ཀ་ཡི་གསོན་དང་མཆོག་དམན་ཀུན་་་་
༧ ཀ་ཡི་གསོན་དང་མཆོག་དམན་ཀུན་གྱི། །ཁ་ཚིག་དྲང་པོའི་གླུ་དབྱངས་འདིར་གསོན། །ག་ལེར་རྙེད་ཚོལ་ལས་ལ་འབྱམས་ན། །ང་རང་འཆི་ཁར་འགྱོད་ལ་དོགས་ནས། །ཅ་ཅོའི་ཁ་ཙམ་མ་ཡིན་སྙིང་ནས། །ཆ་ཙམ་ཕྱི་མའི་དོན་ལ་བརྩོན་འདོད། །ཇ་ཆང་ཤ་ཡི་འཚོ་བར་ཞེན་ན། །ཉ་མོ་ལྕགས་ཀྱུའི་ཟིན་འདྲའི་འཇིགས་སོ། །ཏ་ཐཱ་ག་ཏའི་བསྟན་ལ་ཟུགས་ཀྱང་། །ཐ་མལ་སྒོ་གསུམ་ཅུང་ཟད་འཕང་མིན། །ད་ནི་སྔོན་བྱས་དོན་མེད་རིག་ནས། །ན་རྒ་འཆི་ཚེ་འགྱོད་མེད་བྱེད་ངེས། །ས་སམ་སྔགས་ཀྱིས་བསྒྲུབ་པའི་དུས་འདིར། །ཕ་རྒན་འཇིགས་མེད་གླིང་པ་ལ་གཞན། །བ་ལང་གསེར་གྱི་དྲ་བས་གཡོག་འགའ། །མ་དག་བསམ་སྤྱོད་བསྒྲུབ་ལ་བདག་སྐྱོང་། །ཙ་རི་ཏི་སེ་ལ་སོགས་གནས་ཆེན། །ཚ་གྲང་ཁྱད་གསོག་བསྐོར་ཕྱག་རིམ་ཡང་། །ཛ་ལང་བསམ་སྤྱོད་གདུལ་བར་ནུས་མིན། །ཝ་ལེར་དྲན་པའི་བྱ་རང་འབུངས་ན། །ཞ་རེངས་ལོང་བ་ཡིན་ཀྱང་གྲོལ་ཡོང་། །ཟ་འཐུང་དངས་མའི་སྲེད་པ་སྤངས་ཏེ། །འ་འེའི་དབྱངས་ཀྱིས་བླ་མར་འབོད་བཞིན། །ཡ་མཚན་མ་ཡེངས་དོན་ལ་བལྟ་སྙམས། །ར་བཞིན་གྱོང་བའི་དྲེད་པོའི་ཚོགས་ཀྱིས། །ལ་ཝ་པ་ཡང་ཟོག་པོར་མཐོང་ཡང་། །ཤ་གཟུགས་ཆུད་ཟོས་མ་སོང་ཙམ་གྱིས། །ས་ལ་མངོན་རྟོགས་གབ་ཀྱང་སྐྱོན་མེད། །ཧ་ལའི་བསམ་སྤྱོད་བསླབ་ཀུན་ཨ་ཙོ། །ཨ་དོན་དགེ་བསྒྲུབ་སྡིག་སྤོང་རེམ་མཛོད། །དེ་མཐུས་ཀུན་གྱི་ཐར་ལམ་འཁྲུལ་མེད། །རྙེད་ནས་བདེ་ཆེན་འགྱུར་མེད་མཐོང་ཤོག །ཀ་པ་ལ་སྐྱེས་ཁ་བའི་མདོག་ཏུ་སོང་། །ཁ་ཡི་རུས་ཕྲེང་དབྱར་གྱི་ཆབ་རོམ་བཞིན། །ག་དར་བཞིན་གྱི་མདངས་ཉམས་མདོག་མི་སྡུག །ང་རང་ལྔ་ལམ་མྱུར་འགྲོའི་ལྟས་རྣམས་ཚང་། །ཅ་རེ་བལྟ་བའི་འདྲེན་བྱེད་གཟུགས་དང་རིང་། །ཆ་ལུགས་མཛེས་པར་སྟོན་ཡང་དོན་གྱིས་སྟོང་། །ཇ་ཆང་འདོད་ཡོན་བརྟེན་འདོད་ཆུན་པར་དཀའ། །ཉྭ་བཞིན་རྒུད་པས་ཞོ་ཤའི་ཁུར་མི་བཟོད། །ཏྭ་ཡི་གོ་ས་ཐོབ་ཀྱང་རྟ་བས་ནོན། །ཐ་ཆད་འཁོར་མང་འདུས་ཀྱང་ཆོས་མཐུན་དབེན། །ད་ལྟ་བསམ་པ་མང་ཡང་ཕྱི་མར་གཡེལ། །ན་རྒ་རིམ་གྱིས་སླེབ་ཀྱང་སྐྱོ་ཤས་བྲལ། །པ་སམ་བཟའ་བཏུང་ཉ་མོ་གཟེན་ལ་བཞིན། །ཕ་རོལ་བསྒྲོད་དུས་ལམ་བརྒྱགས་རྟ་བཞིན་འདོགས། །བ་ལང་གསེར་མདོག་བདག་ཀྱང་སྙིང་རེ་རྗེ། །བདག་བསམ་སྤྱོད་ཅུང་ཟད་སྤངས་རེ་རན། །ཚ་རི་དྲ་སོགས་གནས་གཟན་བསྒྲོད་ཐོག་རིང་། །ཚ་ཁོ་རོང་ཡུལ་ལ་སོགས་སྡིག་པས་བཀབ། །ཛ་ཡའི་བྱིན་རླབས་ཆགས་པ་ཡུལ་འདི་ཚིམ། །ཝ་སྤྱང་རི་སུལ་ཉུལ་འདྲ་མ་ཡིན། །ཞྭ་བཞིན་བླ་མའི་གྱི་རྣལ་འབྱོར་དབང་ཕྱུག་ཞེས། །མི་དད་ལྡན་གྱི་བསྟོད་སྔགས་ཆེ་མོད་ཀྱང་། །སྐུའི་ཞབས་དྲུང་དུ་བཅར་ཚེ་གཟུགས་བརྙན་ཙམ། །ཡུལ་མ་ལ་ཡར་སྐྱེས་པའི་ཙནྡ་ཤིང་། །མི་ཤེས་ལྡན་གྱི་མཐོང་ཚེ་རིན་ཆེ་ཡང་། །ཁོང་བླུན་པོ་འགས་དེ་བསྲེག་སོལ་བ་བྱེད། །རྗེ་དུས་གསུམ་ཀུན་མཁྱེན་ཟས་གཙང་སྲས། །ཁོ་ལེགས་སྐར་གྱི་ཡོན་ཏན་མེད་ཞེས་བསྒྲགས། །ཡུལ་གངས་ཅན་གྱི་སྤྱི་དཔལ་མཚོ་སྐྱེས་ལ། །བོད་ངན་པ་ཚོས་ཆོས་ལོག་མཁན་ཞེས་གཤེ། །དཔལ་ཡོན་ཏན་གྱི་མངའ་བདག་བཻ་རོ་ཡང་། །མཐུ་ངན་སྔགས་ཀྱི་བདག་པོ་ཡིན་ཞེས་གཤེ། །ལྷ་མི་ལུས་སུ་སྤྲུལ་པའི་སྲོང་བཙན་སྒམ། །མི་ལས་ངན་གྱི་སྡིག་རྒྱལ་ཞེས་པར་བསྒྲགས། །ཆོས་མདོ་སྔགས་ཀྱི་ཉི་མ་གཙོང་ཁ་པ། །ཁོང་བླུན་པོ་འགས་བདུད་སྤྲུལ་ཡིན་ཞེས་སྒྲོགས། །བདག་སྔོན་གྱིས་མཐུས་བསྒྲུན་རྣལ་འབྱོར་པ། །ཡུལ་འདི་ཀ་ཡི་ཆོས་བརྒྱད་མཁན་དུ་མཐོང་། །ཨཻ་མ་ལ་དུས་ངན་ཆོས་ཉིད་འདི། །མགོན་རྒྱལ་བས་ཀྱང་ནི་བཟློག་དཀའ་ན། །མི་བདག་འདྲའི་བཟློག་ཐབས་ཅི་ལ་རྙེད། །ལར་བྱིས་དང་སྡིག་གྲོགས་ཀུན་ངན་ཡང་། །ཁྱད་པར་དུ་ཕྱོགས་འདིས་སེར་སྐྱ་ཚོས། །ཁ་ཚིག་དང་བསམ་སྤྱོད་མཐོང་བས་སྐྱོ། །ཕར་བསམ་དཀར་གྱི་བསླབ་བྱ་བསླབ་ཙམ་ན། །ཚུར་ཡི་ཆད་ཀྱི་འཁང་ར་མང་དུ་བྱེད། །ཕར་སྙིང་གཏམ་གྱི་གྲོས་འདེབས་མང་བྱས་ན། །ཚུར་ཟུར་ཟ་ཡི་སྐད་ཆའི་ཚེར་མས་འབིགས། །ཆོས་བསྒྲུབ་ཙ་ན་འཇིག་རྟེན་གལ་ཆེ་ཟེར། །ཡང་འཇིག་རྟེན་ཞིག་བསྒྲུབ་ན་ཆོས་དགོས་ཟེར། །མི་ཐམས་ཅད་ལ་མཐུན་ན་ཕྲག་དོག་ཏུ། །སུ་གཅིག་ལ་མ་མཐུན་དགྲ་རུ་བལྟ། །ནོར་ཆས་ཀ་ཞིག་འབྱོར་ན་ཧབ་ཐོབ་བྱེད། །ཅང་མེད་ན་ནི་ཀུན་གྱིས་བརྙེས་ཤིང་བཤུངས། །ཆོས་དགེ་བ་ཞིག་བསྒྲུབ་ན་གཤེ་བསྐུར་འདེབས། །ངན་སྡིག་པའི་ཡི་ལས་ལ་ཡི་རང་བྱེད། །ལས་དགེ་བསྒྲུབ་དུས་དངོས་སོ་ཆུང་དུ་འང་འཕངས། །སྡིག་བསགས་དུས་སུ་ལུས་སྲོག་ལྟོས་ཆེད་གཏོང་། །ཆོས་ཐོས་བསམ་ལ་བཙོན་དུས་སྙིང་རུས་ཆུང་། །ཁྲམ་མི་དགེ་ལ་ཞུགས་ཚེ་བརྩོན་འགྲུས་ཆེ། །ཚུལ་འདི་དག་ལ་དཔྱད་ཚེ་སྙིང་རུས་ལངས། །འདི་གཅིག་ཏུ་རང་སྐྱོན་ཡིན་ལས་ཆེ། །གཉིས་སུ་རྣམ་རིག་གྲུང་བའི་ལན། །གསུམ་ས་སྐྱོན་ཡོན་ཤེས་པས་ལན། །དེ་དོན་གྱི་སྙིང་པོ་མདོར་དྲིལ་ན། །ཁྱོད་ཐག་རིང་མཚོ་སྔོན་པ་ཆ་ནས། །ལུས་སྲོག་ལ་ཕངས་མེད་འདིར་ཕྱིན་པ། །ཨེ་མ་ཧོ་དམ་ཚིག་མངོན་གྱུར་གཟུགས། །འདི་སྔོན་སྨོན་དང་ཕྲལ་མཛའི་འབྲས་བུ་ལགས། །དུས་ད་རུང་ཀྱང་དད་དམ་དཔང་བཞིགས། །ཆོས་དགེ་བསྒྲུབ་དང་སྡིག་སྤང་ཚེ་དང་སྙོམས། །བདག་ས་ཆ་འདིར་མི་འཆིའི་སྨོན་ལམ་འདེབས། །སྔོན་ལས་དབང་གི་ཤི་བར་གྱུར་ན་ཡང་། །སྲིད་ཕྱི་མ་ལ་ཡུལ་འདིར་མི་སྐྱེ་ཞིང་ཁྱེད་དད་དམ་ལ་གནས་པའི་འབྲེལ་ཐོགས་དང་། །དུས་ད་ལྟ་བཞིན་འཕྲད་ནས་ཕན་བདེའི་དཔལ། །ཡིད་རེ་བའི་དོན་མ་ལུས་བསྒྲུབ་ནུས་སྨོན། །ཚིག་འདི་སྐད་ཅེས་སྙིང་རུས་བསམ་སྤྱོད་དང་། །ཁྱད་པར་དུ་རང་གི་ཉེ་རུ་ཡི། །ཁ་ཚིག་དག་སྤྱོད་ངན་ཡིད་སུན་ནས། །སྐྱོ་ཤས་ཀྱིས་ངང་ནས་སྨྲས་པའོ། །ཞེས་པ་འདི་ཡང་རྣལ་འབྱོར་ཀུན་བཟང་གཞན་འཕན་གྱིས། །སོག་པོ་ཅེ་པང་ཙ་འགི་ལ་གདམས་པའོ།།