Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།


   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
དབུས་ཕེབས་དང་པོ་སྔ་འགྱུར་མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་སོགས་ལས་དབང་ལུང་གདམས་པ་སོགས།
   
   
   
   
   
   
   
   
   
   
   
   


 
previousདབུས་ཕེབས་དང་པོ་སྔ་འགྱུར་མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་སོགས་ལས་དབང་ལུང་གདམས་པ་སོགས།next

དབུས་ཕེབས་དང་པོ་སྔ་འགྱུར་མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་སོགས་ལས་དབང་ལུང་གདམས་པ་སོགས།


GTN006_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་འདི་ནང་དབུས་སུ་ཕེབས་པ་སྣྲོན་ཟླའི་ཚེས་བཅུ་ལ་ཞེ་ཆེན་ནས་ཐེག་སྟེ། ཚུགས་མལ་གསུམ་པ་ཚེམ་ཁོག་བར་རྒྱལ་ཚབ་རིན་པོ་ཆེ་དཔོན་གཡོག་གིས་ཆིབས་སྐྱེལ་མཛད། ལུགས་གཉིས་ཀྱི་བསླབ་བྱ་དུ་མས་བླང་དོར་གྱི་མིག་རྣམ་པར་ཕྱེ་སྟེ་ཕྱིར་ཕེབས། དེ་ནས་ལེགས་ལམ་གྱིས་ཕེབས་ཏེ། རང་གཞན་བྱེས་སུ་འགྲོ་བ་དང་། ལམ་འཁོད་ཀུན་ལ་ལུགས་གཉིས་ཀྱི་སྒོ་ནས་ཕན་བདེའི་ཕྲིན་ལས་གང་ལ་གང་འོས་སུ་ཉེ་རིང་མེད་པར་མཛད་དེ་ཁྲུམས་སྟོད་ཟླ་བའི་ཚེས་ཉི་ཤུ་ལ་ལྷ་ལྡན་དུ་ཕེབས་གྲུབ། སྐྱབས་རྗེ་འཇིག་རྟེན་དབང་ཕྱུག་ལུང་རྟོགས་རྒྱ་མཚོ་དང་། བོད་རྒྱལ་པོ་དེ་མོ་ཐུབ་བསྟན་རྣམ་རྒྱལ་ཏེ། རྩེ་ཞོལ་སོ་སོར་བརྒྱ་འབུལ་རེ་རེ་ཕུལ། སྨོན་ལམ་མང་ཇ་གཉིས་ལ་འཁོར་དྲུག་སོ་གཉིས་དང་། ཇོ་ཤཱག་རྣམ་གཉིས། ཐུགས་ཆེན་རང་བྱོན་ལྔ་ལྡན་སོགས་ལ་གསེར་གསོལ་དང་བརྒྱ་མཆོད། ཕྱག་བསྐོར་མཛད། དེ་ནས་དགའ་ལྡན་བརྒྱུད། བསམ་ཡས། ཁྲ་འབྲུག །རྡོར་སྨིན་དང་། གཙང་ཕྱོགས་ཀྱི་བླ་མ་ལྷ་རྟེན་རྣམས་ལ་མཇལ་ཕྱག་མཆོད་འབུལ་དུ་དཀའ་བ་དང་ལེན་གྱིས་བྱོན། དེ་སྐབས་སུ་གཞུང་ས་ནས་དོས་བརྡ་ས་རིམ་སོགས་ཞེ་ཆེན་པ་ལ་སྔར་ཐོབ་གང་ཡོད་ཀྱིས་བཀུར་ཟོས་མཛད། དེ་སྐབས་སྟག་ལུང་། རྭ་སྒྲེང་། ཆབ་མདོའི་སྤྲུལ་སྐུ་རྣམ་གསུམ། རྡོར་བྲག །སྨིན་གླིང་། བཀྲ་ཤིས་ཆོས་སྡེ། ངོར། ས་སྐྱ་གོང་། བཀྲ་ཤིས་ལྷུན་པོར་གཙང་པཎ་ཆེན་སོགས་ལ་འབུལ་བ་རྣམ་བཞག །འགྱེད་བཅས་ལ་ཇ་འཁོར་དྲུག་ཉིས་བརྒྱ་ལྷག །རྟ་ཕོ་རྒོད་བཞི་བཅུ། དངུལ་རྡིལ་


GTN006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བརྒྱད་ཙམ། དར། རས་གོས། ལིང་། གཅན་གཟན་སོགས་ཕོན་ཆེ་བར་བཏང་། བསམ་ཡས་ཁྲ་འབྲུག་ཤེལ་བྲག་སོགས་གནས་རྟེན་རྙིང་པ་བྱིན་ཆེན་རྣམས་ལ་གསེར་གསོ་མཆོད་འབུལ་མཛད། དབང་ལུང་གདམས་ཁྲིད་རྣམས་ནོད་ཚུལ་ལ། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ་མདུན་ནས་བཀའ་མའི་སྐོར་དང་། ཞི་བྱེད་སྐོར་སོགས་དབང་ཆོས་དུ་མ་དང་། ནང་རྟེན་རྣམས་མཇལ་ཁ་ཞིབ་ཆ་བྱས། ཡར་ལུང་བཀྲ་ཤིས་ཆོས་སྡེའི་དབོན་རིན་པོ་ཆེ་ནམ་མཁའ་ལེགས་པ་ལྷུན་གྲུབ་མདུན་ནས་དམར་པོ་སྐོར་གསུམ། ཀྱེ་རྡོར་གྱི་དབང་སོགས་དང་། ས་སྐྱ་ཁྲི་ཆེན་པདྨ་བདུད་འདུལ་དབང་ཕྱུག་མདུན་ནས། རྟ་མགྲིན་ཡང་གསང་ཁྲོས་པ་དང་། ཉང་གི་གུར་དྲག་དབང་ཆེན། ཚེ་དབང་སོགས་དང་། རྒྱལ་བ་ལུང་རྟོགས་རྒྱ་མཚོའི་མདུན་ནས་གཙང་པཎ་ཆེན་གྱིས་མཛད་པའི་ཤམ་བྷ་ལའི་སྨོན་ལམ། རྭ་སྒྲེང་གསུང་སེང་ལྡེང་ནགས་སྒྲོལ་བསྟོད་པ་སོགས་ཁ་ཤས་ཀྱི་ལུང་། བསྟན་རྒྱས་གླིང་དེ་མོ་རིན་པོ་ཆེ་ནས་འཇམ་དཀར་མ་ཏིའི་ལུགས་དབང་། མཚན་བརྗོད་ལུང་། ཚེ་དབང་སོགས་དང་། མཁར་རྡོ་གྲུབ་ཆེན་ཆོས་ཀྱི་རྡོ་རྗེའི་མདུན་ནས་ཁོང་རང་གཏེར་ཆོས་ཕལ་ཆེ་བ་ཐོབ། ཆོས་ཀྱི་བདག་པོར་ལུང་གིས་ཟིན། ཞིབ་གསལ་གསན་ཡིག་ཏུ་འཁོད་པ་ལྟར་ལ། དེ་ནས་ལྷ་ལྡན་ནས་རང་ཡུལ་དུ་ཆིབས་སྐྱོད་མཛད་པ་སྟོན་འཁོར་ཚང་མ་དབུ་ཐོན་ལེགས་ལམ་གྱིས་ཤིང་ཕག་ཟླ་བ་བདུན་པའི་ནང་རང་གནས་ཞེ་ཆེན་དུ་འབྱོར་བར་ཀུན་གྱིས་དགའ་སྤྲོས་བསུ་མ་རིང་ཐུང་དང་གསོལ་སྟོན་


