Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 expand section
 expand section
 collapse section
ཞལ་གདམས་མན་ངག་གི་སྐོར།
  
  
  
  
  
  
  
 expand section
 expand section
 expand section
 expand section
  
  
  
 expand section
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཞལ་གདམས་མན་ངག་གི་སྐོར།next

ཞལ་གདམས་མན་ངག་གི་སྐོར།

ངག་རླུང་བྱིན་གྱིས་རླབས་ཚུལ།

ན་མོ་གུ་རུ་བྷྱཿ དེ་ལ་ནངས་པར་གཉིད་སད་མ་ཐག་ཏུ་གུ་རུ་རིན་པོ་ཆེ་འཁོར་དཔའ་བོ་དང་མཁའ་འགྲོའི་ཚོགས་དང་བཅས་པའི་ཕྱག་གིས་ཌ་དྲིལ་དང་གསུང་དབྱངས་སྔགས་ཀྱི་སྒྲས་གཉིད་ལས་སད་པར་བསམ། ཀྱེ་མ་ཀྱེ་ཧུད་སོགས། དེ་ནས་སེམས་ལྷོད་ཀྱིས་བཞག་ནས་རླུང་རོ་བསལ། སྤྱིར་ཀློང་ཆེན་སྙིང་ཐིག་གི་སྐབས་སོགས་སུ་རྩ་དབུ་མ་མཐིང་ག་དང་། གཡས་རོ་མ་དཀར་པོ། གཡོན་རྐྱང་མ་དམར་མོ་ཡིན་པར་ཤེས་དགོས། དེ་ལ་སྲིན་རྩ་མཐེ་བོང་གིས་མནན་ནས་འཛུབ་མོ་འོག་མ་གསུམ་བསྐུམས། ལག་གཡོན་པའི་གོང་མོས་སྣ་བུག་གཡོན་མནན་ནས། གཡས་ནས་རླུང་ཕྱི་ལ་ལན་གསུམ་འབུད། དེས་ཚེ་རབས་ཐོག་མེད་ནས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་བག་ཆགས་ཐམས་ཅད་དང༌། ཕོ་གདོན་རྒྱལ་འགོང་གི་གནོད་པ་ཐམས་ཅད་ཕྱིར་སངས་ཀྱིས་སོང་བར་བསམ། དེ་བཞིན་གཡོན་ནས་ལན་གསུམ་འབུད་པ་སོགས་གོང་བཞིན་བྱ། ཉོན་མོངས་པ་འདོད་ཆགས་སོགས་ནས་མོ་གདོན་འདྲེ་མོའི་གནོད་པ་ཐམས་ཅད་ཕྱིར་སོང་བར་བསམ། དེ་ནས་ལག་གཉིས་པུས་མོར་བཀབ་སྟེ་དྲང་པོར་བཞུགས། སྣ་བུག་གཉིས་ནས་རླུང་ལན་གསུམ་འབུད་ཉོན་མོངས་པ་གཏི་མུག་དང༌། ཀླུ་གདོན་ས་བདག་གི་གནོད་པ་ཐམས་ཅད་ཕྱིར་སོང་བར་བསམ། དམིགས་སྐོར་འགའ་ཞིག་ན་རཾ་ལས་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམ་པ་ལྟ་བུ་ཡོད་ཀྱང༌། ཕྱི་རོལ་སངས་ཀྱིས་སོང་བར་བསམ་ན་ཆོག

རླུང་བྱིན་རླབས་ནི། རླུང་ཚུར་ནང་དུ་འཇུག་པའི་དུས་ཨོཾ་དཀར་པོའི་རྣམ་པར་བསམ་ནས་རྔུབས། ནང་དུ་གནས་པའི་དུས་ཨཱཿདམར་པོའི་རྣམ་པ་དང༌། ཕྱིར་འབྱིན་དུས་ཧཱུྃ་སྔོན་པོའི་རྣམ་པར་བསམ་ལ་རླུང་རང་བབས་བཞག་པས་ཆོག རླུང་ཁུག་འཛིན་པ་དང༌། ངག་གི་བརྗོད་པ་སོགས་གང་ཡང་མི་དགོས། རླུང་འབྱིན་འཇུག་གནས་གསུམ་པོ་གཅིག་ཏུ་བགྲང་ནས་ཉེར་གཅིག་གམ་བདུན་ཙམ་ཞིག་བྱ།

དེ་ནས་ངག་བྱིན་རླབས་ནི། ལྕེ་དབང་རཾ་ཡིག་སོགས་ཏེ། ཐོག་མར་རཾ་ལས་བྱུང་བའི་མེས་རྣམ་སྨིན་གདོས་བཅས་བག་ཆགས་ཀྱི་རྣམ་པ་དེ་སྦྱངས་པར་བསམ་ཞིང་། ལྕེ་གསུང་རྡོ་རྗེའི་ངོ་བོ་ཅན་དུ་རྡོ་རྗེ་དམར་པོ་རྩེ་གསུམ་པ་ཅན་དུ་གསལ། བླ་མ་རྣམས་ཀྱི་གསུང་རྒྱུན་ནི། ལྕེ་ཐོག་ལ་ཨ་ཡིག་དཀར་པོ་གསལ་བའམ། མི་ཕམ་གསུང་ལྟར་ན་ལྕེ་ཐོག་ཏུ་ཨོཾ་ཨཱཿ ཧཱུྃ་བརྩེགས་མར་གསལ། དེ་གཉིས་གང་མོས་མཐར། སྤྱིར་ཨཱ་ལི་ཤེས་རབ་ཀྱི་རང་བཞིན་དང་། ཀཱ་ལི་ཐབས་ཀྱི་རང་བཞིན་གཙོ་ཆེར་གསུངས་མོད། འདི་སྐབས་སུ་རང་གི་ལྕེ་ཐོག་ཏུ་ཨ་ཡིག་དཀར་པོ་གསལ་བ་དེ་ལ་གཡས་བསྐོར་དུ་ཨ་ཨཱ་ཨི་སོགས་དཀར་པོའི་རྣམ་པ་གཡས་སུ་གསལ་བར་བསྒོམ་ཞིང༌། ཨཱ་ལི་དཀར་པོ་དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། སླར་འདུས་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་རང་ལ་བསྟིམ། དེ་ནས་སྔར་གྱི་ཨ་ཡིག་དེ་དམར་པོར་གསལ། ཀ་ཁ་ག་གྷ་སོགས་གསལ་བྱེད་རྣམས་དམར་པོའི་རྣམ་པ་གཡོན་བསྐོར་དུ་གསལ། དེ་ལས་འོད་འཕྲོས་སོགས་སྔར་ལྟར་མཐར་མི་དམིགས་པར་བཞག ཡང་ཨ་སྔོན་པོའམ་སེར་པོ་གསལ། འདི་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཡེ་དྷརྨ་སྔོན་པོ་གསུངས། འདིར་༼ཨ་འཛོམས་རྒྱལ་སྲས༽ཞལ་རྒྱུན་ལྟར་ན་ཡེ་དྷརྨ་སེར་པོ་གསུངས། དེས་ན་སེར་སྔོན་གང་རུང་གཡས་བསྐོར་དུ་གསལ། དེ་ལས་འོད་འཕྲོས་སོགས་གོང་བཞིན་བྱ། དེ་རྣམས་ལྷན་ཅིག་ཏུ་གསལ་ན་ཐོག་མར་ལྕེ་ཐོག་ཏུ་ཨོཾ་ཨཱཿཧཱུྃ་བརྩེགས་མར་གསལ་བའམ། ཡང་ན་ཨ་ཡིག་དཀར་པོ་ལ་ཨཱ་ལི་དཀར་པོ་གཡས་བསྐོར། ཀཱ་ལི་དམར་པོ་གཡོན་བསྐོར། རྟེན་སྙིང་སེར་པོ་གཡས་བསྐོར། དེ་རྣམས་ཕྱི་རིམ་ནང་རིམ་དུ་འཁོད་པར་བསམ། དེ་ལས་འོད་འཕྲོས་སོགས་སྔར་ལྟར་རོ། །ཞེས་ཀུན་གཟིགས་མཁན་ཆེན་བླ་མའི་སྔོན་འགྲོའི་འཆད་ཁྲིད་ལས་གསུང་ཟིན་བཀོལ་བ་ལགས།

