བདག་སྐྱེ་འགོག་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་ངག་འདིས་བདག་སྐྱེ་འགོག་པའི་གཞན་གྲགས་ཀྱི་གཏན་ཚིགས་ཡང་དག་ཅིག་བསྟན་པའི་ཕྱིར་ཏེ། ཚིག་གསལ་ལས། དེ་ལ་རང་གི་བདག་ཉིད་དུ་ཡོད་པ་ཞེས་བྱ་བ་འདིས་ནི་གཏན་ཚིགས་འཛིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། མྱུ་གུ་ཆོས་ཅན། བདག་ལས་སྐྱེ་བར་ཐལ། རང་གི་རྒྱུའི་དུས་ན་གྲུབ་ཟིན་པའི་ཕྱིར། རྟགས་ཁས།


GLG012_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྡུ་ན། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཞེས་པའི་བདག་གི་བདག་ཉིད་དུ་ཡོད་པའི་དོན་དེ་བདག་སྐྱེ་ལ་བྱེད་རིགས་པར་ཐལ། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པར་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་པའི་ཐལ་འགྱུར་འདི། སྐབས་འདིའི་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི་དངོས་བསྟན་གྱི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དངོས་པོ་བདག་གི་བདག་ཉིད་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་དགོས་པ་མེད་དོ། །ཞེས་པའི་འགྲེལ་ངག་འདིས་བདག་སྐྱེ་འགོག་པའི་གཞན་གྲགས་ཀྱི་རྟགས་ཡང་དག་མ་བསྟན་པར་ཐལ་ལོ། །འདོད་མི་ནུས། ཁ་ཅིག །སྐྱེ་བ་དོན་བཅས་དང་ཐུག་བཅས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ལེགས་ལྡན་འབྱེད་ཀྱིས་ཁས་ལེན་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཁས་ལེན་པ་གང་ཞིག །མཚུངས་པའི་ཕྱིར། དང་པོ་དེར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཟེར་ན། སྐྱེ་བ་དོན་བཅས་དང་ཐུག་བཅས་མྱུ་གུ་རང་གི་རྒྱུའ་ིདུས་ན་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་མྱུ་གུ་བདག་ལས་མི་སྐྱེ་བར་བསྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མྱུ་གུ་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་ཚད་མས་གྲུབ་པའི་གང་ཟག་ཡིན་ན། མྱུ་གུ་རང་གི་རྒྱུའི་དུས་ན་མེད་པར་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། མྱུ་གུ་སྐྱེ་བར་ཚད་མས་གྲུབ་པའི་གང་ཟག་ཡིན་ན། མྱུ་གུ་རང་གི་རྒྱུའི་དུས་ན་མེད་པར་