GTN006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་བྱས། དེ་ལོ་ཐུགས་ངལ་བསོས་ཏེ་བསྡམས་མཚམས་ལྟ་བུའི་རང་མལ་དུ་བཞུགས། མེ་བྱའི་ལོ་ལ་ནང་གི་རྣལ་འབྱོར་གཙོ་བོར་གཞོལ་བས་སྐུ་མཚམས་སྨྲ་བཅད་ཟླ་བ་བཞི་རིང་མཛད། དེ་ནས་སྨར་ཁམས་མཆོག་སྤྲུལ་ལ་སྒྲ་ཀ་ལཱ་པའི་རི་མོ་མཐའ་རྒྱས་སུ་ཕུལ་ནས། ཀུན་བཤད་མཚན་གྱིས་མངའ་གསོལ་བཅས་མཛད། མདོ་ཤུལ་བླ་མ་ངག་དབང་རྒྱ་མཚོ་ལ་སྒྲ་ཀ་ལཱ་པའི་རི་མོ་དང་། རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་བཅས་མཛད་པས། རྗེས་སོར་ལྕང་སྐྱའི་དབུ་བླར་ཕེབས་ཚེ་ཐུན་མོང་དང་ཐུན་མིན་གྱི་གཞུང་ལ་མཁས་པའི་བསྔགས་བརྗོད་གནང་། མེ་གླང་གནམ་ལོ་གསར་འཆར་གྱི་ལོ་གསར་འཚོགས་དབུར་རབ་འབྱམས་མཆོག་སྤྲུལ་ཐོག་མར་ཕེབས་པའི་ཞབས་ཕྱི་གང་དགོས་སྒྲུབ། ཟླ་བ་ལྔ་པའི་ནང་རྒྱལ་ཚབ་རིན་པོ་ཆེ་སྐུ་བསྙུན་པའི་ཚུལ་བསྟན་པའི་རྐྱེན་སེལ་རིམ་གྲོའི་རྒྱབ་ཆོག་དང་ཐུགས་བརྟགས་སོགས་ཞུ་ཕྱིར་ཤར་ཀཿ ཐོག་རྡོ་རྗེ་གདན་དུ་ཆིབས་བསྐྱོད་མཛད། སྐུ་ཞབས་ཞིང་སྐྱོང་རིན་པོ་ཆེ་དང་། རྨོག་སྤྲུལ་སྙིང་གི་ནོར་བུ་ལ། སྔར་ནས་ཐུགས་མཐུན་ཞིབ་འདྲིས་ཡིན་ནས་ཡིན་བཞིན་ཐུགས་ཡིད་གཅིག་འདྲེས་ཀྱི་གསུང་སྒྲོས་སྣ་ཚོགས་མཛད་པ་དང་། རྒྱལ་ཚབ་བསྙུན་གཞིའི་ཐད་མི་བློ་ལྷ་བློ་ནང་ཉམས་ཀྱི་གསུང་གླེང་ཅི་རིགས་པ་གྲོས་བསྟུན་དང་། དེ་སྐབས་ཀཿ ཐོག་པའི་ཚེས་བཅུ་འཚོགས་སྐབས་དང་ཡང་ཐུག་པས་ཚོགས་ཆེན་གྱི་དབུ་བ་མཛད།


GTN006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྨོག་སྤྲུལ་རྡོ་རྗེ་འཆང་ནས་ཀློང་གསལ་ཡོངས་རྫོགས་ཆོས་སྐྱོང་སྲོག་གཏད་བཅས་དང་། ཚོགས་བདག་རྗེས་གནང་ལབ་སྟོན་གསུང་ལྟར་སྟག་བླ་པདྨ་རིག་འཛིན་ཆོག་བསྒྲིགས། འོད་ཆོག་དབང་ཕྱག་སྤྲུལ་ཆོག་བསྒྲིགས་རྣམས་ཐོབ། མགོན་ཁང་དུ་དཔོན་སློབ་བསྙེན་སོང་སུམ་ཅུས་ཚོགས་བདག་བསྐུལ་ཁྲི་ཚར་བསགས། དེ་ནས་རང་གནས་སུ་ལོག་པ་ཉེ་ཞོ་མེད་པར་ཞེ་ཆེན་དུ་འབྱོར། སྔར་རྒྱུན་ལྟར་བླ་བྲང་གི་ཆ་རྐྱེན་ལ་དབྱར་ལྡོམ་ཐུང་བསྐོར་མཛད་ནས་ཕྱིར་ཕེབས། རྒྱལ་ཚབ་རིན་པོ་ཆེ་བསྙུན་ཡུན་རིང་བས་སྐུ་རིམ་སྨན་དཔྱད་སོགས་ཀྱི་ཆེད་འཁོར་དྲུག་སུམ་བརྒྱ་ལྷག་ཙམ་སོང་ཡང་། ལྔ་བརྒྱའི་དུས་ཀྱི་བསྟན་འགྲོའི་བསོད་ནམས་ཟད་པས་ནམ་འཇུག་གི་གྲང་ངར་སླེབ་པ་ལྟར་བཟློག་ཏུ་མེད་པ་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་དགོངས་པ་ཞི་བ་ཆོས་ཀྱི་དབྱིངས་སུ་གཤེགས། དེ་སྐབས་རབ་འབྱམས་རིན་པོ་ཆེ་བསྟན་པའི་བདག་པོ་དངོས་ཡིན་ཡང་སྐུ་ན་ཕྲ། གཞན་སྤྲུལ་དབོན་བླ་མཆན་འགན་ཁུར་ནུས་པ་སུ་ཡང་མེད་པ་དང་། ཁྱད་པར་རྒྱལ་ཚབ་རྡོ་རྗེ་འཆང་ཞལ་བཞུགས་པའི་དུས་སུ་ཡང་ཐུགས་གཏད་ཤིན་ཏུ་ཆེ་བས་ལུགས་གཉིས་ཀྱི་མཛད་པ་གང་དང་གང་ལའང་རྨོས་དོལ་གྱི་ཟླ་ལྟར་མེད་ན་མི་འབྱུང་གི་ཚུལ་དུ་སོང་བས། ཞེ་ཆེན་པའི་ཆོས་དང་འཇིག་རྟེན་གྱི་མཛད་སྒོ་ཇི་ཡོད་ཀྱི་ཁུར་ཆེན་དང་ལེན་མཛད་དགོས་བྱུང་ཡང་། སྙོམས་ལས་དང་སྒྱིད་ལུག་གི་དབང་དུ་མ་བཏང་བར་འཇིག་རྟེན་པའི་ལུགས་ལ་ཕ་ཤུལ་བུས་བཟུང་ཟེར་བ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་གྱི་དབང་དུ་བྱས་ན།


GTN006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རིན་པོ་ཆེ་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྷུང་། །ཞེས་དང་། ཕར་ཕྱིན་སྡུད་པ་ལས། ཡོངས་སུ་སྐྱེ་མེད་བརྩོན་འགྲུས་ཆེར་ལྡན་ན། །མི་ཐོབ་མི་འགྲུབ་རྣམ་པ་གང་ཡང་མེད། །ཅེས་དང་། ཉིན་མཚན་དུས་རྣམས་འབྲས་བུ་ཡོད་པར་འདའ། །ཡོན་ཏན་ཚོགས་ཀྱིས་དམའ་བར་འགྱུར་བ་མེད། །མི་ཡི་ཆོས་ལས་འཕགས་པའི་དོན་རྣམས་ཀྱིས། །མེ་ཏོག་ཨུཏྤལ་ལ་བཞིན་རྣམ་པར་འཕེལ། །ཞེས་བརྩོན་འགྲུས་ཆེན་པོས་ཐབས་ཤེས་ཟུང་འཇུག་གི་ཉམས་ལེན་ལ་འབད་པ་བྱས་ཤིང་། ཁྱད་པར་མི་ཆོས་གཙང་མ་ལས་ལྷ་ཆོས་འབྱུང་བ་དང་། འཕགས་པའི་ཆོས་ཚུལ་རྣམས་བཀོད་མའི་ཆུ་བཞིན་ཐབས་ལས་ཐབས་བྱུང་གི་ཚུལ་དུ་འཕེལ་བར་གསུངས་པ་བཞིན། ཐོག་མར་འདས་མཆོད་གསོལ་དགུང་མཆོད་འབུལ་དང་། རང་གཞན་གྲུབ་མཐའ་རིས་མེད་ཀྱི་བླ་མ་སྔོན་ནས་གདན་འདྲེན་སྲོལ་ཡོད་རིགས་ལ་གདན་ཞུས་ཀྱི་བསྙེན་བཀུར། དགོན་སྡེ་དུ་མར་ཆོས་རྒྱབ་བཅས་དགེ་བའི་ཕྱོགས་སུ་དངོས་རྫས་རྒྱ་གང་ཆེ་སྤེལ། དེ་ལྟར་ལྷག་བསམ་དག་པའི་སྟོབས་དང་སྐུ་བཞུགས་རིང་བླ་མ་སངས་རྒྱས་སུ་མཐོང་ཞིང་ཐུགས་ཡིད་གཅིག་ཏུ་འདྲེས་པའི་བྱིན་རླབས་ཀྱིས་གསོལ་དགུང་གི་སྨད་ཁྲུམས་ཟླའི་ཚེས་བཅུ་དགུའི་ནུབ་མོ་ཡེ་ཤེས་ཀྱི་སྐུ་དངོས་སུ་རྨི་ལམ་ན་མཇལ་ཞིང་བྱང་ཆུབ་བར་འབྲལ་མེད་རྗེས་སུ་བཟུང་བའི་དགེ་མཚན་མཐོང་བ་དང་། ཚེས་ཉེར་ལྔའི་ནུབ་མོར་རྨི་ལམ་ལྟར་ཕྱི་ཉིན་རང་བློ་ཡིད་ཆེས་པའི་སྤྲུལ་སྐུ་གསར་བྱོན་བློ་ཐག་ཆོད་པ་བྱུང་ཡང་། ལོ་གསུམ་བར་གསང་རྒྱ་