ངེས་འབྱུང་བསྐུལ་བའི་གཏམ་ཐར་ལམ་གསལ་བའི་སྣང་བྱེད།

༄༅། །ངེས་འབྱུང་བསྐུལ་བའི་གཏམ་ཐར་ལམ་གསལ་བའི་སྣང་བྱེད་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། བྱམས་དང་སྙིང་རྗེའི་ཐུགས་བསྐྱེད་གྲུ་གཟིངས་ཀྱིས། །འགྲོ་ཁམས་སྲིད་པའི་འཇིགས་ལས་སྒྲོལ་བ་ལ། །གཅིག་ཏུ་དཔའ་བའི་རྣམ་འདྲེན་བཞི་པ་དང༌། །དབྱེར་མེད་རྩ་བརྒྱུད་བླ་མར་གུས་པས་འདུད། །བདག་ནི་སྔོན་བསགས་བཙན་པོའི་ལས་ཤུགས་ཀྱིས། །མཐའ་མེད་སྲིད་པའི་མཚོ་ལ་འཁྱམས་འཁྱམས་ནས། །ད་རུང་འདི་སྣང་སྲིད་པའི་བསླུ་བྲིད་ལ། །ཞེན་ཆགས་མཚོ་ཆེན་ཁོང་ནས་རྡོལ་བཞིན་དུ། །བདག་འཛིན་རྨོངས་པའི་སྨག་རུམ་སྟུག་པོ་ཡིས། །བར་མེད་ཀུན་ནས་མནར་བཞིན་དུག་ལྔ་ཡི། །ཁོལ་བོར་དལ་མེད་རྒྱུ་བས་གདུང་བ་ལ། །ཀྱེ་ཧུད་སྲས་བཅས་རྒྱལ་བས་ཐུགས་རྗེས་གཟིགས། །ཕྱི་ཚུལ་ཆོས་པར་འཆོས་ཀྱང་ནང་མ་ཐུལ། །སྡོམ་གསུམ་རྒྱུད་ལ་བླངས་ཀྱང་བསྲུང་མཚམས་ལྷོད། །ཆོས་ལ་ཉན་བཤད་བགྱིས་ཀྱང་ཆོས་བརྒྱད་ཆེ། །འདི་འདྲའི་ཚུལ་གྱིས་གཏན་འདུན་ཇི་ལྟར་འགྲུབ། །སྐད་ཅིག་མི་སྡོད་གཡོ་བའི་རང་སེམས་འདི། །གཅིག་རྗེས་གཉིས་མཐུད་སྣ་ཚོགས་ཀུན་རྟོག་ཚུལ། །སྤོས་རྒྱའི་རི་མོ་བཞིན་དུ་བཀྲམ་པ་ཡིས། །མཐའ་མེད་སྲིད་པའི་གཟེབ་ཏུ་འཆིང་ལ་ལྟོས། །ལྟར་སྣང་བསྟན་དོན་སྒྲུབ་མདོག་རང་དོན་ཤོར། །གཞན་རྒྱུད་འདུལ་རློམ་རང་རྒྱུད་རྭ་བཞིན་གྱོང༌། །མཐོང་རྩིས་འགའ་ཡིས་བྱས་ལ་ཡིན་རློམ་སྐྱེས། །དོན་ལ་རང་ཚུལ་རི་མོའི་སྣང་བྱེད་མཚུངས། །ཐུན་མོང་ཤེས་བྱའི་གནས་ལ་ཅུང་ཟད་སྦྱངས། །ཐུན་མིན་སྡེ་སྣོད་ཕྱོགས་ཀྱང་ཐོས་མོད་ཀྱང༌། །འདུན་མའི་རྩ་བ་ཚེ་འདིའི་ཕྱོགས་སུ་ཤོར། །དམ་པའི་ཆོས་ཀྱང་སྲིད་པའི་སྣོན་མར་བྱས། །གོང་ལ་ངོ་འཛིན་བྱེད་པའི་བྱ་བ་དང༌། །ཐད་ཀའི་གྲྭ་སྡེ་ཡུལ་མིའི་ངོ་སྲུང་དང༌། །དམའ་བའི་གནས་རྣམས་ཨེ་མགུའི་རེ་དོགས་ཀྱིས། །བྱ་བས་བྲེལ་བ་འདི་ཀོ་ངལ་བའི་རྒྱུ། །ད་ནི་སྙིགས་མའི་རང་གཤིས་དར་དྲགས་པས། །གཡོ་སྒྱུའི་བསམ་པ་རང་འདོད་ཞགས་པ་ཡིས། །གཞན་སེམས་བསླུ་བའི་གཏམ་དང་སྤྱོད་ཚུལ་འདིས། །ཅོལ་ཆུང་སྣང་བ་འབྲིད་པའི་ཚུལ་ལ་ལྟོས། །ངོས་ནས་དགའ་བའི་ཚིག་གིས་བསུ་བཞིན་དུ། །གུས་པའི་རྣམ་འགྱུར་དུད་པའི་སྙེ་མར་མཚུངས། །ལྐོག་ནས་ཕལ་ཆེར་རེངས་པའི་རྭ་བཞིན་དུ། །བསྙད་འདོགས་ཡ་ཀིའི་རུ་རྩེ་ཀུན་ནས་གཟེངས། །སྔོན་དུས་ཕུན་ཚོགས་དཔལ་དང་འབྱོར་བ་ཡིས། །མངོན་འཕགས་སྐྱེ་དགུའི་བཀུར་འོས་མཆོག་རྣམས་ཀྱང༌། །མ་རུང་དུས་ཀྱི་དུཿཁས་གཙེས་པ་ཡིས། །མི་བརྟན་འདུས་བྱས་རང་མཚང་ངོམ་འདིར་སོམས། །སྲ་བརྟན་ཆེ་བརྗིད་མཛེས་པའི་ཕོ་བྲང་དང༌། །རྣམ་མང་ནོར་དབྱིག་མཛོད་ལ་དབང་བསྒྱུར་ཅིང༌། །ཆེར་རློམ་དྲེགས་པའི་རུ་མཚོན་ཕྱར་བ་རྣམས། །མིང་གི་ལྷག་མར་གྱུར་པས་ཡིད་བརྟན་མེད། །སྣོད་ཀྱི་དཔལ་ཉམས་འབྱུང་བ་ཆ་མི་སྙོམས། །བཅུད་ཀྱི་འགྲོ་བས་སྡིག་ལས་ཧབ་ཐོབ་བྱེད། །གཤིས་ངན་རང་སེམས་འདི་སྣང་ཞེན་པས་བཅིང༌། །ཚུལ་འདིར་བསམ་ན་བློ་སེམས་སྐྱོ་བའི་གནས། །ཕྱི་སྣོད་འབྱུང་བའི་དངོས་པོ་མི་བརྟན་འགྱུར། །དུས་བཞིའི་ཡོ་ལང་རིམ་བཞིན་འཕོ་བས་འགྱུར། །བཅུད་ཀྱི་འགྲོ་བ་སྐྱེ་འཆི་རྒ་བས་འཇིག །སྣང་བའི་དངོས་ལ་ཡིད་བརྟན་གནས་འགའ་མེད། །སྔར་དུས་ཕུན་ཚོགས་དངོས་པོའི་དཔལ་ཀུན་ཉམས། །དཔང་གྱུར་དམ་པའི་སྐྱེ་བོ་ཕལ་ཆེར་ཟད། །སྙིགས་མའི་རང་རྟགས་བདོ་བས་ཆོས་སྲིད་འཇིག །ད་ནི་སྙིགས་མ་ལས་ཀྱང་ཡང་སྙིགས་དུས། །དལ་བའི་རྟེན་བཟང་མི་ཡི་ལུས་མཆོག་འདི། །ཕྱི་ནས་འབྱུང་བ་རྒུད་པས་ཀུན་ནས་མནར། །ནང་དུ་ལས་ཉོན་ཁུར་ཆེན་བརྩེགས་པས་མནར། །ཚེ་མཐའ་གཏུགས་པས་གཤིན་རྗེའི་གྲོང་སྒོར་སླེབ། །སྲིད་པ་འདི་ན་རྣམ་གསུམ་དུཿཁ་ཡིས། །ཀུན་ནས་མནར་བས་བདེ་བའི་གོ་སྐབས་མེད། །ད་དུང་གཏིང་ཟབ་སྡུག་བསྔལ་རྒྱ་མཚོའི་ནང༌། །མཐའ་མེད་འཁྱམས་ན་ཐར་བའི་དུས་སྐབས་ཅི། །ལུགས་གཉིས་བྱ་བ་རབ་བཀྲ་དབང་པོའི་གཞུ། །ལག་ཏུ་བླངས་ནས་ལོངས་སུ་སྤྱོད་སྙམ་ཡང༌། །ཟིན་པའི་དུས་སྐབས་མེད་པའི་ཚུལ་བསམ་ནས། །རང་གར་བག་ཕེབས་སྡོད་ལ་འདུན་པ་དྲིལ། །ངེས་འབྱུང་བསམ་པ་ཐར་ལམ་འཇུག་པའི་སྒོ། །སྲིད་པའི་སྐྱོན་མཚང་གཏིང་ནས་མཐོང་བ་ཡིས། །མེ་ཡི་རླུབས་དང་དུག་ཅན་ཟས་བཞིན་དུ། །ཤེས་ནས་ཞེན་ལོག་བསམ་པ་ཀུན་ནས་བསྐྱེད། །ཞི་བསིལ་བདུད་རྩིའི་འབྱུང་གནས་དབེན་པའི་གནས། །རྣམ་གཡེང་ཆགས་སྡང་འདུ་འཛིའི་རྙོག་པ་བྲལ། །སྔོན་བྱོན་མཁས་གྲུབ་དམ་པའི་བསྟི་གནས་དེར། །ལེགས་པའི་ཡོན་ཏན་སྣ་ཚོགས་ངང་གིས་འབྱུང༌། །དེ་ན་གོང་འོག་འཚོ་སྲུང་བྱ་བྱེད་མེད། །འདི་སྣང་ཆོས་བརྒྱད་འཆིང་ཐག་ངང་གིས་ལྷོད། །གལ་ཆེན་ཕྱི་མའི་དོན་མཆོག་སེམས་པ་ལ། །གཡེང་རྐྱེན་མེད་པས་གཏན་འདུན་རིམ་གྱིས་འགྲུབ། །བཟོད་མེད་འཁོར་བའི་སྡུག་བསྔལ་གཡུལ་ཆེན་ལས། །སྒྲོལ་བའི་དེད་དཔོན་བསླུ་མེད་མཆོག་གསུམ་ལ། །རྨད་བྱུང་ཡོན་ཏན་ཁྱད་པར་ཤེས་པ་ཡིས། །བློ་བཀལ་ལིང་གིས་སྙིང་ནས་སྐྱབས་སུ་བསྟེན། །རང་ཉིད་གཅེས་འཛིན་བློ་ངན་ཤུགས་དྲགས་པས། །གཞན་ཕན་བསམ་པ་འབྱུང་བ་ཅིས་ཀྱང་དཀའ། །མར་ཤེས་དྲིན་དྲན་བྱམས་དང་སྙིང་རྗེ་ལ། །ནན་ཏན་བློ་སྦྱོང་ཐེག་ཆེན་ལམ་གྱི་གཞི། །རྣམ་དག་འདུལ་ཁྲིམས་ཡན་ལག་བརྒྱད་པའི་ཆབ། །ཉེས་ལྟུང་རྙོག་པའི་སྐྱོན་གྱིས་མ་དཀྲུག་པར། །བག་ཡོད་བློ་ཡིས་ལེགས་པར་བསྟེན་ནུས་ན། །ཡོན་ཏན་ལུས་ཟུངས་རྒྱས་པས་གཅེས་སྤྲས་འཚལ། །བདག་སོགས་གངས་ལྗོངས་འགྲོ་བ་མཐའ་དག་གི །སྐྱབས་མཆོག་ཐུགས་རྗེ་འཕྲིན་ལས་རྨད་བྱུང་བ། །མཚོར་འཁྲུངས་རྒྱལ་བར་དུས་ཀུན་གདུང་ཤུགས་ཀྱིས། །ཐུགས་རྒྱུད་བསྐུལ་ཞིང་དོན་གཉིས་འགྲུབ་པར་སྨོན། །ཀུན་ནས་མ་དུལ་རང་རྒྱུད་ཐ་རྒོད་གཞིར། །སྨིན་གྲོལ་བདུད་རྩིའི་གྲུ་ཆར་འབེབས་བཞིན་དུ། །བརྩེ་ཆེན་ཐུགས་རྗེའི་ཞགས་པས་མི་གཏོང་བའི། །སྐྱབས་མཆོག་བླ་མ་སྒྲུབ་འདི་ཆོས་ཀྱི་གནད། །སོར་བྱང་སྔགས་ཀྱི་སྡོམ་དང་དམ་ཚིག་གནས། །འགལ་ཉམས་འདས་རལ་བཟླས་ཉམས་ལ་སོགས་པའི། །ཉེས་ལྟུང་མུན་པ་འཇོམས་ལ་ཆེས་དཔའ་བའི། །གསང་ཆེན་རིགས་གཅིག་ལྷ་སྔགས་འདི་ཡང་གཅེས། །རྒྱ་ཆེན་ཤེས་བྱ་གྲངས་མང་རྟོགས་པར་དཀའ། །ཆོས་ཚུལ་རྣམ་གྲངས་མཐའ་དག་བློས་མི་ལྕོགས། །ཆོས་ཀྱི་སྙིང་པོ་རང་སེམས་འདུལ་བ་འདི། །སྲས་བཅས་རྒྱལ་བའི་གསུང་གི་ཉིང་ཁུ་ལགས། །འདི་སྣང་ཆོས་ལ་ཞེན་ཆགས་གཅོད་པ་དང༌། །མ་གྱུར་འགྲོ་ལ་ཕན་སེམས་བཟང་པོ་དང༌། །སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་མཆོག་གིས། །རང་སེམས་ཐ་རྒོད་འདི་ཉིད་འདུལ་ལ་འབད། །ཕྱི་ནས་ཆོས་པའི་ཨོ་ཟོབ་གྲགས་འུར་སོགས། །མེད་ཀྱང་གཉོམ་ཆུང་ཁས་ཞན་སྤྱོད་ལམ་གྱིས། །ལྐོག་ནས་རང་སེམས་འདུལ་བའི་ཉམས་ལེན་ཞིག །ཡོད་ན་ཆོས་ཀྱི་རྩ་བ་དེ་ཡིན་གསུངས། །རྗེ་ཁྱོད་སྔོན་ནས་དམ་པའི་ངང་ཚུལ་ལྡན། །ཐར་ལམ་དེད་དཔོན་བཤེས་གཉེན་མགོན་གྱིས་ཟིན། །ཉམས་ལེན་གདམས་པའི་གནད་ཀྱང་མང་ལྡན་པས། །དགོས་དོན་སྙིང་པོ་གཅིག་ཏུ་དྲིལ་ན་ལེགས། །ཆོས་ཚུལ་ཀུན་གྱི་ཡང་བཅུད་སྙིང་པོ་དང༌། །བཀའ་བབས་རྣམ་བཞིའི་གདམས་པའི་ཡང་རྩེ་ནི། །ཐེག་པའི་རྒྱལ་པོ་རྡོ་རྗེ་རྩེ་མོ་ཞེས། །རང་གྲོལ་རྟོགས་པའི་གནད་ལྡན་སྙིང་ཐིག་མཆོག །ཡིན་པར་གསུངས་པ་ཐུགས་ལ་ངེས་པ་ལྟར། །ཆོས་དང་གང་ཟག་གཞན་ལ་མི་ལྟོས་པར། །རྨད་བྱུང་དོན་བརྒྱུད་རྒྱལ་ས་ཟིན་གྱུར་ནས། །དོན་གཉིས་མཐར་ཕྱིན་འགྱུར་པར་སྙིང་ནས་སྨོན། །དེ་ལྟར་ཆོས་མཐུན་གྱི་ཚིག་ཕྲེང་འགའ་ཞིག་བྱིས་བློས་བསྡེབས་པ་འདི། རང་རྒྱུད་ན་མེད་པའི་ཁ་བཤད་འདི་འདྲ་འབྲི་བར་མི་འོས་པ་ཤེས་མོད། ལུང་རྟོགས་ནོར་བུའི་མཛོད་འཆང་མ་བཞིན་ཐུགས་བརྩེའི་རྗེས་སྐྱོང་མཛད་པའི་དམ་པའི་སྐྱེས་བུ་རྒྱལ་བསྟན་གསལ་བའི་སྣང་བྱེད་ཆེན་པོ་གང་གི་༼རྨེ་བ་སྤྲུལ་རྡོར་ལོ༽བཀའ་གསུང་ཡལ་བར་འདོར་མ་ཕོད་པར་པདྨ་ཚེ་དབང་ལྷུན་གྲུབ་བམ་དགེ་ལེགས་ཆོས་འཕེལ་དུ་འབོད་པས་བྲིས་པ་དགེ་བར་གྱུར་ཅིག །མངྒ་ལཾ།