GLG012_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་མྱུ་གུ་རང་རྒྱུ་ལས་སྔར་མེད་གསར་དུ་སྐྱེ་བར་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཁ་ཅིག །བདེན་པའི་གཅིག་དང་བདེན་པའི་དུ་མ་གང་རུང་དང་བྲལ་བ་དེ་གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ཟེར་ན། དེ་གཉིས་གང་རུང་ཡིན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡོད་པར་ཐལ། དང་པོ་ཡོད་པ་གང་ཞིག །ཕྱི་མ་ཡོད་པའི་ཕྱིར། དང་པོ་དེར་ཐལ། བུམ་པའི་ཆོས་ཉིད་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དོན་དམ་བདེན་པ་ཡིན་པ་གང་ཞིག །གཅིག་ཡིན་པའི་ཕྱིར། རྩ་བའི་གཉིས་པ་དེར་ཐལ། ཀ་བའི་ཆོས་ཉིད་དང་བུམ་པའི་ཆོས་ཉིད་དེ་དེ་ཡིན་པའི་ཕྱིར། དེར་ཐལ། བདེན་པ་གང་ཞིག །དུ་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པའི་ཆོས་ཉིད་ཆོས་ཅན། བདེན་པའི་གཅིག་ཏུ་གྲུབ་པར་ཐལ། བདེན་པའི་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། བདེན་མེད་ཡིན་པའི་ཕྱིར། ཁ་ཅིག །ཐལ་རང་གཉིས་ལ་ཚད་མས་གྲུབ་ཚུལ་མཐུན་སྣང་བ་ཡོད་པར་ཐལ། སེམས་ཙམ་པ་དང་རང་རྒྱུད་པ་གཉིས་ལ་དེ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེ་གཉིས་ལ་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པའི་ཕྱིར། དེར་ཐལ། ཐལ་འགྱུར་བས་མྱུ་གུ་འཇལ་བའི་ཚད་མ་དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅིང་བཏགས་ཡོད་མིང་རྐྱང་ཙམ་གྱིས་བཞག་པའི་མྱུ་གུ་ལ་ཚད་མར་སོང་བར་འདོད། རང་རྒྱུད་པས་མྱུ་གུ་འཇལ་བའི་ཚད་མ་དེ་བཏགས་ཡོད་མིང་རྐྱང་ཙམ་གྱིས་བཞག་པ་མ་ཡིན་པར་རང་གིས་མཚན་ཉིད་


GLG012_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གྲུབ་པའི་མྱུ་གུ་ལ་ཚད་མར་སོང་བར་འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རང་རྒྱུད་པ་དང་སེམས་ཙམ་པ་གཉིས་ལ་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པར་ཐལ། སེམས་ཙམ་པས་མྱུ་གུ་འཇལ་བའི་ཚད་མ་དེ་བདེན་པར་གྲུབ་པའི་མྱུ་གུ་ལ་ཚད་མར་སོང་བར་འདོད། རང་རྒྱུད་པས་དེ་ལྟར་མི་འདོད་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། ཐལ་རང་གཉིས་ལ་དེ་ཡོད་པར་ཐལ། དེ་གཉིས་ལ་ཆོས་ཅན་མཐུན་སྣང་བ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱིས་མྱུ་གུ་ཆོས་ཅན་དུ་འཇོག་པ་ཐུན་མོང་བ་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ཐལ་འགྱུར་བ་དང་སེམས་ཙམ་པ་གཉིས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་ཀྱང་། སངས་རྒྱས་པས་གྲངས་ཅན་གྱི་ངོར། སྒྲ་མི་རྟག་བསྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན་སངས་རྒྱས་པ་དང་གྲངས་ཅན་པ་གཉིས་ལ་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་བ་ཡོད་ཟེར་ན། དེ་ལ་ཁ་ཅིག །དེ་མེད་པར་ཐལ། དེའི་ཚེ་སངས་རྒྱས་པས་སྒྲ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཁས་ལེན། གྲངས་ཅན་གྱིས་གྲུབ་པར་ཁས་ལེན་པའི་ཕྱིར། དང་པོ་མ་གྲུབ་ན། སངས་རྒྱས་པ་ཆོས་ཅན། སྒྲ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཁས་ལེན་པར་ཐལ། ཐལ་འགྱུར་བ་ཡིན་པའི་ཕྱིར། ཞེས་ཟེར་རོ། ཁ་ཅིག །ལེགས་ལྡན་འབྱེད་རང་རྒྱུད་པའི་ཐོག་མ་ཡིན་ཟེར་ན། མི་འཐད་པར་ཐལ། དེའི་སྔ་རོལ་ཏུ་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། དེ་ཝ་ཤྲ་མ་ཎ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དྲང་ངེས་རྣམ་འབྱེད་ལས། ལེགས་ལྡན་འབྱེད་ནི་དེ་ཝ་ཤྲ་མ་ཎའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་


GLG012_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁ་ཅིག །སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་ན། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་ཁས་ལེན་པས་ཁྱབ་ཟེར་ན། དེ་ཡིན་ན་གང་ཟག་གི་བདག་མེད་ཁས་ལེན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ན་ཉེར་ལེན་གྱི་ཕུང་པོའི་སྟེང་དུ་གང་ཟག་གི་བདག་མེད་ཁས་ལེན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རྟེན་འབྲེལ་མ་ཡིན་པར་ཐལ། གང་ཟག་གི་བདག་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་སངས་རྒྱས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་གང་ཟག་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །ལེགས་ལྡན་འབྱེད་ཆོས་ཅན། རང་རྒྱུད་ཁས་ལེན་མི་རིགས་པར་ཐལ། དབུ་མ་པ་ཡིན་པའི་ཕྱིར། འདོད་ན། རང་རྒྱུད་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་ཕྱིར། དེར་ཐལ། རང་བཞིན་གྱིས་གྲུབ་པ་ལས་ལེན་པའི་ཕྱིར། དེར་ཐལ། རང་རྒྱུད་ཀྱི་རྗེས་སུ་དཔག་པ་ཞེས་པ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཏན་ཚིགས་ལ་འཇོག་པའི་ཕྱིར། སྨྲས་པ། གསུང་རབ་ཆུ་འཛིན་སྟུག་པོ་འཁྲིགས་པའི་དབུས། རིགས་པའི་གནམ་ལྕགས་ཐོག་མདའ་གཡོ་བ་ཡིས། །ཕྱིར་རྒོལ་དམ་བཅའི་ས་འཛིན་བཅོམ་པ་ན། །སྐྲག་སྟེ་ཉི་གཞོན་ནུབ་རིའི་ཕག་ལ་བྲོས། །རྣམ་རྟོག་སྤྲོས་པའི་ཚུལ་ལ་ཟད་པའི་མཐའ། །མེད་ཕྱིར་ཐལ་འགྱུར་གྲངས་ལ་ཚད་བཟུང་ཅི། །འོན་ཀྱང་སྙིགས་དུས་གདུལ་