GTN006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་བྱས། འདི་སྐབས་རྒྱལ་དབང་པདྨའི་རྒྱལ་ཚབ་གླིང་རྗེ་དྲུང་པདྨ་གར་དབང་འགྲོ་འདུལ་རྩལ་ལའང་ཟླ་བ་སྔ་མའི་ཉེར་བདུན་ལ་ངོ་མཚར་བའི་གཟིགས་སྣང་བྱུང་འདུག་པ་འབྱུང་འགྱུར་དོན་དང་ལྡན་པར་གྱུར། རི་ཁྲོད་སློབ་དཔོན་རིན་པོ་ཆེའི་སྣང་བརྙན་རྒྱལ་ཚབ་རྡོ་རྗེ་འཆང་ཉིད་ཀྱིས་ཞལ་འཆོས་མཛད་པ་ལ་ཚོན་རྩི་གཟུངས་འཇུག་གསེར་ཆབ་གསོལ་བ་རྣམས་བྱང་འདྲེན་དགེ་བའི་བཤེས་གཉེན་མཁས་པ་ཆེན་པོ་ཁྲབ་ཆོས་དར་ལགས་ནས་གསོལ་དགུང་ནང་དེར་རྟེན་འབྲེལ་ཆེད་གྲུབ་པར་མཛད། རྒྱལ་ཚབ་ཉིད་ཀྱི་སློབ་མ་ཐམས་ཅད་ཀྱི་མཆོག་གྲུབ་པའི་དབང་ཕྱུག་འཇུ་བླ་མ་ཤེས་རབ་ཡར་འཕེལ་ཞེས་པ། མི་ཚེ་སྒྲུབ་པ་ལ་བསྐྱལ་བས་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་ལས་གསུམ་གྱི་རྟགས་མཚན་ཅི་རིགས་བརྙེས་པ་དང་། ཁྱད་པར་དུ་འཕགས་པ་བརྒྱད་སྟོང་པ་རྒྱུན་དུ་ཞལ་འདོན་མཛད་ཅིང་དོན་ལ་རྣལ་འབྱོར་ཟབ་མོ་ནང་བྱན་ཆུད་པས་གནས་ལུགས་ཀྱི་དོན་མངོན་དུ་བརྙེས་པ་དེ་ཉིད་ཀྱིས། རབ་ཏུ་གནས་བྱ་གནས་བྱེད་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་དོན་དམ་པའི་རབ་ཏུ་གནས་པར་མཛད། དེ་རྗེས་རྗེ་ཉིད་ཀྱིས་ཟབ་ལམ་མཐར་ཐུག་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་རྒྱུད་སྡེ་ནས་ཇི་སྐད་བཤད་པའི་རབ་གནས་དངོས་སྟ་ཉིན་གསུམ་གྱི་རིམ་པ། ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་བཞིན་མཛད་དེ། གཟིམས་མལ་སྐུ་བརྙན་གྱི་དོད་ཐུབ་བྱས་ནས་བཞག་པ། སྐུ་གཟི་བྱིན་དཔལ་དུ་འབར་ཞིང་མཇལ་བའི་མོད་ལ་


GTN006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་སྤུ་ལོང་གཡོ་ནུས་པ། དེར་མ་ཟད་དགེ་མི་དགེའི་མཚན་མས་ཞལ་ཁྱིམ་འགྱུར་བ་སོགས་ངོ་མཚར་བའི་རྟགས་དང་ལྡན་པ། ད་ལྟ་དབེན་རི་པདྨ་འོད་གླིང་གི་ནང་རྟེན་ཐུན་མོང་མ་ཡིན་པ་ཡོད་པ་འདི་ཡིན། དེ་སྐབས་སུ་དཔལ་སྤུངས་སྐུ་ཞབས་སི་ཏུ་རིན་པོ་ཆེ་གདན་འདྲེན་ཞུས་པ། ཕག་མོའི་སྒོ་ནས་མཆོད་འབུལ་དང་། རྟེན་ལ་སྙན་ཤལ་སོགས་མཛད། དམ་པ་འདི་ཉིད་ཀྱི་ལུགས་གཉིས་ཀྱི་མཛད་སྤྱོད་བསྔགས་འོས་མཆོག་ཏུ་གྱུར་པས་ཐུགས་ལྷག་པར་བརྩེ་ཞིང་གསུང་གིས་དབུགས་དབྱུང་དུ་མ་བསྩལ་ཞིང་གཟེངས་བསྟོད་པར་མཛད། ཁྲོ་བོ་བདུད་རྩི་འཁྱིལ་བའི་རྗེས་སུ་གནང་བ་ཞིག་ཀྱང་བསྩལ། འབུལ་བ་རྒྱ་དངུལ་རྡིལ་ཚད་ཚན་གྲངས་དུ་མས་སྣ་དྲང་བ་ཕུལ་ཏེ་མཆོད་ཡོན་ཤིན་ཏུ་ནང་གཤིན་དུ་གྱུར། དུས་རྒྱུན་གུ་རུ་རིན་པོ་ཆེ་ལ་མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་ཀུན་གྱི་ཡང་ཟབ་ཚིག་བདུན་མ་ལ་བརྩོན་པས་དེ་སྐབས་སུ་འབུམ་ཐེར་གྱི་གྲངས་ཐེམ། སྡེ་དགེ་ས་སྐྱོང་ཆེན་པོ་ལྷ་ལྡན་དུ་ཆིབས་སྐྱོད་གནང་ཤུལ་དུ། སྡེ་དཔོན་བར་སྐུ་ཚབ་བྱོན་བཞུགས་པ་རྣམས་ཀྱི་མཛད་སྤྱོད་ཞན་པས། དགེ་རྩེ་རྫ་ཆུ་ཁ་སྟོད་སྨད་ཕལ་ཆེར་ས་རྒྱབ་ཏུ་བྲོས་བྱོལ་སོང་བ་དང་། ཁྱད་པར་ཁྲོམ་གཟའ་གོང་མ་ཨ་ཆེན་གངས་རྒྱབ་ཏུ་སོང་བའི་རྗེས་གཅོད་ལ། སྐུ་ཞབས་མཁྱེན་བརྩེའི་ཡང་སྲིད་དང་། རྫོགས་ཆེན་རིན་པོ་ཆེ། རྗེ་ཉིད་བཅས་ལྷན་དུ་ཕེབས་པ་དང་། སྡེ་དགེ་སྐུ་ཚབ་སྐལ་བཟང་ཚེ་རིང་། ཨ་སྔོ་དམ་ཆོས། སྒར་རྗེ་སྲས་པོ་སོགས་དམག་མི་


GTN006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་ཙམ་བཅས་སོང་ནས། ཟླ་བ་གསུམ་ལྷག་ཞིག་འགོར། རྫ་སྟོད་སྨད་ཀྱི་སྡེ་ཆུས་ལེགས་ལམ་འགྲུབ། ས་སྟག་ལོ་བདག་པོ་ཆོས་རྒྱལ་ཚེ་དབང་རྡོ་རྗེ་ལྷ་ལྡན་ནས་ཕྱིར་ཕེབས་ཏེ་གསེར་ཁྲིར་གདན་འཇགས་སྐབས། རྒྱུ་མཚན་སྐད་ཞུས་ཐོག །བླ་མ་རྣམས་ལའང་གསུང་བཟང་མཛད་ཅིང་། ཁྱད་པར་རྗེ་ཉིད་ལའང་མཛོད་གོས་ནང་མ་ཡུག་ཆེན་སྒེར་དུ་བསྩལ། དེ་ནས་བཟུང་སྔར་རྒྱལ་ཚབ་རིན་པོ་ཆེའི་མཛད་པ་ཤིན་ཏུ་ལེགས་པའི་མུས་སྐྱོང་བས། ཆོས་རྒྱལ་མཆོག་ནས་བྱམས་སྐྱོང་ཆེ་ཞིང་། མཆོད་ཡོན་བར་སེལ་མེད་ཀྱིས་ཉི་མ་སྤྲིན་མེད་པ་དང་མཉམ་པས་མཛད་བཟང་མཐར་འཁྱོལ་བར་གྱུར། ལོ་དེའི་ཟླ་བ་གཉིས་པའི་ཚེས་བཅུ་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་བཟང་པོར། གྲུབ་དབང་རྡོ་རྗེ་འཆང་གོ་ཆ་རིན་པོ་ཆེའི་ཡང་སྲིད་འཇིགས་མེད་དཔལ་གྱི་སེངྒེ་གདན་སར་ཕྱག་ཕེབས་པར་མཛད། དེ་སྐབས་རྗེ་དབོན་བཀའ་དྲིན་འཁོར་མེད་ཕྲིན་ལས་དར་རྒྱས་ནས། རབ་འབྱམས་མཆོག་སྤྲུལ་དམ་པས་གཙོར་མཛད་རྗེ་ཉིད་དང་འདུས་པ་ཡོངས་ལ་ཟབ་རྒྱས་ཆོས་ཀྱི་མཛོད་ཁང་ཕྱེ་བའི་དབུ་བཙུགས། བླ་མ་འདི་ཉིད་གྲུབ་དབང་མཆོག་ནས་བཟུང་། ཞེ་ཆེན་པ་ལ་ཐུགས་བསམ་དཀར་ཞིང་། ཁྱད་པར་རྗེ་བླ་མ་ཉིད་དང་ཐུགས་དགོངས་གཅིག་འདྲེས་ཀྱིས་ལུགས་གཉིས་གང་ཐད་ནས་ལེགས་སྤེལ་ཉེས་བསུབ་ཀྱི་མཛད་པ་རྒྱ་གང་ཆེ་སྐུ་མ་གཤེགས་བར་ཐང་ལྷོད་མེད་པ་ཡིན་པས། སྐུ་གཤེགས་ཚེ་ཡང་སྤྲུལ་སྐུ་ལ་ཐུགས་གསོ་མཚོན་བྱེད་རྟ་ཆིབས་པ་འགྲོས་ལྡན་ཞིག་ཕུལ་བ་དང་། མཆོད་འབུལ་ཞུས་