དང་པོའི་ལས་ཅན་ལ་གདམས་པ་འབྲེལ་ཚད་དགེ་ལ་སྦྱོར་བའི་སྣང་བྱེད།

རྒྱ་ཆེན་བརྩོན་པས་བགྲང་ཡས་བསྐལ་མང་དུ། །ཚོགས་ཟུང་རྒྱ་མཚོ་བསྲུབས་པས་ལེགས་འཁྲུངས་ཤིང༌། །ངོ་མཚར་སྨོན་ལམ་ལྔ་བརྒྱས་ཆེར་བརླིང་བ། །སྟོན་མཆོག་རྣམ་འདྲེན་བཞི་པ་གང་དེར་འདུད། །རྣམ་མང་གཞུང་ལ་སྦྱང་བ་མེད་པ་དང་། །ཐོས་བསམ་ལྟར་སྣང་དགེ་བློ་ཉག་ཕྲ་བའི། །རང་འདྲའི་སྐལ་མཉམ་འགའ་ལ་ཕན་པའི་བློས། །ཉུང་ངུའི་ངག་གིས་འདོམས་ལ་བསམ་པར་བྱོས། །རྨད་བྱུང་དལ་བའི་རྟེན་བཟང་ཕུན་ཚོགས་ཉིད། །ངེས་ལེགས་བྱང་ཆུབ་གསུམ་གྱི་གཞི་ཡིན་པས། །ད་རེས་ལན་གཅིག་ཐོབ་པའི་ལུས་མཆོག་འདི། །དོན་མེད་རྣམ་གཡེང་བྱེད་པར་འོས་སམ་ཅི། །རྣམ་དག་འདུལ་ཁྲིམས་གཙང་མའི་ལྗོན་བཟང་ཉིད། །ལེགས་བྱས་སྦྱིན་པ་རྒྱ་མཚོའི་དྲོད་གཤེར་དང༌། །རྨད་བྱུང་སྨོན་ལམ་མཆོག་གིས་ཡོངས་བསྐྱངས་ན། །ད་གཟོད་དལ་བའི་རྟེན་འདི་རྙེད་པ་ཡིན། །དུད་འགྲོ་ལ་སོགས་ངན་སོང་གསུམ་གྱི་གྲངས། །ས་ཆེན་རྡུལ་དང་མཉམ་པར་ཕ་མཐའ་ཡས། །དེ་ལ་ལྟོས་ན་མི་ལུས་ཐོབ་པ་འདི། །སེན་མོའི་སྟེང་དུ་ཡོད་པའི་རྡུལ་གྲངས་ཙམ། །མི་ལུས་ཙམ་དང་བྱུར་པོ་ཆེ་ལ་སོགས། །རྣམ་པར་གཡེང་དང་སྡིག་པའི་ལས་ཉིད་ལ། །རྙེད་དཀའི་རྟེན་འདི་ཆུད་ཟོས་མི་འོས་པས། །རང་ནུས་ཅི་ཡོད་རྣམ་དཀར་ལས་ལ་བརྩོན། །ངན་སོང་གསུམ་སོགས་མི་ཁོམ་བརྒྱད་པོ་རུ། །སྐྱེ་བའི་ལུས་རྟེན་དཔག་ཏུ་མེད་ན་ཡང༌། །ཆོས་ཀྱི་སྣང་བ་མེད་ཅིང་ལོང་ཁོམ་མེད། །ད་རེས་དེ་འདྲར་མ་གྱུར་སྐལ་བ་བཟང༌། །ལན་གཅིག་ཐོབ་པའི་མི་ལུས་འདི་ཉིད་ཀྱང༌། །རླུང་གསེབ་མར་མེ་བཞིན་དུ་མི་རྟག་སྟེ། །དགྲ་གཉེན་ཕ་མ་སྲིད་སྡེ་ཡུལ་འཁོར་སོགས། །འཆི་ཞིང་མི་རྟག་དུས་ཀྱི་དབང་དུ་སོང༌། །སྐྱེ་མཐའ་འཆི་ཞིང་འདུས་པའི་ཐ་མ་འབྲལ། །ཞེས་སོགས་བདེན་གསུང་རྒྱལ་བས་ཡང་ཡང་དུ། །གསུངས་པའི་ཚུལ་འདི་སེམས་ལ་ངེས་བྱས་ནས། །གཏན་གྱི་འདུན་ཆུས་ད་ནི་སྒྲུབ་རེ་རན། །ད་ལོ་སང་ཕོད་ལ་སོགས་ལོང་ཁོམ་གྱིས། །ཕྱི་བཤོལ་ངང་རིང་བྱེད་འོས་མ་ཡིན་ཏེ། །འཇིགས་རུང་གཤིན་རྗེ་གདུག་པས་སྲོག་སྡུད་ཚེ། །ཆོས་ལས་སྐྱབས་གཞན་མི་རྙེད་ཚུལ་ལ་སོམས། །མ་ཡི་ལུས་ནས་ཐོག་མ་སྐྱེ་དུས་ཀྱི། །ལུས་ཀྱི་ཤ་རུས་སོ་སོར་འབྲལ་དགོས་ན། །ལོངས་སྤྱོད་གཉེན་དང་འབྲལ་བ་སྨོས་ཅི་དགོས། །དེ་བས་ད་ནི་ཞེན་ཆགས་སྤོངས་བར་གྱིས། །དཔྱིད་དུས་ས་བོན་ཅི་བཏབ་དེ་འདྲ་བ། །སྟོན་དུས་ལོ་ཐོག་སྨིན་པ་ཇི་བཞིན་དུ། །དགེ་སྡིག་དཀར་ནག་ལས་ཀྱི་འབྲས་བུ་ཡང༌། །བདེ་སྡུག་བསླུ་མེད་སོ་སོར་སྨིན་པར་ངེས། །བྱ་རྒོད་ནམ་མཁར་འཕུར་བའི་གྲིབ་མ་ཉིད། །རེ་ཞིག་འདི་ཞེས་མངོན་པར་མ་གྱུར་ཀྱང༌། །ས་ལ་ནམ་བབ་དུས་ན་ལྷང་ངེར་མངོན། །དེ་བཞིན་དགེ་སྡིག་ལས་ཀྱི་འབྲས་བུ་ཡང༌། །ཆུད་མི་ཟ་བར་ནམ་ཞིག་རྐྱེན་ཚོགས་ཚེ། །རང་གི་མྱོང་བར་འགྱུར་ལ་བསླུ་བ་མེད། །འཁོར་བའི་གནས་རིས་མཐོ་དམན་གར་སྐྱེས་ཀྱང༌། །སྡུག་བསྔལ་སྣ་ཚོགས་དུཿཁས་མནར་བས་ན། །སྲིད་པའི་ཕུན་ཚོགས་ཅི་ཙམ་འབྱོར་ན་ཡང༌། །ཟག་བཅས་དཔལ་ལ་སྙིང་པོ་གང་ཡང་མེད། །ཚངས་དབང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང༌། །འཆི་བའི་སྡུག་བསྔལ་དག་ལས་བཤོལ་ཐབས་མེད། །ཤི་ནས་དབང་མེད་ལས་རྗེས་འབྲང་དགོས་ན། །སྲིད་པའི་ཕུན་ཚོགས་གཞན་རྣམས་སྨོས་ཅི་དགོས། །སྲིད་གསུམ་མི་རྟག་སྒྱུ་མའི་གྲོང་ཁྱེར་བཞིན། །གཡོ་དང་སྡུག་བསྔལ་ངང་ཚུལ་བསམ་བྱས་ནས། །གཏན་གྱི་བདེ་བའི་འདུན་མ་ཐར་པ་ཉིད། །ད་རེས་རྟེན་བཟང་འདི་ལ་སྒྲུབ་རེ་རན། །རྣམ་མང་ཐེག་པའི་ཆོས་སྒོ་མཐའ་ཡས་ཀྱང༌། །ཐོག་མར་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །ཡིད་ཆེས་དད་པས་སྐྱབས་སུ་འགྲོ་བ་ཉིད། །ལམ་གྱི་གཞི་མ་སྔོན་ལ་མེད་ཐབས་མེད། །ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་པ་ཡི། །མ་རྒན་འགྲོ་ཚོགས་ཡལ་བར་དོར་བྱས་ནས། །རང་ཉིད་གཅིག་པུའི་ཞི་བདེ་སྒྲུབ་འོས་མིན། །དེས་ན་གཞན་ཕན་དོན་གཉེར་འདུན་པ་གནད། །མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཡང་བཅུད་མཆོག །མཆོག་དམན་སུས་ཀྱང་ཉམས་འོག་ཆུད་སླ་བ། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་གུ་རུ་ལ། །སྙིང་ནས་དད་པས་གསོལ་འདེབས་ཐུགས་དམ་བསྐུལ། །ཡིད་ཆེས་དད་པ་བརྟན་པོས་གུ་རུ་ཉིད། །སྐྱབས་ཀུན་འདུས་པའི་ངོ་བོར་ཐག་བཅད་ནས། །ཡང་སྙིང་བཛྲ་གུ་རུ་གྲངས་མང་གསག ། ཐོག་མེད་བསགས་པའི་ལས་ཉོན་སྡིག་སྒྲིབ་ཀུན། །བཤགས་དང་མཆོག་ཐུན་དངོས་གྲུབ་མཐའ་དག་ཀུན། །སྩོལ་ལ་བདག་རྒྱུད་བྱིན་གྱིས་རློབས་ཤིག་ཅེས། །ཁྱེད་ཤེས་དད་པས་གསོལ་བ་འདེབས་ལ་འབུངས། །བླ་མ་ཨོ་རྒྱན་རྗེ་ལ་གསོལ་བཏབ་ན། །ཚེ་འདིར་རྐྱེན་ངན་ཀུན་སེལ་ཚེ་རིང་ཞིང༌། །མཐུན་རྐྱེན་བསམ་དོན་ཇི་བཞིན་ལེགས་གྲུབ་ནས། །ཕྱི་མར་པདྨ་འོད་ཞིང་སྐྱེ་བར་ངེས། །སྙིགས་ལྔའི་འགྲོ་ལ་ལྷག་པར་རྗེས་བརྩེ་བ། །སྙིང་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས། །བདག་སོགས་སྲིད་པའི་སྡུག་བསྔལ་སྣ་ཚོགས་ལས། །གྲོལ་བར་གསོལ་བ་འདེབས་བཞིན་ཡང་སྙིང་སྒྲོངས། །དེས་ན་རྒྱལ་བ་དངོས་འདྲའི་དམ་པས་ཀྱང༌། །ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས། །སྔགས་གཅིག་སྙིང་པོ་ཀུན་འདུས་ཡི་གེ་དྲུག །ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས། །གསུངས་བའི་ཚུལ་ལ་ཡང་ཡང་བསམ་ཞིང་འབད། །བསྐལ་བཟང་རྣམ་འདྲེན་བཞི་པ་གང་དེ་ཡིས། །བདག་ཅག་གངས་ཅན་འགྲོ་བ་མཐའ་དག་ཀུན། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ། །ལུང་བསྟན་བྱིན་རླབས་མཛད་པ་བསླུ་མེད་གསུངས། །དེས་ན་བདག་ཅག་བསིལ་ལྡན་བོད་ཀྱི་འགྲོ། །འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བྱིན་རླབས་པས། །མ་མིང་དག་པར་མི་འཐོན་བྱིས་པས་ཀྱང༌། །རིག་སྔགས་ཡི་གེ་དྲུག་པ་གཙང་སིང་ཐོན། །བོད་ཀྱི་འགྲོ་བའི་ལྷ་སྐལ་སྤྱན་རས་གཟིགས། །ཆོས་སྐལ་རིག་སྔགས་ཡི་གེ་དྲུག་མ་ཡིན། །ཕྱི་མ་དག་པའི་ཞིང་ཁམས་བདེ་བ་ཅན། །སྐྱེ་བར་འདོད་པས་ལྷ་སྔགས་གཅིག་ཏུ་དྲིལ། །རྩ་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པ། །རིག་སྔགས་འཆང་བའི་སློབ་དཔོན་ཆེན་པོ་ཡང༌། །འཕགས་མཆོག་སྤྱན་རས་གཟིགས་དང་དབྱེར་མེད་པས། །བླ་མ་ཡི་དམ་དབྱེར་མེད་གསོལ་འདེབས་འབུངས། །བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་མཐའ་དག་གི། །སྙིང་པོ་གསུང་མཆོག་ཡི་གེ་དྲུག་མ་ཡིན། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྙིང་པོ་འདི། །རྩེ་གཅིག་དད་པའི་ངང་ནས་ཡིག་དྲུག་སྒྲོངས། །དེ་ལྟར་དད་མོས་རྣམ་དག་ལྷག་བསམ་གྱིས། །རིག་སྔགས་རྒྱལ་པོ་བགྲང་པའི་དགེ་རྩ་ཀུན། །མ་གྱུར་འགྲོ་བ་ཀུན་ལ་བསྔོ་བ་འདི། །གཞན་ཕན་ཐེག་ཆེན་ལམ་གྱི་རྩ་བ་ཡིན། །རྩ་གསུམ་རྒྱལ་བ་ཡོངས་ཀྱི་བྱིན་རླབས་དང༌། །སྤྱན་རས་གཟིགས་དངོས་མཚོར་འཁྲུངས་རྒྱལ་བ་ཡི། །བྱིན་བརླབས་བདེན་པས་འདི་ཕྱི་དགའ་བདེ་ལ། །དུས་ཀུན་སྤྱོད་པས་དགེ་ཞིང་ཤིས་གྱུར་ཅིག །ཅེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མས་ལས་དང་པོ་པའི་གང་ཟག་རྣམས་ལ་གོ་སླ་འཇུག་བདེའི་ཆེད་དུ་གསུངས་པ་ལགས།