GLG012_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་བློ་ངོ་དང་། །འཚམ་པར་ཉུང་ངུའི་གཏམ་གྱི་ཕྲེང་བ་སྤེལ། །མཁས་པའི་རྣམ་ཐར་མཐོང་ན་བློ་སྣ་རིང་། །སྙིང་ནས་ངེས་འབྱུང་བསམས་ཚེ་ལོང་མེད་དྲན། །འགྲོ་བའི་སྤྱོད་ཚུལ་མཐོང་ཚེ་ཞེན་ལོག་སྐྱེ། །ཕས་རྒོལ་ཁས་བླངས་མཐོང་ཚེ་རིགས་པ་ངར། །ཞེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དེ་རིགས་པས་བསྒྲུབ་པའི་སྒྲུབ་བྱེད་བསྟན་པ་ལ། བདག་སྐྱེ་དགག་པ། གཞན་སྐྱེ་དགག་པ། གཉིས་ཀ་ལས་སྐྱེ་བ་དགག་པ། རྒྱུ་མེད་ལས་སྐྱེ་བ་དགག་པ་དང་བཞི། དང་པོ་ལ་འགྲེལ་པ་མཛད་པའི་རིགས་པས་དགག་པ། རྩ་བ་ཤེས་རབ་ཀྱི་རིགས་པས་དགག་པ་གཉིས། དང་པོ་ལ། དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་གྲུབ་མཐའ་མཁན་གྱི་ལུགས་དགག་པ། གྲུབ་མཐས་བློ་མ་བསྒྱུར་བའི་ཐ་སྙད་དུ་ཡང་མེད་པར་བསྟན་པ། དེ་ལྟར་བཀག་པ་རྣམས་ཀྱི་དོན་བསྡུ་བ་དང་གསུམ། དང་པོ་ལ། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དགག་པ། རྒྱུ་འབྲས་ངོ་བོ་གཅིག་པ་དགག་པ་དང་གཉིས། དང་པོ་ལ་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་ན་དོན་མེད་དུ་ཐལ་བ། དེ་ལས་སྐྱེ་ན་རིགས་པ་དང་འགལ་བ། དེའི་ཉེས་སྤོང་དགག་པ་དང་གསུམ། དང་པོ་ནི། མྱུ་གུ་དེ་ནི་ཆོས་ཅན། ས་བོན་དེ་ལས་འབྱུང་ན་དེ་ལས་འབྱུང་དགོས་པའི་ཡོན་ཏན་ལྷག་པོ་འགའ་ཡང་ཡོད་པ་མ་ཡིན་པར་ཐལ། ས་བོན་གྱི་དུས་ན་ཁྱོད་ཀྱི་ངོ་བོ་གྲུབ་ཟིན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། ས་བོན་ལས་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་པ་ཉིད་དེ། ས་བོན་གྱི་དུས་ན་སྐྱེས་ཟིན་པར་གྱུར་པའི་ཕྱིར། ས་བོན་ལས་སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། མྱུ་གུ་


GLG012_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམས་ཀྱི་སྐྱེ་བ་འཇིག་རྟེན་འདིར་རྙེད་པར་མི་འགྱུར་ཏེ། ས་བོན་བལྡབས་ནས་སྲད་པའི་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་བར་ཐལ་བའི་ཕྱོགས་སྔ་དེའི་ཕྱིར། གསུམ་པ་ནི། མྱུ་གུ་དེ་ཉིད་ཆོས་ཅན། ཁྱོད་ཀྱིས་ས་བོན་དེ་རྣམ་པར་འཇིག་པར་བྱེད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་ས་བོན་དང་རང་བཞིན་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། གྲངས་ཅན་ཆོས་ཅན། ཁྱོད་ཀྱི་ལུགས་ལ་མྱུ་གུ་སྐྱེད་པར་བྱེད་པའི་རྒྱུ་ས་བོན་གྱི་མདོག་དབྱིབས་