GTN006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་ཡོན་རྒྱ་དངུལ་སྲང་བཅུ་ཕུལ་བའང་ཕར་གནང་སྟེ་རང་མི་རང་རྩ་ཟེར་བའི་དཔེ་ལྟར་མཛད། ལོ་དེའི་དགུན་སྟོད་ལ་ཤར་ཀཿ ཐོག་ཏུ་སི་ཏུ་མཆོག་སྤྲུལ་ཨོ་རྒྱན་བསམ་གྲུབ་ཞི་བར་གཤེགས་པའི་དགོངས་རྫོགས་ལ་གདན་ཞུས་བྱུང་བ་བྱོན་ནས་ཀཿ ཐོག་པས་སྔོན་ནས་རང་སློབ་མཁས་གྲགས་ཅན་ཡིན་པའི་རྒྱུ་མཚན་གྱིས་བསུ་བ་སེར་སྦྲེང་སོགས་བཀུར་བཟོས་རྒྱ་ཆེ་ཞིང་། འདུས་སྡེ་བྱིངས་ནས་ཞི་ཁྲོའི་བུམ་སྒྲུབ་མཛད་པའི་རྡོ་རྗེ་སློབ་དཔོན་གནང་། སྐུ་གདུང་ལ་ཞུགས་ཕུལ། ཚོགས་པ་བྱིངས་ལ་མ་ཎི་བཀའ་འབུམ་གྱི་བཀླག་ལུང་མཛད། འབུལ་ནོད་རྒྱ་ཆེ་བ་བཅས་རང་གནས་ཞེ་ཆེན་དུ་ཆིབས་ལམ་བདེ་ངང་ནས་ཕེབས། ཁྲོ་ཤུལ་འོམ་བུ་གོང་མ་དཔོན་སྡེ་རྣམས་སྔར་ནས་བཟུང་ཞེ་ཆེན་པ་སྐུ་ན་རིམ་ཅན་དང་། མཆོད་ཡོན་གྲྭ་རྩ་ནང་གཤིན་གཞན་འགྲན་བྲལ་བ་ཡིན་བཞིན། བདག་པོ་ཆོས་རྒྱལ་ཐུགས་དགོངས་ལ་ཁྲམ་རྐུན་འགས་མི་འཚམས་པའི་ལས་བྱས་པས། ཐུགས་ཕོག་ཆེན་པོར་གྱུར་ནས་སྡོད་གནས་མི་བདེ་བ་བྱུང་བར། སྡེ་དཔོན་བར་འཇགས་བདེའི་བསམ་སྤྱོད་ཐབས་གང་དྲག་མཛད། འོམ་བུ་འགབ་མ་དང་ཡང་སྔར་འོམ་འགབ་རང་གི་དཔོན་བླ་བསྟན་འཛིན་གྱི་སྐྱེས་བུ་མཁས་ཤིང་གྲུབ་པ་མཆོག་བརྙེས་རིག་འཛིན་རྒྱ་མཚོ་སྐུ་བཞུགས་རིང་ཁྲོ་ཤུལ་གོང་འགབ་ལ་བརྩེ་སྐྱོང་ཁྱད་མེད་མཛད་ཅིང་། ཁྱད་པར་སྐུ་གཤེགས་ཁ་ཡང་སྐྱིད་སྡུག་གཅིག་པ་ལས་ང་ཁྱོད་ཀྱིས་དབྱེ་བ་བྱེད་མི་ཉན་ཚུལ་བཀའ་གནང་དོན་ལྟར་མུས་སྐྱོང་འོང་ཐབས་ཀྱི་ལྷག་


GTN006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཟླ་བ་ལྟ་བུས་ཁྱབ་པར་གནང་། དེ་འཕྲོས་སྔར་སྐྱབས་རྗེ་འགྲོ་བའི་མགོན་པོ་རབ་འབྱམས་བདེ་བར་གཤེགས་པའི་གདུང་རྟེན་བར་ཆད་སྣ་ཚོགས་ཀྱི་དབང་གིས་ཅུང་ཟད་ཆུང་ཤོར་བ། དགོན་སྡེའི་སྤྱི་ཆུས་ལ་ལ་ཉེ་ཞན་ཅིང་། རྒྱལ་ཚབ་རྡོ་རྗེ་འཆང་གི་ཡང་ཐུགས་དགོངས་མ་རྫོགས་པར་ཡོད་པས། རྒྱུ་མཚན་དེ་དག་ཐུགས་ལ་བརྣག་པར་མཛད་ནས་རྗེ་བླ་མ་འདི་ཉིད་ཐབས་ལ་མཁས་པས། རྒྱལ་ཚབ་རིན་པོ་ཆེའི་གདུང་རྟེན་འདི་རང་རེ་མཁོས་ཞེན་པས་ཤིང་གདུང་ཙམ་ལས་གསེར་ཟངས་སོགས་ཀྱིས་འགྲུབ་རེ་དཀའ་འདུག་པས། ཤིང་གདུང་ཆེ་ལེགས་ཤིག་བསྒྲུབ་ན་ལེགས་ཚུལ་ལས་བྱེད་པ་རྣམས་ལ་བསྙད་པས་དེ་ཁོ་ན་ལྟར་བྱ་བ་ཐམས་ཅད་ཁ་འཆམ་པས། ས་ཡོས་དབོ་ཟླ་བའི་ཚེས་བཅུའི་ཉིན་དགེ་བཤེས་བྱང་འདྲེན་པ་ཁྲབ་ཆོས་དར་ཞེས་བཟོ་རིག་པའི་རྩེར་སོན་པ་དེ་ཉིད་ཀྱིས། མཆོད་རྟེན་ཐིག་ཚད་ཞིབ་པར་གཏན་ལ་ཕབ། དེ་ནས་ལས་མགོ་བ་མཛད་ནས་ཤིང་མཁན་ཁ་ཤས་ཀྱིས་གྲོགས་དན་བྱས་ཏེ་འཕྲལ་དུ་ཐོན་པར་བྱས་ནས། རིང་བསྲེལ་རྣམ་པ་བཞི་དང་། སྐུ་གདུང་རིན་པོ་ཆེ་བཅས་ཀྱི་ནང་གཟུངས་རིགས་བཞག་ཚུལ་ལག་ལེན་སླ་ཆོས་དང་དེས་ཆོག་ཏུ་མ་སོང་བར་ཚད་ལྡན་དུ་བསྒྲུབས་ནས་རབ་ཏུ་གནས་པ་བཅས་འཕྲལ་དུ་ཐོན་པར་མཛད། དེ་ནས་ཁྲོ་ཤུལ་གོང་འགབ་ཀྱི་དཔོན་གཉིས་དང་། ཚོ་མི་གནད་ཆེན་རྣམས་ཁྲིད་ནས། དགོན་ཆེན་དུ་བདག་པོ་རིན་པོ་ཆེ་མཇལ་ཁ་ཞུས་པ། སྡེ་དཔོན་བར་གྱི་བརྗོད་གཞི་རྣམས་ལེགས་པར་འདུམ་པའི་ཞུ་དོན་འགྲུབ། གོང་རྗེ་མཆོག་