རྒྱུ་འབྲས་མན་ངག་བདུན་གྱི་ཟིན་ཐོ།

༄༅། །རྒྱུ་འབྲས་མན་ངག་བདུན་གྱི་ཟིན་ཐོ་བཞུགས་སོ། །ཐོག་མར་ཆོས་གང་དང་གང་བསྒྲུབ་ཀྱང་ཀུན་སློང་དང་ཀུན་སྤྱོད་གལ་ཆེ། དེའི་ནང་གི་དང་པོ་ཀུན་སློང་ལ་མཚོན་ན་དུ་མ་ཞིག་ཡོད་ཀྱང་། རང་ཅག་ནི་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ་ཤ་སྟག་ཡིན་ན། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་ཀྱིས་ཟིན་དགོས་པ་ཞིག་རེད། དེ་ནི་ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་པ། མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། རིན་ཆེན་བྱང་ཆུབ་ཀྱི་སེམས་འདི་རེད། དེའི་སྔོན་དུ་དལ་འབྱོར་རྙེད་དཀའ་སོགས་བློ་སྦྱོང་རྣམས་ལ་ཐོས་བསམ་ཡང་དག་པར་བྱས་ནས། དེ་ནས་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་རེད། དེ་ཉིད་མཚོན་ཙམ་ཞུས་ན། སྤྱིར་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ་ཞིག་ཡིན་ནས་བཟུང་སྟེ། རང་འདོད་ཡིད་བྱེད་ཀྱི་བློ་ངན་དེ་ཕར་སྤང་ཆེ་ཐུབ་ཆུང་ཐུབ། གཞན་ཕན་དོན་གཉེར་གྱི་བློ་དེ་ཚུར་ཆེ་སྐྱེ་ཆུང་སྐྱེ་བྱེད་དགོས་ནི་རེད་མ་གཏོགས། རང་དོན་འབའ་ཞིག་བསམ་བསྡད་ན་མཐར་འབྲས་སངས་རྒྱས་མ་དགོས། འཁོར་བའི་གནས་འདིར་ཡང་འཕྲལ་གྱི་བདེ་བ་ཕྲན་བུ་ཙམ་ཞིག་ཐོབ་མི་ནུས་ནི་རེད། དཔེར་ན་རྗེ་དཔོན་རྔན་པ་མི་སྟེར་བ་དང་། བྲན་གཡོག་ལས་དཀའ་མི་བྱེད་པ་ལྟ་བུ། དཔོན་གྱི་ལས་དཀའ་མི་འགྲུབ་པ་དང་། གཡོག་གི་རྔན་པ་མི་ཐོབ་པ་དེ་ལྟ་བུའི་འཁོར་བའི་བདེ་བ་ཕྲན་བུ་ཡང་མི་ཐོབ་ན། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མི་འགྱུར་བ་སྨྲོས་ཅི་དགོས། རྒྱུ་མཚན་དེའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་ཆེས་གལ་ཆེན་ཞིག་ཡིན་པས། དེ་ཡང་ཇོ་བོ་རྗེ་དང་འཇིགས་མེད་གླིང་པ་སོགས་དམ་པ་གོང་མ་རྣམས་ཀྱིས་རྒྱུ་འབྲས་མན་ངག་བདུན་ལྡན་གྱི་སྒོ་ནས་གསུངས་པ་ལྟར་འདིར་མཚོན་ཙམ་ཞུས་ན།