ལས་ཐ་དད་པའི་མྱུ་གུའི་དབྱིབས་དང་ནི་ཁ་དོག་རོ་དང་ནུས་པ་སྨིན་པའི་ཐ་དད་ཁྱོད་ལ་མེད་པར་འགྱུར་བར་ཐལ། ཁྱོད་ཀྱི་ལུགས་ལ་ས་མྱུག་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། དེ་གཉིས་གཅིག་ཡིན་ཀྱང་དབྱིབས་སོགས་ཐ་དད་མེད་པར་ཐལ་བའི་སྐྱོན་མེད་དེ། གལ་ཏེ་སྔར་གྱི་ས་བོན་བདག་གི་དངོས་པོ་བསལ་ནས་དེ་ལས་གཞན་མྱུ་གུའི་ངོ་བོར་འཕོ་བར་འགྱུར་བའི་ཕྱིར་ན། ཤེས་བྱ་ཆོས་ཅན། ས་བོན་དེའི་རང་བཞིན་དང་མྱུ་གུའི་རང་བཞིན་དེ་གཉིས་གཅིག་ཡིན་ཞེས་ཇི་ལྟར་རིགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། མྱུ་གུར་གྱུར་པ་དེའི་ཚེ་ས་བོན་རང་གི་གནས་སྐབས་གཏོང་དགོས་པའི་ཕྱིར། གཞན་ཡང་། གལ་ཏེ་གྲངས་ཅན་ཁྱོད་ཀྱི་ལུགས་ལ་མྱུ་གུའི་དུས་ན་ས་བོན་མེད་པ་བཞིན་དུ་མྱུ་གུ་ཞེས་བྱ་བ་དེ་ཡང་བཟུང་དུ་མེད་པར་ཐལ། ས་བོན་གྱི་རང་བཞིན་དང་མྱུ་གུའི་རང་བཞིན་གཉིས་འདིར་གཞན་མ་ཡིན་པར་གཅིག་པའི་ཕྱིར། ཡང་ན་ཇི་ལྟར་མྱུ་གུ་རང་གི་གནས་སྐབས་སུ་གཟུང་དུ་ཡོད་པ་ལྟར་ཅིག་ཤོས་དེར་ཡང་གཟུང་དུ་ཡོད་པར་འགྱུར་བར་ཐལ། དེ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། གཞན་ཡང་དེ་ལྟར་ཁས་ལེན་མི་རིགས་པར་ཐལ། དེ་ལ་རིགས་པས་གནོད་


GLG012_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་ཕྱིར། གཉིས་པ་ནི། དེ་དག་གཉིས་རང་བཞིན་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན་ཏེ། གང་གི་ཕྱིར་ན་རྒྱུ་ས་བོན་ཞིག་ན་ཡང་དེའི་འབྲས་བུ་མྱུ་གུ་འཇིག་རྟེན་གྱིས་མཐོང་བའི་ཕྱིར། གསུམ་པ་ནི། དངོས་པོ་རྣམས་ཆོས་ཅན། ཁྱོད་བདག་ལས་འབྱུང་ཞེས་རབ་ཏུ་བཏགས་པ་འདི་དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ཏེ། དེ་ལ་གནོད་བྱེད་བསྟན་ཟིན་པ་དེའི་ཕྱིར། གཉིས་པ་ནི། མྱུ་གུ་ཆོས་ཅན། བདག་ལས་སྐྱེ་བར་ཁས་བླང་བར་བྱ་བ་མ་ཡིན་ཏེ། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དང་། ལས་དང་། བྱེད་པ་པོ་ཡང་གཅིག་ཉིད་དུ་འགྱུར་ན། དེ་དག་ནི་གཅིག་ཉིད་མ་ཡིན་པའི་ཕྱིར་དང་། དབུ་མ་ནས་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར། གཉིས་པ་ལ་གཞན་སྐྱེ་འདོད་པའི་ཕྱོགས་སྤྱིར་དགག་པ། སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ་གཞན་སྐྱེ་དགག་པ་དངོས། དེ་ལ་འཇིག་རྟེན་གྱི་གནོད་པ་སྤང་བ། བཀག་པའི་ཡོན་ཏན། རང་བཞིན་གྱིས་སྐྱེ་བ་འགར་ཡང་མེད་པར་བསྟན་པ། བདེན་པ་གཉིས་ཅར་དུ་རང་བཞིན་གྱིས་སྐྱེ་བ་བཀག་པའི་ཡོན་ཏན