GTN006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཛོད་དར་དང་། རྒྱ་དངུལ་སྲང་འཁོར་བཅུའི་ལེགས་སྐྱེས་གནང་། དེ་ནས་ཚུར་སླེབ་འཕྲལ། རྒྱལ་ཚབ་རིན་པོ་ཆེའི་ཡང་སྲིད་ཐད་དམ་པ་ཉིད་ཀྱི་མནལ་ལམ་གྱི་ལྟས་དང་། པདྨའི་རྒྱལ་ཚབ་གླིང་རྗེ་དྲུང་རིན་པོ་ཆེའི་འབྱུང་འགྱུར་སྟོན་པའི་ལུང་གསལ་རྣམས་དོན་མངོན་དུ་གྱུར་ཕྱིར། རྒྱབ་ཕུ་བྲག་དཀར་དུ་ཆིབས་བསྐྱོད་མཛད། བཀའ་བགྲོ་བ་དང་། སྲུང་མ་ལ་ཕྲིན་ལས་བཅོལ་བ་སོགས་མཛད་དེ་ཐེ་ཚོམ་གྱི་འཕྲང་ལས་བརྒལ་ནས་རང་དགོན་དུ་ཕེབས། སྤྲེལ་ཟླའི་ཚེས་བཅུའི་སྐབས། རྒྱལ་སྲས་སྙན་གྲགས་ཡབ་སྲས་རྣམས་ཕེབས། ཚེས་བཅུའི་གར་འཆམ་གཟིགས་མོ་མཛད། གུར་ཆེན་ཕུབ་པ་སོགས་ཞེ་ཆེན་པས་རྒྱས་སྤྲོས་གང་ཡོད་སྐབས། རླུང་ནོན་རྗེ་ཉིད་ཀྱིས་མཛད་པས་ཉེ་ཞོ་གང་ཡང་མ་བྱུང་། རྒྱལ་སྲས་ཀྱིས་དགོན་སྡེ་བྱིངས་དང་རབ་འབྱམས་མཆོག་སྤྲུལ། རྗེ་ཉིད་བཅས་ལ། བདུད་འདུལ་ཐུགས་ཆེན་ནམ་མཁའི་རྒྱལ་པོའི་དབང་ལུང་མཛད། འབུལ་བ་དང་ཞབས་ཏོག་རྒྱ་གང་ཆེ་བསྒྲུབས། ཟླ་བ་དེའི་ཚེས་ཉེར་བདུན་གཟའ་སྐར་སྦྱོར་བྱེད་ལེགས་པའི་ཉིན། རབ་འབྱམས་མཆོག་སྤྲུལ་གཞན་དོན་ལ་ཐོག་མར་ཕེབས་པ། རྫོགས་ཆེན་དང་འབྲོག་རུ་སྟོད་སྨད། ཆེ་ཝོ་བརྒྱུད་བྱང་རྫ་ཆུ་ཁ་ལ་བྱོན་པར། རྗེ་ཉིད་ཀྱིས་ལུགས་གཉིས་ཀྱི་བཀོད་པ་བཟང་པོས་སྣ་དྲངས་པར་མཛད་ནས་ཤག་གི་མཚལ་དིས་བར་གྱི་ཆིབས་སྐྱེལ་དང་། སྤྲུལ་སྐུ་ལ་རྐྱེན་སེལ་དུ་ཐང་རྒྱལ་ཚེ་དབང་ཉེར་གཅིག །ཀློང་གསལ་རྣམ་འཇོམས་དབང་ཁྲུས། མ་ཏིའི་འཇམ་དཀར་དབང་སོགས་ཕུལ་ཏེ་


GTN006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྒར་ཆེན་དབྱར་བསོད་ལ་རིང་ཆས་མཛད། རྗེ་ཉིད་ཟླ་བ་བདུན་པའི་ཚེས་ཉེར་བདུན་ལ་སྒར་ཆུང་བྱས་ཏེ་ཁྲོ་ཤུལ་ནང་གྱོད་མཐའ་བསྡུ་ཕྱིར་སྐུ་ཚབ་དམ་ཆོས་རྩར་ཕེབ། བདག་པོའི་རྟ་བྲང་ཁྲོ་ཤུལ་པས་སྔ་མ་དགྲ་བརྒྱབ་བྱས་པས་འཇལ་བཤགས་སོགས་ཀྱི་སྤྲོད་ལེན་བྱས་ཏེ་ཟླ་བ་གཉིས་ཙམ་འགོར་ནས་ལེགས་པར་གཙང་ཆོད་གྲུབ། སྒར་དེར་བཞུགས་སྐབས་ཉིད་ཀྱི་ཞལ་སློབ་ཀཿཐོག་ཉིན་དགོན་སྤྲུལ་པའི་སྐུ་ཕེབས། གསོལ་སྟོན་སོགས་ཞབས་ཏོག་གཟབ་པར་མཛད། བླ་སློབ་བར་ཐུགས་དགོངས་གཅིག་འདྲེས་སུ་གྱུར། སྐུ་ཚབ་རོགས་བདག་པོ་ལ་སྐད་ཞུས་ཕུལ་བའི་ཕྱིར་མགྲོན་གཉེར་བསོད་ནམས་བསྟན་འཛིན་བཏང་། སྐུ་ཉིད་དགོན་དུ་ཆིབས་བསྐྱོད་གནང་། རབ་འབྱམས་མཆོག་སྤྲུལ་གླིང་འོག་རྫ་རྒྱུད་ལ་ཐོག་མར་འབྲུ་ལྡོམ་ལ་ཕེབས་པའི་ཕྱག་ཕྱིར་བྱོན་པས། ཆ་རྒྱུས་སྔོན་ཡོད་ཀྱིས་མཛད་སྒོ་གང་ལ་གང་བསྔགས་ཀྱིས་ཐབས་མཁས་མཛད་པས། རྙེད་པ་དངུལ་དང་། རྟ་ནོར། འབྲུ་ཆ་སོགས། རྒྱ་གང་ཆེ་བྱུང་ནས་སྤྱིར་སྒར་པ་ལེགས་ལམ་ལྟ་བུར་གྱུར་ནའང་། རྫ་རྐེད་རིན་ཆེན་གླིང་ཟེར་བའི་གྲོང་ནས་སྒར་ཐེག་སྐབས་གང་ནས་འོང་ཆ་མ་མཆིས་པ་ཁྱི་རྒྱ་བོ་ཞིག་གིས་རྗེས་བསྙགས་བྱུང་བ། རྗེའི་ཞལ་ནས་འདི་བཟང་པོ་མིན་པས་ཕྱིར་ནན་གྱིས་བསྐྲད་དགོས་ཞེས་གྲྭ་པ་རྣམས་ལ་ལན་གྲངས་གསུངས་པ། ཉིན་བཞིན་ཕྱིར་དེད་ཀྱང་ནུབ་བཞིན་ཚུར་སླེབ་འདུག་པ། དེ་མཚམས་སུ་གྲྭ་ཚང་ནང་འབའ་རེ་ཟླ་བ་ན། མཆོད་དཔོན་བསྟན་འཛིན་བཟང་པོ་བསྙུང་། ཁྱིའི་ཚ་ཁར་སྒར་ཚུགས་སླེབ་དུས་གཉེར་པ་པདྨ་དབང་ལྡན་ཤི། དེ་


GTN006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་ཁྱི་དེ་ཡང་སྒར་མཐའ་ན་རང་བཞིན་གྱིས་ཤི་སོང་བས་ཀུན་གྱིས་གསུང་ལ་ཡིད་ཆེས་ཐོབ། ལྕགས་འབྲུག་ཟླ་བ་དང་པོའི་ལོ་གསར་སྐབས། རབ་འབྱམས་མཆོག་སྤྲུལ་ལ་འཕོ་བ་འཇག་ཟུག་མའི་སྨིན་ཁྲིད་ཕུལ་བ་སྦྱང་བརྩོན་གནད་སྨིན་རྟགས་ཐོན་གནང་། ཟླ་བ་གཉིས་པའི་ནང་ཞེ་རྫོགས་སྔར་ཐོབ་ལྟར། རབ་འབྱམས་མཆོག་སྤྲུལ་རྫོགས་ཆེན་དུ་བྱོན་ནས་ཞག་ཉི་ཤུ་སྐོར་དབང་ལུང་གསན་པའི་ཞབས་ཕྱིར་ཡང་རྗེ་ཉིད་ཕེབས། ཕྱིར་བྱོན་ནས། སྔ་མ་རྒྱལ་ཚབ་རིན་པོ་ཆེའི་གདུང་རྟེན་དེ་དངུལ་གན་རྡུང་གིས་གཡོག་རྒྱུའི་ལས་གྲྭའི་དབུ་བརྩམ། ལས་མགོ་ལ་རྗེ་ཉིད་ཀྱི་ཉེ་བར་གནས་པ་དགེ་སློང་འགྱུར་མེད་ཆོས་རྒྱལ་གྱིས་བྱས་པས་ལས་ཀ་དངོས་གཙང་ཞིང་བཟོ་ཁྱད་ལྷག་པར་ཐོན་པ་ཡུན་ཧ་ཅང་མ་འགྱང་བར་གྲུབ། གསེར་དངུལ་རྡིལ་ཚད་ཉི་ཤུར་ལོང་ཉེ་སོང་། བཟོ་བོ་རྣམས་ཀྱི་འབུལ་བ། དབུ་རྟག་གོས། ཟ་མ། མེ་ཤིང་། སོལ་བ་སོགས་དགོས་དགུ་ཚང་མ་ཇ་ཐོག་ལ་ཕབ་པས་འཁོར་དྲུག་སྟོང་ལྷག་ཙམ་སོང་བ། ཁོང་ཞེ་ཆེན་བླ་བྲང་གི་མི་ཞིག་བྱས་ནས་སྡོད་པའི་དོན་པོ། དེར་མ་ཟད་རང་གི་མི་ལུས་ཐོབ་པའི་དགོས་པ་མཆོག་རྩ་བའི་བླ་མའི་ཞབས་ཕྱི་འགྲུབ་པ་ཡིན་གསུངས་ནས་ཐུགས་དགྱེས་པའི་ཡང་རྩེར་སོན། ཟླ་བ་དྲུག་པའི་ཚེས་བཅུ་གཟའ་སྐར་ལེགས་པའི་ཉིན། སྐྱབས་གཅིག་འཁོར་ལོའི་མགོན་པོ་པདྨ་གསང་སྔགས་བསྟན་འཛིན་ཆོས་གྱི་རྒྱལ་པོ་དགོངས་པ་ཞི་བ་ཆོས་ཀྱི་དབྱིངས་ལས། བསྟན་འགྲོའི་དོན་དུ་སྤྲུལ་པའི་སྣང་བརྙན་གསར་པ་


GTN006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་མཁས་གྲུབ་རྒྱ་མཚོ་ངོས་འཛིན་ལ། རྫོགས་ཆེན་རིན་པོ་ཆེ་དང་། དཔོན་སློབ་རྣམ་གཉིས། སྐུ་ཉིད་བཅས་རུ་དམ་སྟག་མཛེས་ནང་ཡབ་ཚང་ཚེ་བརྟན་གཞིས་ཐོག་ལ་གདན་འཛོམས་པར་མཛད། སྤྲུལ་སྐུ་གསར་བྱོན་ལ་སྔོན་གནས་རྗེས་དྲན་གྱི་སྤོབས་པ་དགེ་ཞིང་། ཡིད་དང་བ་འདྲེན་པ་ཞིག་འདུག་པ་ལ། རྫོགས་ཆེན་ནས་ཚེ་དབང་དང་ཁྲུས་གསོལ་མཛད། རྗེ་བླ་མ་ཉིད་ཀྱིས་གར་ཚེའི་དབང་བརྒྱ་དང་། དྭངས་མ་བཅུད་འདྲེན་གྱི་དབང་དང་བྱབ་ཁྲུས་ཕུལ་ཏེ། ཀུན་ནས་དགེ་བའི་རྟེན་འབྲེལ་གྱི་ཆོ་ག་དུ་མ་དང་། བཀྲ་ཤིས་པའི་ཚིགས་སུ་བཅད་པ་དང་བཅས་སྐུ་ལ་ན་བཟའ་ཕུལ་བ་དང་། སྲུང་བ་འདོགས་པ་སོགས་བསྩལ། དེ་རྗེས་ལྷོ་ཁོག་ཏུ་སྐུ་ཉིད་ཀྱི་མ་ཡུམ་བགྲང་བྱའི་ཁུར་ཆེན་ཐོབ་པ་ལ་འཕྲད་འདོད་ཀྱིས་མགྱོགས་སྐོར་མཛད་དེ་ཕེབས། མ་ཡུམ་ལ་དབང་བརྒྱ་ཞིག་མཛད། དྲོ་འཇམ་བདེ་བའི་གོས་ཞིག་གསར་པ་ཚེམ་ནས་གནང་། དེ་སྐབས་དྲུང་པ་རིན་པོ་ཆེའི་མདུན་ནས་གྲུབ་པའི་རྒྱལ་མོའི་ཚེ་དབང་དང་། གཏེར་སྟོན་མདུན་ནས་གནམ་ཆོས་ཚེ་དབང་བཅས་གསན་བཞེས་མཛད། ཤང་ཐོ་སྤྲུལ་སྐུ་ཉིད་ཀྱི་སྐུ་ཚ་དངོས་ཡིན་སྟབས། ན་བཟའི་གྲལ་ནས། གོས་ཆེན་སྟོད་འབོག་དང་། ཐེར་ཤམ་རྒྱུ་བཟང་། ཐེར་གཟན་སོ་མ། ཞབས་ཆགས། སྐུ་ཆིངས། རྫབ་ཀྱི་གསོལ་ཞལ་དངུལ་ཤན་ཅན་བཅས་གནང་། ཨ་ཏི་བསྟན་འཛིན་དང་གྱམ་པའི་དཔལ་མགོན་ནང་ངན་བྱུང་བ། དཔོན་ནོར་བུ་རྒྱལ་ཕུག་ཏུ་བཞག་སྟེ་འཇགས་བདེ་བཤད་པས་འདུམ་པར་མཛད། ཚུར་ཞེ་ཆེན་དུ་གདན་འཇགས་སྐབས་ཕུག་


GTN006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་མཆོག་སྤྲུལ་ལྷ་སར་ཕེབས་པ་འདི་ལོ་ཕྱིར་དབུ་ཐོན་ལེགས་ལམ་གྱིས་དགོན་དུ་ཆིབས་སྐྱོད་མཛད། གཞི་བྱེས་ཞལ་འཛོམས་ཀྱིས་དགྱེས་སྤྲོ་དང་གསོལ་སྟོན་མཛད། སྐྱབས་རྗེ་ཉིད་ཀྱིས་རྒྱལ་ཚབ་ཡང་སྲིད་ལ་རྐྱེན་སེལ་དུ། སྨིན་གླིང་འཆི་མེད་ཡང་སྙིང་ཚེ་དབང་བརྒྱ། ཐང་སྟོང་ཚེ་དབང་བརྒྱ། བསམ་ལྷུན་དབང་། རྣམ་འཇོམས་བྱབ་ཁྲུས་བཅས་མཛད། ཟླ་བ་དགུ་པའི་ནང་དམ་པ་ཉིད་ཀྱི་མཛད་པ་ཀུན་གྱི་ཕུལ། རྒྱལ་ཚབ་གོང་མའི་དངུལ་གདུང་ཆེན་མོ་ལ། རབ་འབྱམས་མཆོག་སྤྲུལ་དབུ་བཞུགས་དང་། ཉིད་ཀྱིས་རྒྱལ་ཐེབས་མཛད་དེ། རབ་གནས་ཕྱག་ལེན་རྒྱས་པའི་ལུགས་ཉིན་གསུམ་མ། མཆོད་གར། སྦྱིན་བསྲེག་བཅས་སྤྲོས་པ་གང་རྒྱས་ཀྱི་ལུགས་སུ་མཛད། དེ་སྐབས་ལུགས་སུ་ཚོགས་པའི་ཞབས་ཕྱི་ཞུ་དགོས་རིགས་དང་། ཆོ་གའི་ཕྱག་ལེན། སྟོང་ཐུན་བཤད་པ་བཅས་མཁས་དབང་ཉིད་ཀྱིས་ཐུགས་ཁུར་མཛད་པས། དེ་དུས་རབ་གནས་ལྟར་ཞེས་ཟིན་ཐོ་ཀུན་གྱིས་ཡིད་བརྟན་དུ་རུང་ཞིང་ཕུལ་དུ་བརྩི་བ་འདི་ཡིན། དེ་ནས་ལྕགས་སྦྲུལ་ལོ་གསར་ཟླ་བའི་ཚེས་ཉེར་བརྒྱད་སྐོར་ལ་བྱང་ཆུབ་སེམས་དཔའི་རང་ངོས་ནས་གདུལ་བྱའི་དོན་སྒྲུབ་པ་ལ་སྐྱོ་ངལ་མེད་པ་ཆོས་ཉིད་ལགས་ན་ཡང་། གཞན་ངོར་སྣང་ཚུལ་ཉི་མས་སྲིན་བྱ་ལོང་བར་གྱུར་པ་ལྟར་སྣ་ཚོགས་སུ་སྣང་བས། དགོན་སྡེའི་ལས་སྒོ་ལ་བག་ཟོན་དགོས་པའི་བརྡའ་བྱུང་བས། རི་ཁྲོད་ལ་བཞུགས་རྒྱུའི་ཐོག་མའི་རྟེན་འབྲེལ་དེ་འགྲིགས་པའི་སྐབས། རི་


GTN006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དུ་གདན་འཇགས་མ་ཐག །གོ་ཆ་མཆོག་སྤྲུལ་རིན་པོ་ཆེ་ལ། སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་བཅས་ཕུལ། འདི་སྐབས་རྒྱལ་ཚབ་ཡང་སྲིད་ཅུང་ཞིག་བསྙུང་བའི་རིམ་གྲོ་ལ་ཕུར་བསྙེན་དུང་གི་ཡོན་རྫོགས་ཆེན་ལ་རྒྱ་དངུལ་རྡིལ་ཚད་ཕུལ། བསྙུན་གཞི་ཡར་དྭངས་ལ་སོང་། དགོན་པའི་ས་དཔྱད། ཆུ་བྲན་གཞུང་ཆུ་དང་། དེ་ཆུ་ཆེན་དང་མཐོང་ས་ནས་འདྲེས་ཏེ་ཐལ་ལེ་རིང་དུ་སོང་བས་ཆུ་དཔལ་ཤིན་ཏུ་ཞན་པས། དེ་ལ་ཕན་ཕྱིར་དགོན་འོག་ཏུ་བཅོས་མའི་རྫིང་བུ་ཞིག་བསྐྱིལ། དེར་འཁྲུག་བཅོས་དང་ཀླུ་ཆོག་མཛད། དེ་མཚམས་སུ་རྒྱ་རོང་དབོན་སྤྲུལ་དམ་པ་ཞེ་ཆེན་དུ་ཐོག་མར་ཕེབས་པ་ལ་བསུ་བ་སེར་སྦྲེང་དང་འབུལ་བ་རྣམ་བཞག་རྒྱ་ཆེན་ཞུས། མ་ཡུམ་ཡང་ལྔ་ལམ་དུ་གཤེགས་པའི་དགེ་རྩར། སྐུ་ཉིད་དཔོན་སློབ་བཞིས་ཞི་ཁྲོའི་ཁྲུས་ཆོག་ཉིན་བདུན་བར་མཛད། རི་ཁྲོད་མཚམས་པ་རྣམས་ལ་ལྟུང་བཤགས་གསུང་ཡོན་སོགས་ཡུམ་རང་གི་ཞལ་ཆེམས་ལྟར་བྱས། ཚེས་བཅུ་སོགས་སྤྱི་ཁག་རྣམས་ལ་རྟེན་འཇོག་རེ་ཡང་ཕུལ། དེ་རྗེས་ཟླ་བ་བརྒྱད་པའི་གྲལ་ཚེས་བཅུ་བཞིའི་གཟའ་སྐར་དུས་ཚེས་དགེ་བའི་ཉིན། རབ་འབྱམས་མཆོག་སྤྲུལ་ལ་ཉིད་ཀྱིས་མཁན་པོ་དང་། གཞན་དགེ་འདུན་གྲངས་ཚང་བས་དགེ་ཚུལ་དུ་བསྒྲུབས། དེའི་ཕྱིར་ཉིན་ཚེས་བཅོ་ལྔ་ལ། ཡོངས་གཟིགས་རྡོ་རྗེ་འཛིན་པ་ཕུག་ཁང་མཆོག་སྤྲུལ་རིན་པོ་ཆེ་ནས། རབ་འབྱམས་མཆོག་སྤྲུལ་གཙོར་མཛད་གཞན་རྡོ་བླ་འཇིགས་མེད་སྐལ་བཟང་། རྫོགས་ཆེན་དཔོན་སློབ་སྤྲུལ་པའི་སྐུ། ཀཿ ཐོག་ཉིན་དགོན་སྤྲུལ་སྐུ་སོགས་