༈ ཐོག་མར་མར་ཤེས་པ་ནི། རང་ཅག་རྣམས་ཐོག་མེད་ནས་ད་བར་དུ་ལས་ཉོན་གྱི་གཞན་དབང་དུ་གྱུར་ནས་བུམ་ནང་གི་བུང་བ་བཞིན་སྐྱེ་ཤི་ཁ་བརྒྱུད་དེ་འཁོར་བར་འཁྱམས་ན་འདི་ཙམ་གྱིས་འཁྱམས་ནི་རེད་ཅེས་ཐོག་མ་ཞིག་གཏན་ནས་རྙེད་དུ་མེད་པ་ཡིན། འཁོར་བ་འདིར་སྐྱེས་ནས་བཟུང་སྤྱིར་སྐྱེ་གནས་རྣམ་པ་བཞིས་མ་བསྡུས་པ་མེད་པ་ཞིག་རེད། དེའི་ནང་གི་འདོད་ཁམས་འདིར་ཕལ་ཆེར་ཕ་མ་ལ་བརྟེན་ནས་འཁྱམས་ནི་རེད། དེ་ཡིན་ན་འདི་ང་ཡི་ཕ་རེད་འདི་ང་ཡི་མ་རེད་ཅེས་ངེས་གཟུང་མེད་ཚུལ། ཨོ་རྒྱན་ཆེན་པོས། ཤ་རུས་བསགས་ན་འཇིག་རྟེན་ལྟོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །གསུངས་པ་ལྟར། ཕྱོགས་བཞིའི་རྒྱ་མཚོ་ཆེན་པོ་བཞི་ཆེས་རྒྱ་ཆེ་ཞིང་གྲངས་མང་བ་ཞིག་རེད་གདའ། ཡིན་ན་ཡང་ད་སྔ་འཁོར་བར་འཁྱམས་པའི་སྐབས་ན་མ་ཡི་ནུ་འོ་འཐུང་བ་དེ་ཕྱོགས་གཅིག་ཏུ་གསོགས་ན་རྒྱ་མཚོ་བས་ཀྱང་མི་ཚད་པའི་མ་འོ་དེ་ཙམ་འཐུང་ཡོད་ནི་རེད་གསུངས། ད་རུང་རང་ཅག་སོ་སོའི་སྐྱེ་བོའི་བྱང་ཆུབ་སྒྲུབ་པའི་ལམ་ལ་མ་བརྩོན་ན་འཁོར་བ་ལ་ཕྱི་མཐའ་མེད་ནི་རེད། ཕྱི་མཐའ་མེད་ན། དེ་བས་ཆེས་མང་ཉིད་དུ་བཏུང་འཚལ་ལོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་རེད། དེས་ན་འཁོར་བའི་གནས་འདིར་སྐྱེས་ནས་བཟུང་སྟེ་སྡུག་བསྔལ་གྱི་རང་བཞིན་མ་གཏོགས་མེད་ནི་རེད། ད་ཅུང་ཟད་ལྷ་མིའི་གནས་འདིར་བདེ་ཤོས་རེད་གདའ། དེ་ཡང་བདེ་རྒྱུ་ཡོད་ནི་མ་རེད། སོ་སྐྱེ་ཞིག་ཡིན་ནས་བཟུང་ལས་ཀྱི་གཞན་དབང་དུ་གྱུར་བ་རེད། ལས་ཀྱི་གཞན་དབང་དུ་གྱུར་ནས་བཟུང་། སྐྱེ་རྒ་ན་འཆི་བཞི་རང་གི་ཐོག་དབང་མེད་དུ་ཐོན་ཡོང་ནི་རེད། སྐྱེ་ན་དབང་མེད་དུ་སྔོན་ལས་ཅི་འདྲ་བསགས་ཡོད་ན་དེའི་སྟོབས་ཀྱིས་དབང་མེད་དུ་སྐྱེ་བ་མ་གཏོགས་སོ་སྐྱེ་ཞིག་ཡིན་ནས་བཟུང་བསམ་བཞིན་དུ་སྐྱེ་བ་གཅིག་ཀྱང་མེད་ནི་རེད། དེ་ནས་ན་བའི་གནས་སྐབས་ན་ཡང་ནད་ཚབས་པོ་ཆེ་དབང་མེད་དུ་ལུས་ལ་ཕོག་ཡོང་དུས་ཇི་འདྲའི་ལུས་པོ་དར་ལ་བབས་པ་ཞིག་ཡིན་ཀྱང་ཞག་རེ་རེ་ནས་ལུས་ཀྱི་སྟོབས་ཉམས་པར་གྱུར་བ་དེ་ཡང་དབང་མེད་དུ་ལས་བདག་གིར་མ་བྱས་རང་བྱས་རེད། ད་རུང་རྒས་པ་སྟེང་དུ་ཐོན་དུས་རྒས་ཤིང་ཁོག་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་རྒྱུ་དེ་ཉིད་ཀྱང་མ་འདོད་ན་ཡང་ཡུན་རིང་པོ་ཚེ་མཐར་ཕྱིན་ནས་བཟུང་རྒས་པའི་སྡུག་བསྔལ་དེ་སྟེང་ལ་ཐོན་ཡོང་ནི་རེད། ད་རུང་དེས་ཀྱང་མི་ཚད་འཆི་བའི་སྡུག་བསྔལ་ཡང་། སྐྱེ་བ་ཡོད་ན་འཆི་བ་ཡོད་ཅེས་མགོ་གཅིག་ཏུ་ལུང་བསྟན་པ་ཞེས་སྐྱེས་ནས་བཟུང་སྟེ་འཆི་བདག་གི་དྲུང་དུ་ཇེ་ཉེ་ཇེ་ཉེར། མདོར་ན་མའི་མངལ་དུ་གནས་པ་ཚུན་ཆད་ནས་བཟུང་སྟེ་ལོ་རེ་རེའི་མི་ཚད་ཟླ་བ་རེ་རེ། ཟླ་བ་རེའི་མི་ཚད་ཞག་མ་རེ་རེ། ཞག་མ་རེ་རེའི་མི་ཚད་དུས་ཚོད་རེ་རེ་བཞིན་དུ་ཇེ་ཉེ་ཇེ་ཉེར་ཕར་འཆི་བདག་གི་དྲུང་དུ་རྒྱུག་གི་ཡོད་ནི་འདྲ་ཡིན་ནི་རེད། དཔེར་ན། གསོད་སར་འཁྲིད་པའི་དུད་འགྲོ་བཞིན། །ཞེས་གསུངས་པ་ལྟར་གསོད་སར་འཁྲིད་པའི་དུད་འགྲོ་དེ་ཕར་གོམ་པ་རེ་རེ་སྤོ་དུས་གསོད་སར་ཐག་ཇེ་ཉེར་འགྲོ་བ་བཞིན་དུ། རང་ཅག་རྣམས་ཀྱང་སྐྱེས་ནས་བཟུང་འཆི་བ་ལ་དབང་མེད་དུ་ཇེ་ཉེ་འགྲོ་གི་ཡོད་པ་རེད་མ་གཏོགས། རང་གི་རང་དབང་གི་བསམ་བློ་བཏང་ན་མ་ཤི་མ་རྒས་མི་ན་བར་འདོད་རྒྱུ་རེད་མོད། ཡིན་ན་ཡང་ཉིན་ཅིག་འཆི་བདག་བདུད་པོ་ཁོ་གློ་བུར་དབང་མེད་དུ་ཐོག་ལ་ཐོན་ཡོང་དུས་རང་གི་ལུས་པོ་འདི་ལ་གཅེས་སྤྲས་ཡོད་ནི་རེད་གདའ། ཕན་ཐོགས་ཡོད་ནི་མ་རེད། དེའི་ཉིན་པར་བརྩིགས་པའི་མཁར། བསགས་པའི་ནོར། འགྲོགས་པའི་ཉེ་འབྲེལ་སོགས་དང་འབྲལ་ནས་ཤུལ་དུ་ལུས་པར་མ་ཟད། ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་དང་ཡང་བྲལ་ནས། རྣམ་པར་ཤེས་པ་རང་ཉིད་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་ལས་དགེ་སྡིག་གཉིས་ཀྱི་རྗེས་སུ་འགྲོ་བ་མ་གཏོགས་དེ་ལས་ཐབས་གཞན་འཚོལ་དུ་མེད་ནི་རེད། དེ་ལྟ་བུའི་གོང་དུ་བཤད་པའི་ཚུལ་ལ་བསམ་ན་སེམས་ཅན་ཐམས་ཅད་ཀྱི་ནང་ན་ཕ་མ་མ་བྱས་པ་གཅིག་ཀྱང་མེད་བསམ་ནས་མར་ཤེས་པར་བྱ།