་བསྟན་པ་དང་ལྔ། དང་པོ་ལ་གཞན་སྐྱེ་སྤྱིར་དགག་པ། བྱེ་བྲག་ཏུ་དགག་པ། མུ་བཞིར་དཔྱད་ནས་དགག་པ་དང་གསུམ། དང་པོ་ལ་ཧ་ཅང་ཐལ་བས་དགག་པ། སྐྱོན་སྤོང་གི་ལན་དགག་པ་གཉིས། དང་པོ་ནི། འོ་ན་སེལ་བྱེད་མེ་ལྕེ་ལས་ཀྱང་བསལ་བྱ་མུན་པ་སྟུག་པོ་འབྱུང་བར་ཐལ། གལ་ཏེ་རང་བཞིན་གྱིས་གྲུབ་པའི་རྒྱུ་གཞན་ལ་བརྟེན་ནས་དེ་འདྲའི་འབྲས་བུ་གཞན་ཞིག་


GLG012_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་འགྱུར་བའི་ཕྱིར། གཞན་ཡང་། རྒྱུ་ཡིན་མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་འགྱུར་བར་ཐལ། རྟགས་སྔར་བཞིན། ཁྱབ་པ་ཡོད་དེ། གང་གི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་པས་མ་ལུས་པ་ལ་ཡང་རྒྱུ་འབྲས་སུ་འདོད་པ་དེ་དང་། རང་བཞིན་གྱིས་གཞན་ཉིད་མཚུངས་པའི་ཕྱིར། གཉིས་པ་ལ། སྐྱོན་སྤོང་དང་། དེའི་ལན་གཉིས། དང་པོ་ནི། རྒྱུས་རབ་ཏུ་བྱ་བར་ནུས་པ་དེའི་ཕྱིར་འབྲས་བུར་ངེས་པར་བརྗོད་ཅིང་། གང་ཞིག་འབྲས་བུ་དེ་བསྐྱེད་པར་ནུས་པ་དེ་ནི་རང་བཞིན་གྱིས་གཞན་ཡིན་ནའང་འབྲས་བུའི་རྒྱུ་ཡིན་ལ། ས་ལུའི་མྱུ་གུ་ནས་ལ་སོགས་ལས་འབྱུང་བ་དེ་ལྟ་མིན་ཏེ། ས་ལུའི་མྱུ་གུ་དེ་རང་དང་རྒྱུད་གཅིག་ཏུ་གཏོགས་པ་དང་སྐྱེད་པར་བྱེད་པ་རིགས་འདྲ་སྔ་མ་ལས་སྐྱེ་བ་དེའི་ཕྱིར་ཞེ་ན། གཉིས་པ་ནི། ཇི་ལྟར་ནས་དང་གེ་སར་དང་ནི་ཀེང་ཤུ་ཀ་ལ་སོགས་པ་ས་ལུའ་ིམྱུ་གུ་སྐྱེད་པར་བྱེད་པར་འདོད་པ་མིན། དེ་བསྐྱེད་པའི་ནུས་ལྡན་མིན། དེ་དང་རྒྱུད་གཅིག་གི་ཁོངས་སུ་གཏོགས་པ་མིན། དེའི་རིགས་འདྲ་བ་སྔ་མ་མ་ཡིན་པ་ཉིད་དེ། དེ་དང་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར་ཞེས་འདོད་པ་དེ་བཞིན་དུ། ས་ལུའི་ས་བོན་ཡང་ནི་ཆོས་ཅན། ས་ལུའི་མྱུ་གུ་དེའི་སྐྱེད་བྱེད་སོགས་མིན་པར་ཐལ་ཏེ། ས་ལུའི་མྱུ་གུ་དང་རང་བཞིན་གྱིས་གཞན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག་པ། རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པ་གཉིས། དང་པོ་ལ་དངོས་དང་། རྩོད་པ་སྤོང་བ་གཉིས། དང་པོ་ནི། མྱུ་གུ་གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་འདི་བཏང་བར་བྱོས་ཤིག་སྟེ་བྱ་རིགས་ཏེ། མྱུ་གུ་ས་བོན་ལས་རང་བཞིན་


GLG012_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྐྱེ་བ་འགྲུབ་པར་འགྱུར་བ་མ་ཡིན་པའི་ཕྱིར་ཏེ། ས་བོན་མྱུ་གུ་ལས་རང་བཞིན་གྱིས་གཞན་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་བའི་ཕྱིར་ཏེ། མྱུ་གུ་ས་བོན་དང་ནི་དུས་མཉམ་དུ་ཡོད་པ་མིན་ཞིང་། ས་བོན་གྱི་དུས་ན་གཞན་མྱུ་གུ་ཉིད་མེད་པར་གྱུར་པ་དེའི་ཕྱིར།གཉིས་པ་ནི། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་གི་སྐྱེ་བ་དང་འགག་པའི་བྱ་བ་གཉིས་དུས་མཉམ་དུ་འགྱུར་ཏེ། ཇི་ལྟར་ཏེ་དཔེར་ན་སྲང་གི་མདའ་གཉིས་མཐོ་བ་དང་ནི་དམའ་བ་དག་དུས་མཉམ་མ་ཡིན་པར་ནི་མིན་པར་མཐོང་བ་དང་འདྲ་བའི་ཕྱིར་ཟེར་ན། ས་མྱུག་འདི་ནི་ཇི་ལྟ་བུར་ན་སྲང་དང་མཚུངས་པར་འགྱུར་ཏེ་མི་འགྱུར་ཏེ། གལ་ཏེ་སྲང་མདའ་གཉིས་དུས་གཅིག་གི་ཚེ་ཡོད་པ་ཡིན་ན། ས་མྱུག་འདིར་དུས་གཅིག་ཏུ་མེད་པས་དུས་མཉམ་པ་དེ་ཡོད་པ་མ་ཡིན་ལ། གལ་ཏེ་ས་བོན་གྱི་དུས་སུ་མྱུ་གུ་སྐྱེ་བཞིན་པ་སྐྱེ་བ་ལ་ཕྱོགས་པས་ད་ལྟར་ཡོད་པ་མིན་ཞིང་ས་བོན་འགག་བཞིན་པ་ནི་ཡོད་ཀྱང་འཇིག་པ་ལ་ཕྱོགས་པར་འདོད་པར་གྱུར་པ་ཡིན་པའི་ཕྱིར། ས་བོན་གྱི་དུས་ན་མྱུ་གུ་སྐྱེ་བའི་བྱ་བ་འདི་ནི་བདེན་པར་གྲུབ་པ་རིགས་པའི་ངོ་བོའང་མིན་ཏེ། དེའི་དུས་ན་བྱེད་པ་པོ་མྱུ་གུ་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་མིག་གི་བློ་རང་གི་སྐྱེད་བྱེད་རང་དང་དུས་གཅིག་པ་མིག་ལ་སོགས་པ་དང་། ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་ལས་མིག་བློ་རང་བཞིན་གྱིས་གཞན་ཉིད་དུ་ཡོད་པའི་ཕྱིར་ཞེ་ན། དེ་ཆོས་ཅན། མིག་སོགས་ལས་འབྱུང་བས་དགོས་པ་ཅི་ཞིག་ཡོད་པ་མ་ཡིན་ཏེ། ཁྱོད་མིག་གི་དུས་སུ་ཡོད་པའི་ཕྱིར། ཅི་སྟེ་དེའི་དུས་ན་མེད་ཅེ་ན། སྔ་ཕྱི་བ་འདི་ལ་རང་བཞིན་གྱིས་གཞན་མེད་པའི་
ཉེས་པ་བཤད་ཟིན་པའི་ཕྱིར། གསུམ་པ་ནི། སྐྱེད་པར་བྱེད་པ་བསྐྱེད་བྱ་རང་ལས་ངོ་བོ་ཉིད་གཞན་བསྐྱེད་པ་དེ་རྒྱུ་ཡིན་ན། རང་བཞིན་གྱིས་ཡོད་པའམ། འོན་ཏེ་མེད་པ་དང་ཡོད་མེད་གཉིས་ཀ་དང་གཉིས་ཀ་དང་བྲལ་བ་ཞིག་སྐྱེད་གྲང་། དང་པོ་ལྟར་ན། མྱུ་གུ་ཆོས་ཅན། སྐྱེད་བྱེད་ཅི་དགོས་ཏེ་མི་དགོས་པར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། མེད་པ་ལའང་རྒྱུ་དེས་ནི་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། མེད་པ་རྒྱུས་བསྐྱེད་མི་ནུས་པའི་ཕྱིར། ཡོད་མེད་གཉིས་ཀ་ཉིད་ལ་རྒྱུ་དེས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། ཡོད་མེད་གཉིས་ཀ་ཡིན་པ་མི་སྲིད་པའི་ཕྱིར། ཡོད་མེད་གཉིས་ཀ་དང་བྲལ་བ་ལའང་རྒྱུ་དེས་ཅི་བྱ་སྟེ་དོན་མེད་པར་ཐལ། ཡོད་པའང་མིན་མེད་པའང་མིན་པ་མི་སྲིད་པའི་ཕྱིར།


previousདགག་བྱ་ངོས་འཛིན་དང་། ཐལ་ཟློག ཆོས་ཅན་མཐུན་སྣང་བ་བཅས་ཀྱི་སྐོར།next