GTN006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཙོས་པའི་དགེ་འདུན་འདུས་པ་མང་ཞིག་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་གནང་། དེ་སྐབས་སུ་རྗེ་འདི་ཉིད་ཀྱིས། ད་རེས་ཁྱེད་རང་ལུང་ཞབས་འདིར་བཞུགས་ཀྱི་བླ་གྲྭ་ཚང་མ་ལུང་མཐའ་མ་ཞོག་བར་གྲོང་ཆོག་སོགས་བྱོན་བཞུགས་གཏན་ནས་མི་ཉན་བར་ཆད་ཞིག་ཡོད་གསུངས། རྫ་སྟོད་ཀ་ཐང་གྲོང་ནས་མི་ཞིག་ཤི་བར། དཔོན་སློབ་ཚང་ཕེབས་དགོས་བྱུང་བ། དེ་ནས་བསྙུན་གཞི་བཞེས་ཏེ་ཡར་རྫོགས་དགོན་དུ་ཕེབས་ནས་གཞན་དོན་ལ་གཟིགས་སོང་། བཀའ་འགྱུར་ལུང་གྲུབ་པ་དང་། རྗེ་ཉིད་མཁྱེན་རྒྱ་ཆེ་བས་ལུང་རིགས་སྨྲ་བ་རྡོ་བླ་འཇིགས་སྐལ་གྱིས་ཀྱང་དད་གུས་ཆེན་པོས་བཀུར་ཏེ་དབང་ལུང་གདམས་ཁྲིད་མང་ཞིག་གསན་དགོངས་ཀྱིས་ཞུས་པ། ཐུགས་བཞེད་དགྱེས་པར་བསྐངས། རབ་འབྱམས་མཆོག་སྤྲུལ་ལའང་། རྒྱལ་བ་ཀློང་ཆེན་པའི་མཛོད་བདུན། ངལ་གསོ་སྐོར་གསུམ། གསང་སྙིང་རྩ་འགྲེལ། བཀའ་ཐོར་བུ་སོགས་ལུང་གང་ཡོད་དང་རྗེ་ཀརྨ་པ་རང་བྱུང་རྒྱལ་བའི་ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས་འབྱེད་པ། སྙིང་པོ་བསྟན་པ། ཀུ་མ་རཱ་ཛའི་རྣམ་ཐར་རྣམས་ཀྱི་ལྗགས་ལུང་དང་། བཀའ་བརྒྱད་དབང་ཆེན། འཇའ་ཚོན་ཞི་ཁྲོའི་དབང་། སྤྱི་འདུས་དབང་། རཏྣའི་ཀློང་གསལ་དང་ཐུགས་སྒྲུབ་དབང་། མདོ་དབང་ཚང་མ། དེ་རྣམས་ཀྱི་རྒྱབ་རྟེན་ལུང་བཅས་དང་། ཀར་གླིང་ཞི་ཁྲོའི་དབང་ལུང་ཡོངས་རྫོགས། བར་དོ་དྲུག་ཁྲིད། དྲེགས་འཇོམས་དབང་ལུང་། རྟ་མགྲིན་དབང་ལུང་ཚང་མ། ཕུར་པ་སྤུ་གྲིའི་དབང་ལུང་ཚང་མ་དང་། སྡོམ་གསུམ་རྩ་འགྲེལ།


GTN006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཡིག་རྒྱུད་བཞི། ལྷན་ཐབས། རི་ཆོས་ངེས་དོན་རྒྱ་མཚོ། རབ་འབྱམས་གཉིས་པའི་བཀའ་འབུམ་ཡོངས་རྫོགས། པདྨ་བཀའ་ཐང་། ཐང་ཡིག་སྡེ་ལྔ་རྣམས་ཀྱི་ལུང་ཕུལ། ཆུ་རྟ་ལོ་རབ་འབྱམས་མཆོག་སྤྲུལ་ཡིད་ལྷུང་ལྷ་རུའི་ཕྱོགས་སུ་དབྱར་བསོད་ལ་ཕེབས་དུས་གཞན་ལྷ་བླ་རྣམས་ཀྱིས་ཅུང་ཞིག་འཚུབས་ལྟས་མངོན་ཚུལ་གསུངས་པས། རབ་འབྱམས་ཉིད་ཀྱི་གསོལ་དཔོན་རྒན་པོ་ཀུན་བཟང་དབང་ཆེན་གྱིས། བླ་མཆན་མཛད་ནས་ཕེབས་རོགས་ཞུས་ལྟར་རྗེ་ཉིད་ཕེབས། སྒར་པའི་ལས་སྒོ་ལྟོ་རུ་བསྟན་འཛིན་དང་། ཀུན་བཟང་དབང་ཆེན་གཉིས་ཀྱིས་བྱས་པས་ཐུགས་སུན་སྣེ་གཅིག་མ་བྱུང་བ། གདུལ་བྱ་རྙེད་པ་རྒྱ་ཆེན་སྤྱིར་དབུ་ཐོན་ལེགས་ཀྱང་། མ་ཎི་གད་མགོའི་གནས་རྩར་སྒར་བབ་ནུབ། རྗེའི་ཞལ་ནས། སྔར་རབ་འབྱམས་གོང་མའི་སྒར་པ་འདིར་བབ་དུས་གྲྭ་པ་གཉིས་རྩ་འགོས་འདས་ཤོར་བ་ཡིན། དོ་ནུབ་རང་ཚང་ལའང་གཞི་བདག་ཁྱུང་རི་འདིས་འཁྲེན་གཟེར་ཞིག་གཏོང་འོང་བ་འདྲ་གསུངས་པ་དང་། དྲེལ་ཞིག་ལ་ནད་ཕོག་འདུག་པ་སྔགས་བཏབ་པས་བདེ་སོང་ཡང་། རྟ་ཟོག་ཁ་ཤས་ཤིག་གཞི་བདག་ལ་འབུལ་ན་ལེགས་པ་འདྲ་བས་ཁྲོ་ཆུ་ཕར་ཁ་ལ་རྒྱོབ་ཤོག་གསུང་བ། གྲྭ་པ་རྣམས་ཀྱིས་དེ་ཙམ་ཨེ་དགོས་ན་ཟེར། གསུང་བཞིན་མ་བསྒྲུབས་པས། མཚན་མོ་རྟ་གདང་ནང་ནས་རྟ་ཁ་ཤས་ཞིག་རང་བཞིན་གྱིས་མེད་སོང་བས་ཀུན་ཡ་མཚན་སྐྱེས། གཞན་སྐྱོན་ཆེན་མ་བྱུང་བར་རང་གནས་སུ་འབྱོར་པས། ད་རེས་བདེ་བར་འཁོར་བ་འདི་རྗེ་བླ་མ་འདིའི་