༈ དེ་ནས་དྲིན་དྲན་པ་ནི། ཕ་མ་བྱས་ནས་བཟུང་སྟེ་དྲིན་མི་ཆེ་བ་གཅིག་ཀྱང་མེད་ནི་རེད། ད་ལྟ་རང་རེས་བསམ་བློ་རེ་བཏང་ན་སྟག་དང་ཅེ་སྤྱང་སོགས་ཅི་འདྲའི་གཅན་གཟན་གཏུམ་པོ་མ་རུངས་པ་ཞིག་ཡིན་ཡང་། རང་གི་བུ་རྒྱུད་ལ་འགལ་སྤང་མཐུན་སྒྲུབ་ཀྱི་བྱ་བ་དེ་ཅི་ནས་ཀྱང་བྱེད་པ་ཞིག་རེད། དཔེར་ན་ང་ཚོ་སྤྱང་ཀིའི་ཚང་ཟུར་ན་ཡོད་ན་སྤྱང་ཀིས་གནོད་པ་མི་བྱེད་ཟེར་དར། དེ་ཡང་ཁོའི་ཕྲུ་གུ་དེ་ལ་འཛེམ་བག་བྱས་ནས་ཐག་ཉེ་འདིར་གནོད་པ་བྱས་ན་ཁོའི་ཕྲུ་གུ་འདི་ལ་གནོད་ཡོང་རྒྱུ་རེད་བསམ་ནས་ཐག་རིང་རྒྱང་ཐག་བཅད་ནས་འགྲོ་འདུག་དོན་དེ་ཀས་རེད། དེ་ལྟ་བུའི་གཏུམ་པོ་ཁ་གྲག་མ་ཤེས་ཀྱང་རང་གི་བུ་རྒྱུད་ལ་བརྩེ་ནི་རེད། དེའི་མཚོན་ནས་ཅི་འདྲའི་བླུན་པོ་ཞིག་ཡིན་ཡང་རྔ་མོས་རྔེའུ་གཏོར་བ་ལྟ་བུ་ཞེས་དཔེར་བརྗོད་འདུག་རྒྱུའི་བླུན་པོ་རྔ་མོང་འདྲ་ཞིག་ཡིན་ཀྱང་རང་གི་བུ་རྒྱུད་ལ་མི་བྱམས་པ་མེད་ནི་རེད། དེའི་མཚོན་ནས་ཕ་མ་བྱས་པ་ཞིག་ཡིན་ནས་བཟུང་སྟེ་ད་ལྟའི་ཕ་མ་བཞིན་དུ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོག་ནས། གྲུལ་བུམ་གྱི་ཕྲུ་གུ་ལྟ་བུ་བཞིན་མི་སྡུག་པ་ཞིག་ཡིན་ཡང་། མ་རྒན་གྱིས་ཐེ་ཚོམ་མེད་པར་པང་དུ་བླངས་ནས་ལུས་ཀྱི་ཤ་དྲོད་ལ་གཅར། ནུ་ཞོ་མངར་མོའི་བསྙེན་བཀུར་བྱས། ལག་སོར་མོ་བཅུའི་རྩེར་སྐྱོན་ནས། སྣབས་ཁ་ཡིས་ཕྱིས། མི་གཙང་བ་ལག་པས་ཕྱིས་ནས་ཨ་མའི་གཅེས་ཕྲུག་སོགས་སྙིང་བརྩེས་གྲོས་འདེབས་རྨད་དུ་བྱུང་བ་ཞིག་བྱེད་པ་རེད། རང་གར་བྱ་རོག་ལ་གཏོར་ཟན་ཙམ་ཡང་གཏོང་མི་བྲ་པའི་གང་ཟག་ཡིན་ཡང་། རང་གི་བུ་རྒྱུད་ལ་སེར་སྣ་མེད་པར་ཆེ་རྒྱལ་པོའི་རྒྱལ་སྲིད། ཆུང་སྤྲང་པོའི་བེར་ཀ་སོགས་ཅི་ཡོད་སྦྱིན་པའི་སྒོ་ནས་བསམ་སྦྱོར་གྱིས་བསྐྱེད་བསྲིང་བའི་དྲིན་ཆེན་ཤ་སྟག་ཡིན་པ་ཤེས་དགོས་པ་རེད་གསུངས།

༈ དྲིན་ཆེན་ཤ་སྟག་ཡིན་ན་དྲིན་ཆེན་དེ་དག་ལ་དྲིན་ལན་བཟོ་འདོད་ཀྱི་བློ་ཨི་སྐྱེ་ལྟ་དགོས་ནི་རེད། བདག་ནི་ད་ལྟ་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་དགུའི་གདམས་ངག་ལ་སྤྱོད་དུ་ཡོད་པའི་སྐབས་རེད། མ་སེམས་ཅན་དེ་དག་ནི་ཕལ་མོ་ཆེ་དམྱལ་བ་ན་ས་ཆེན་པོའི་རྡུལ་ལྟ་བུ་ཡོད་པ་རྣམས་ཀྱང་། ད་ལྟ་ཚ་གྲང་གི་སྡུག་བསྔལ་རེ་རེ་ནས་བཤད་ན། དཔེར་ན། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ཀྱང་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར། འཇིག་རྟེན་གྱི་ཁམས་འདི་ན་དུས་གཅིག་ཏུ་མདུང་ཐུང་སུམ་བརྒྱས་གང་ཟག་གཅིག་གི་ལུས་ལ་བསྣུན་ན་སྡུག་བསྔལ་ཆེས་ཆེ་ཤོས་ཤིག་རེད་མོད། དེས་ཀྱང་དམྱལ་བའི་ནང་ནས་སྡུག་བསྔལ་ཆུང་ཤོས་ཡང་སོས་ལྟ་བུའི་སྡུག་བསྔལ་ལ་ཡང་མཚོན་དགོས་ན་མཚོན་མི་ནུས་པ་ཡང་སོས་ཀྱི་སྡུག་བསྔལ་དེ་ཆེ་བ་ཡིན་པའི་ཚུལ་སོགས་གསུངས་པ་བཞིན་དུ། ཡི་དྭགས་ན་ཆུ་བོ་གངྒའི་ཀླུང་གི་བྱེ་མ་ལྟ་བུ། དུད་འགྲོ་ན་ཆང་འགགས་ཀྱི་སྦང་མ་ལྟ་བུ་ཡོད་པ་རྣམས་ཀྱང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཀི་ཡོད་ནི་རེད། ལྷ་མི་གཉིས་ཅུང་ཟད་བདེ་ཤོས་རེད་གདའ། དེ་ལ་ཡང་སྡུག་བསྔལ་འགྱུར་དང་ཁྱབ་པ་འདུ་བྱེད་སོགས་ཀྱིས་མ་བཅིང་བ་མེད་ནི་རེད། ད་དེ་ལྟ་བུས་བསམ་བློ་ཞིག་བཏང་དུས། མ་སེམས་ཅན་དེ་དག་ལ་ལ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་ཀི་ཡོད་ནི་རེད། ད་ལྟ་མིའི་གནས་ན་ཅུང་ཟད་བདེ་བ་ཐོབ་ཡོད་ནི་དེ་ཚོས་ཁ་གསོ་རྒྱབ་འགེབ་བྱེད་དགོས་ནས་བཟུང་ཕལ་ཆེར་སