Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
 
  
 
  
 
11   
  
  
  
རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་བསྙེན་པའི་མན་ངག་གསལ་བ།
  
  
  


22 occurrences of གཡོན་རུ་
[Clear Hits]

 
previousརྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་བསྙེན་པའི་མན་ངག་གསལ་བ།next

རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་བསྙེན་པའི་མན་ངག་གསལ་བ།

རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་བསྙེན་པའི་མན་ངག་གསལ་བ་བཞུགས་སོ། །ན་མོ་བཛྭ་པ་ཎི་ཡེ། རྡོ་རྗེ་གཏུམ་པོ་རིགས་འདུས་དཀྱིལ་འཁོར་གྱི་བསྙེན་དམིགས་དངོས་ནི། རང་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་པད་སྟེང་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བར། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། རིག་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་འབར་བའི་མཐའ་མར་གཙོ་བོའི་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་གྱིས་བསྐོར་བ་ལ། སྔགས་ཕྲེང་སྦྲུལ་མགོ་ལངས་པ་ལྟ་བུ་ལས་གཡས་བསྐོར་དུ་བྱུང་བ་ཨ་ཝ་དྷཱུ་ཏིའི་ནང་ན་མར་སོང་། རྡོ་རྗེ་ནོར་བུ་ནས་ཡུམ་གྱི་པདྨ་བརྒྱུད་དེ། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཤིང་སྙིང་གའི་ཧཱུྃ་ཡིག་ལ་བསྐོར་བ། སླར་ཡང་དབུ་མའི་ལམ་ནས་སོང་བར་དམིགས་པ་སོགས་གོང་བཞིན་ཏེ། དོ་ལའི་བཟླས་པ་ཞེས་སམ། འཁྱོགས་ཀྱི་བཟླས་པ་དེ་ལྟ་བུ་ལ་ཡེངས་མེད་དུ་དྲིལ། སྐབས་སུ་དམ་ཚིག་གི་བཟླས་པ་ཞེས་སཾ། དོན་གཉིས་ཀྱི་དམིགས་པ་བྱ་བ་ནི། དེ་ལྟ་བུའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་རབ་འབྱམས་སུ་ཕོག རྒྱལ་སྲས་ཞི་ཁྲོ་རྣམས་ལ་མཆོད་པ་ཕྱི་ནང་གསང་བ་ཡོངས་རྫོགས་ཕུལ་བ་མཉེས་པར་བྱས་དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱུང་བ་རང་ལ་ཐིམ་པས་བྱིན་རླབས་སྨིན་ཅིང་དངོས་གྲུབ་ཐོབ་པར་བསམ་པ་རང་དོན་དང་། ཡང་འོད་ཟེར་འགྲོ་དྲུག་གི་གནས་རྣམས་སུ་ཕོག་དེ་རྣམས་ཀྱི་སྡིག་སྒྲིབ་བྱང་གསང་བའི་བདག་པོའི་གོ་འཕང་ལ་བཀོད་པར་བསམ་པ་ནི་གཞན་དོན་ནོ། །དེ་ལྟར་གྱི་དམིགས་པ་ཐུན་གྱི་དངོས་གཞི་དང་རྗེས་སུ་སངས་རྒྱས་སེམས་ཅན་བཟང་ངན་དུ་དབྱེ་བའི་སྣོད་ཐམས་ཅད་གཞལ་ཡས་ཁང་། བཅུད་ལུས་རྡོ་རྗེ་གཏུམ་པོར་ཡེ་ནས་གནས་པར་ཡིན་ལུགས་ཤེས་པའི་ངེས་ཤེས་དང་། དེ་རྣམས་ཀྱང་ཕྱི་རོལ་ཏུ་མ་ཆད་པའི་རང་སེམས་དང་རོ་མཉམ། ༈ སྣང་སྲིད་ལྷའི་དཀྱིལ་འཁོར་དང་། ལྷ་རང་དུ་ཤེས་པ། གཉིས་མེད་བདེ་བ་ཆེན་པོ་རང་རིག་པའི་གཤིས་ཐོག་ཏུ་འཇོག་པ་ནི་བསྐྱེད་རྫོགས་ཀྱི་མཐར་ཐུག་པའོ། །འཁོར་གྱི་བསྙེན་དམིགས་ནི། ལྷ་ཞི་དྲག་སོ་སོའི་ཐུགས་ཀར་ཟླ་བ་དང་། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཧཱུྃ་ཧཱུྃ་ཀྵ་སོགས་སོ་སོའི་ས་བོན་གྱི་ཡི་གེས་མཚོན་པའི་མཐར་ལྷ་རང་སྔགས་ཀྱིས་བསྐོར་བ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས། འཁོར་རྣམས་ཀྱི་ཐུགས་ཀར་ཕོག་པས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་མོས་ནས། ཁམས་གསུམ་རྣམ་རྒྱལ་ལ་སོགས་རིམ་བཞིན་དུ་བཟླའོ། །བསྙེན་པའི་གྲངས་ནི་བཟང་པོ་མདོར་བསྡུས་ལས། གཙོ་བོ་འབུམ་དང་འཁོར་ལ་ཁྲི། །རབ་འབྲིང་མཚན་མ་མཐོང་བར་བྱ། །ཞེས་གསུང་བཞིན་དང་། དཀྱིལ་ཆོག་གཞན་དུ། གྲངས་གཙོ་བོ་ལ་རབ་འབུམ་ཚོ་སུམ་ཅུ་སོ་དྲུག འབྲིང་ཉི་ཤུ་རྩ་གཉིས། ཐ་མ་བཅུ་ཞེས་གསུངས་ཀྱང་། འདིར་གཙོ་བོའི་སྐུ་གསུང་ཐུགས་ཀྱི་སྔགས་སུམ་སྦྲེལ་ལ་གཞུང་འབུམ་དུ་གསུངས་ཀྱང་། རྩོད་དུས་བཞི་འགྱུར་དབང་དུ་བྱ་བའམ། འགྲུབ་ན་འབུམ་ཕྲག་བཅུ་དྲུག་གོ །འཁོར་ལ་ཁྲི་བཞིའམ། དེ་ལྷག་གང་འགྲུབ་དང་། མཚན་ཉེར་གཅིག་པའི་དེ་བཞིན་བརྒྱུད་ལས་ཤིན་ཏུ་བསྔགས་པའི་ཕན་ཡོན་ཆེ་བར་གསུངས་བཞིན་ལས་ཁྲི་བཞིར་བཟླ་བ་ཡིན་ནོ། །དེ་ལྟ་བུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་ཆེན་ཡོངས་སུ་རྫོགས་པའོ།། ཅེས་པའང་ཆོས་སྤྱན་ལྡན་པའི་བླ་མ་དཀོན་མཆོག་དཔལ་བཟང་གིས་བཞེད་དོན་དུ། ༈ སྙོམ་ལས་པ་ཀུན་དགའ་བསྟན་འཛིན་གྱིས་བསྙེན་དམིགས་རང་རྐྱང་མདོ་ཙམ་འཕྲལ་དུ་ཟིན་ཐོར་བཏབ་པ་དགེ་བར་གྱུར་ཅིག །མངྒ་ལཾ།། །།


previousརྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་བསྙེན་པའི་མན་ངག་གསལ་བ།next