GTN006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དྲིན་ཡིན་ཞེས་ཀུན་གྱིས་གླེང་། དེའི་ཟླ་བ་བཅུ་པའི་ཚེས་གཅིག་ལ་རྒྱལ་ཚབ་ཡང་སྲིད་རིན་པོ་ཆེ་ཁྲི་འདོན་ལ། བསུ་བ་སེར་སྦྲེང་། སྟོན་ཆེ་ཆུང་སོགས་སྔར་རབ་འབྱམས་ཁྲི་སྟོན་དང་ཕྱོགས་མཚུངས་ཙམ་དང་། ཁྱད་པར་བསླུ་ཡོན་དང་། ཡབ་ཡུམ་ལ་རྟ་ཆིབས་པ་དང་། གོས་ལག་སྣ་ཚང་རེ་དང་། གཞན་ཉེ་དུ་ཕོ་མོ་ཡོངས་ལ་གནང་སྦྱིན་གང་ལ་གང་དགོས་རེ་འཁང་མི་དགོས་པ་ཡ་རབས་སྐྱེ་བོའི་ལུགས་དང་མཐུན་པར་མཛད། དེ་སྐབས་རྡོ་བ་སྐྱ་ནང་བླ་མ་ཀློང་ཆེན་པ་ལ་དབང་ལུང་ཐུགས་མཁོ་བསྟུན་པ་མང་ཞིག་འབུལ་བ་མཛད། དེ་མཚམས་ཆུ་ལུག་ལོ་དགུང་གྲངས་སོ་བདུན་བཞེས་སྐབས་གཟུགས་ཅན་གཟུགས་མེད་ཚོགས་ཀྱིས། དམ་པའི་མཛད་བཟང་བློ་ལ་མི་ཤོང་བའི་ཕྲག་དོག་གི་འགལ་རྐྱེན་ངན་པའི་རྣམ་འགྱུར་དུ་མ་སྣང་བ་དང་། བླ་དགོན་གྱི་ལས་ཁུར་ཡུན་རིང་མཛད་པའི་སྐབས་མེད་པའི་ལྟས་སྣ་ཚོགས་ཤར་བ་དང་། སྔར་རྩེ་ལེ་རྒོད་ཚངས་པ་སྣ་ཚོགས་རང་གྲོལ་སོགས་དགེ་བའི་བཤེས་གཉེན་མང་པོ་འདུ་འཛིའི་གནས་ལས་རང་བཞིན་གྱིས་འདའ་བའི་རྐྱེན་སྣང་ཐོག་ཏུ་བབ་པ་བཞིན། བྱ་བྲལ་གྱི་ཀུན་སྤྱོད་དང་དུ་ལེན་པའི་གནས་སྐབས་དུ་མ་མངོན་པ་དང་། ཉེ་བར་གནས་པའི་དགེ་སློང་བསླབ་གསུམ་འཆང་བ་འགྱུར་མེད་ཆོས་རྒྱལ་ཡང་ཞལ་མ་རྟག་སོང་བས་འཕྲལ་རྐྱེན་བྱས་ཏེ། རྒྱལ་བའི་སྲས་པོ་ཐོགས་མེད་ཞབས་ཀྱིས། གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་


GTN006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པའི་དོན་ཐུགས་ཉམས་སུ་བསྟར་པའི་དུས་ལ་བབ་པར་དགོངས་ནས། ཉེ་གནས་ཀྱི་དགེ་རྩར་རིས་མེད་ཀྱི་བླ་གྲྭ་སུམ་བརྒྱ་ལྷག་ཙམ་གདན་ཞུས་བྱས་ནས། འཁོར་དྲུག་བརྒྱ་ལྷག་གིས་སྤོང་དག་བཏང་། ཁྱད་པར་མཆོད་སྦྱིན་གཉིས་ལས་སྦྱིན་པ་ལྷག་པར་དགོངས་ནས། ཞག་གསུམ་ལ་གཤིན་སྟོན་ཆེན་མོ་གཞན་རྫ་རྒྱུད་ཕྱོགས་སོགས་ལ་སྲོལ་ཡོད་པ་ལྟར་མཛད་པས། སླད་ནས་ཞེ་དགོན་དུ་སྲོལ་འཇགས་པ་འདི་བཅས་མཛད། མཛོད་དར་རྒྱས་དང་། བསོད་ནམས་བསྟན་འཛིན་དང་། དགེ་བསྟན་འཛིན་བཅས་ཀྱིས་རི་ཁྲོད་དུ་བཞུགས་རྒྱུའི་ཕན་ཆ་བསྒྲུབས་ན་ཡང་། རེ་ཞིག་རྐྱེན་ངན་དགེ་བའི་བསྐུལ་མ་བྱུང་ཐོག་ནམ་སྟོན་དུས་ཀྱི་གཞན་གསོས་བཞིན་རྒྱལ་ཁམས་ཕྱོགས་མེད་དུ་འགྲོ་བའི་དུས་ལ་བབ་པར་དགོངས་ནས། འདས་པོའི་དགེ་རྩར། དཔལ་ཀཿ ཐོག་རྡོ་རྗེ་གདན་དུ་ཟླ་བ་ལྔ་པའི་ཚེས་ཉི་ཤུ་ལ། སྔར་རབ་འབྱམས་གོང་མའི་སྐུ་ཉེར་གྱུར་པ་འགྱུར་མེད་ཟེར་བ་དང་། བསྟན་འཛིན་ཟེར་བ་གཉིས་ཕྱག་ཕྱིར་ཁྲིད་ནས་ཆིབས་སྐྱོད་མཛད། ཀཿ ཐོག་ཏུ་ཕེབས་ནས། ཚོགས་པ་དྲུག་བརྒྱ་ལྷག་ཙམ་ལ་ཕྱག་འགྱེད་དང་། མཆོག་སྤྲུལ་རྣམས་ཀྱི་མདུན་ལ་འབུལ་རྣམ་བཞག་འབྱོར་ཚོད་ཕུལ། དེ་མཚམས་ཚེས་བཅུ་ཆེན་མོ་ཚུགས་པ་དང་འཛོམས་པས། འཚོགས་དབུར་བཞུགས་དགོས་ཞེས་མཆོག་སྤྲུལ་མཆེད་ཀྱིས་བཀའ་ཕེབས་ལྟར་ཚེས་བཅུའི་རྡོ་རྗེ་སློབ་དཔོན་མཛད། དེ་ཟིན་པ་དང་། བྱ་བྲལ་ཀུ་སཱ་ལིའི་


GTN006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་བསྐྱངས་ཏེ། ཐོག་མར་དཔལ་འཁོར་ལོ་སྡོམ་པའི་སྐུའི་གནས་རོང་བཙན་ཁ་བ་དཀར་པོའི་ཕྱི་གནས་ནང་གནས་བཅས་ལ་ཚོགས་འཁོར་དང་། མཆོད་འབུལ། ཞབས་བསྐོར་བཅས་མཛད་དེ། བྲག་ཡབ་ཆབ་མདོ་སོགས་རྒྱ་ཚུགས་བརྒྱུད། ལམ་བར་གྱི་དགོན་གནས། གཏེར་གནས་སོགས། རྟེན་ཡོད་རིགས་ལ་མཆོད་འབུལ། ཚོགས་གཏོང་བ། ཞབས་བསྐོར་བཅས་མཛད་ཀྱིན་ལྷ་ལྡན་དུ་དབུ་ཐོན་ལེགས་ལམ་གྱིས་ཕེབས། དེར་བསྐོར་ཚད། བརྐྱང་ཕྱག །རི་བསྐོར། མཆོད་འབུལ་སོགས་ཞིབ་ཆ་མཛད། དབུས་རི་བར་སྐོར་རྒྱས་པའི་ལུགས་དང་། བྱེ་བྲག་འབྲི་གུང་། གདན་ས་མཐིལ། ཡང་རི་སྒར། རྫོང་སར་སོགས་དང་། སེ་ར། འབྲས་སྤུངས། དགའ་ལྡན། འབྲུག་བདེ་ཆེན་ཆོས་འཁོར་སོགས་ལ་མཇལ་ཕྱག་ཞབས་བསྐོར། མང་ཇ་ཞལ་འདེབས། སྐར་མེ་ཞལ་གསོ། བླ་མ་རྣམས་ལ་འབུལ་མཚོན་རེ་བཅས་མཛད། མཚུར་ཕུར་དགུ་ཆེན་དང་དབུ་ཞྭ་སོགས་མཇལ་ཁ་ཞིབ་ཆ་དང་། ཀརྨ་པའི་མདུན་ལ་དངུལ་སྲང་འཁོར་ཁ་ཤས་ཕུལ། དེ་ནས་རྡོར་བྲག་ཏུ་ཕེབས། ལྷ་རྟེན་བླ་མ་རྣམས་ཞིབ་མཇལ་དང་། འབུལ་བ་མང་ཇ་བཅས་ཞུས། ཆུ་བཟང་མཁན་རིན་པོ་ཆེ་ནས། ཞབས་དྲུང་ལ་ཐོག་མའི་ཆོས་བཀའ་ཕྱེ་བའི་སྐབས་དང་དུས་འགྲིགས་པས། བྱང་གཏེར་ཕུར་པ་ལྷ་ནག་གི་དབང་རྒྱས་པ་སོགས་གསན་བཞེས་དང་། རྗེ་བཙུན་མའི་དྲུང་ནས་ཚེ་དབང་སོགས་མང་ཞིག་གསན། དེ་མཚམས་ནས་བསམ་ཡས་ལ་ཕེབས་ཏེ་ཕྱག་བསྐོར། སྐར་མེ་ཞལ་གསོ། ཚོགས་འཁོར་སོགས་བསགས་སྦྱངས་ནན་ཆེར་མཛད།


previousདབུས་ཕེབས་དང་པོ་སྔ་འགྱུར་མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་སོགས་ལས་དབང་ལུང་གདམས་པ་སོགས།next