བྱིན་དབང་དངོས་གྲུབ་ཆར་འབེབས
བྱིན་དབང་དངོས་གྲུབ་ཆར་འབེབས་བཞུགས་སོ། །གཅོད་ཀྱི་བྱིན་འབེབ་ནི། ཚིལ་ཆེན་གྱི་སྤོས་དང་། རོལ་མོ་སྒྲོགས། ཐོད་རྔ་བརྡུང་། རྐང་གླིང་འབུད། དབྱངས་རིང་པོ་འཐོན་ལ་འདི་སྐད་དོ། །ༀ་ཨཱཿཧཱུྃ༔ བཾ་གུ་རུ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛ། ཛཿཧཱུྃ་བཾ་ཧོཿ ཧཱུྃ། ཡུལ་གྱི་མིང་ནི་ཆོས་ཀྱི་དབྱིངས། །ཆོས་སྐུ་ཀུན་བཟང་ཡུམ་ཆེན་ལ། །སྐྱེ་མེད་དབྱིངས་ཀྱི་མཁའ་འགྲོས་བསྐོར། །གནས་མཆོག་འདི་རུ་གཤེགས་སུ་གསོལ། །བསྒྲུབ་ཁང་འདི་རུ་བྱིན་ཕོབ་ཅིག །མཎྜལ་འདི་ལ་བརྟེན་ཆོས་ལ། །དཀྱིལ་འཁོར་འདི་ལ་བཀྲག་ཅིག་སྟོན། །སྒྲུབ་རྫས་འདི་རྣམས་བྱིན་གྱིས་རློབས། །མར་མེ་འདི་ལ་མདངས་ཅིག་སྩོལ། །ཞལ་ཟས་འདི་ལ་བཅུད་ཅིག་ཕོབ། །ཚོགས་འཁོར་འདི་ལ་བྱིན་གྱིས་རློབས། །སྒྲུབ་པ་པོ་ལ་དབང་བཞི་བསྐུར། །ཧཱུྃ། ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལ། །ལོངས་སྐུ་རྡོ་རྗེ་ཕག་མོ་ལ། །འགགས་མེད་མཁའ་འགྲོ་འབུམ་གྱི་བསྐོར། །གནས་མཆོག༴ འགྲེས། ཧཱུྃ། ཡུལ་གྱི་མིང་གི་མཁའ་སྤྱོད་གནས། །སྤྲུལ་སྐུ་མ་ཅིག་ལབ་སྒྲོན་མ། །མཁའ་འགྲོ་བྱེ་བ་འབུམ་གྱི་བསྐོར། །གནས་མཆོག་སོགས། ཧཱུྃ། སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས། །ཕ་གཅིག་དམ་པ་རྒྱ་གར་ལ། །གྲུབ་ཐོབ་གཅོད་རྒྱུད་རྣམས་ཀྱིས་བསྐོར། །གནས་མཆོག་སོགས། ཧཱུྃ། བདེ་བ་ཅན་གྱི་ཕོ་བྲང་ནས། །རྗེ་བཙུན་རིགས་ཀྱི་མཁའ་འགྲོས་བསྐོར། །གནས་མཆོག་སོགས། ཧཱུྃ། དུར་ཁྲོད་ཆེན་པོའི་ཕོ་བྲང་ནས། །མ་ཅིག་ཁྲོས་མ་ནག་མོ་ལ། །དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོས་བསྐོར། །གནས་མཆོག་སོགས། ཧཱུྃ། ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས། །དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ། །སངས་རྒྱས་མཁའ་འགྲོ་འབུམ༴ གནས་མཆོག་སོགས། ཧཱུྃ། མེ་ལོང་ཡེ་ཤེས་ཕོ་བྲང་ནས། །ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་མཆོག་སོགས། ཧཱུྃ། མཉམ་ཉིད་ཡེ་ཤེས་ཕོ་བྲང་ནས། །ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ། །རིན་ཆེན་མཁའ་འགྲོ་འབུམ་གྱིས༴ གནས་མཆོག་སོགས། ཧཱུྃ། སོར་རྟོག་ཡེ་ཤེས་ཕོ་བྲང་ནས། །ནུབ་ཕྱོགས་པདྨ་མཁའ་འགྲོ་མ། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་མཆོག་སོགས། ཧཱུྃ། བྱ་གྲུབ་ཡེ་ཤེས་ཕོ་བྲང་ནས། །བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་མཆོག་སོགས། ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །བཞུགས་པའི་སྣ་ཚོགས་མཁའ་འགྲོ་མ། །སྣ་ཚོགས་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་མཆོག་འདི༴ སྒྲུབ་ཁང་སོགས། ཧཱུྃ། ཕྱི་རོལ་ཤ་ཟ་མཁའ་འགྲོ་དང་། །ཞིང་སྐྱོང་ལས་བྱེད་ཤུགས་འགྲོ་མ། །དམ་ཅན་མ་སྲིང་རྒྱ་མཚོས་བསྐོར། །གནས་མཆོག་སོགས་ནས། དབང་བཞི་བསྐུར༴ བྱིན་རླབས་ན་བུམ་ཐིབས་སེ་ཐེབ། །དངོས་གྲུབ་ཆར་འབེབས་སི་ལི་ལི། །དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ། །དབུ་རྒྱན་དར་དཔྱང་པུ་རུ་རུ། །སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག །མཁའ་འགྲོའི་བརྡ་སྐད་ཏི་རི་རི། །བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ། །སྒྲུབ་པ་པོ་ལ་དབང་བཞི་བསྐུར། །ༀ་ཨཱཿཧཱུྃ་བཾ་གུ་རུ་ཧ་རི་ནི་ས་སརྦ་ཌཱཀྐི་ནི་ཀ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨཱ། ཧཱུྃཿ དུར་ཁྲོད་གནས་མཆོག་ཉམས་རེ་དགའ། །ཚོགས་བརྒྱད་གནས་སུ་དག་པའི་བརྡ། །ཉི་ཟླ་བརྩེགས་པ་འོད་རེ་གསལ། །འགགས་མེད་སྣ་ཚོགས་ཤར་བའི་བརྡ། །རྟོག་མེད་རོ་གདན་བག་རེ་བྲོ། །སྣང་སྲིད་མཉམ་ཉིད་ཡུམ་གྱི་ཐུགས། །བླ་མ་ཡི་དམ་མཁའ་འགྲོ་ལ། །བདག་གིས་དད་པས་འབུལ་བ་ནི། །ཞིང་གི་བླ་རེ་རྒྱངས་སེ་རྒྱང་། །མ་དང་མཁའ་འགྲོ་རྣམས་ལ་འབུལ། །རོ་རས་ཡོལ་བ་ལྷུབས་སེ་ལྷུབ། །མ་དང་མཁའ་འགྲོ་རྣམས་ལ་འབུལ། །མུན་སེལ་ཉི་ཟླ་འོད་རེ་གསལ། །མ་དང་མཁའ༴ ཤ་ཆེན་ཐང་མ་ཀད་དེ་ཀད། །མ་དང་མཁའ༴ ཚོགས་དྲུག་མེ་ཏོག་རུགས་སེ་རུག །མ་དང་མཁའ་འགྲོ༴ གསུར་ཆེན་དུད་པ་ཕྱུ་རུ་རུ། །མ་དང་མཁའ་འགྲོ་རྣམས་ལ་འབུལ། །རཀྟའི་ཁྲག་མཚོ་མེ་རེ་རེ། །མ་དང་༴ འདོད་ཡོན་གཏོར་མ་སྤུངས་སེ་སྤུང་། །མ་དང་མཁའ་འགྲོ་རྣམས་ལ་འབུལ། །སྨན་ཆེན་བདུད་རྩི་ཆི་ལི་ལི། །མ་དང་༴ རྐང་ཆེན་གླིང་བུ་ཀྱུ་རུ་རུ། །མ་དང་༴ ཐོད་པའི་རྔ་ཆེན་ཁྲབས་སེ་ཁྲབ། །མ་དང་༴ སྦ་གླིང་སྙུག་གླིང་ཀྱུ་རུ་རུ། །མ་དང་༴ མཁའ་འགྲོ་གར་དང་བརྡ་སྐད་སྒྲོགས། །མ་དང་༴ དཔའ་བོའི་བྲོ་བརྡུང་ཧཱུྃ་སྒྲ་སྒྲོགས། །མ་དང་༴ ནམ་མཁའ་མུ་མེད་གཏོར་གཞོང་དུ། །འབྱུང་བཞི་འགགས་མེད་རྩི་འབྲས་ལ། །འཛིན་མེད་མཆོད་པ་བསམ་མི་ཁྱབ། །མུ་མེད་མཐའ་ཡས་བརྗོད་དུ་མེད། །ནམ་མཁའི་མཐའ་མཉམ་མཆོད་པ་འདི། །མ་དང་མཁའ་འགྲོ་རྣམས་ལ་འབུལ། །བླ་མ་ཡི་དམ་མཁའ་འགྲོ་ལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཚེ་བསྲིང་དཔལ་བསྐྱེད་བསམ་པ་བསྒྲུབ། །ལྷ་འདྲེ་མི་གསུམ་དབང་བསྡུས་ལ། །ཟས་ནོར་དངོས་གྲུབ་ཆར་ལྟར་ཕོབ། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅི་བསམ་དོན་རྣམས་འགྲུབ་པར་ཤོག །ཅེས་མཁའ་འགྲོ་རྣམས་ཀྱིས་བྱིན་བརླབས་སྤྲིན་དཔུང་གཏིབ་པ་ལྟར་བསམ་ཞིང་། སྒྲུབ་ཁང་ལྷའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་བོ། །ཟབ་མོ་གཅོད་ཀྱི་ལས་བྱང་ལས་གཅོད་ཀྱི་བྱིན་འབེབ་རྫོགས་སོ།། །།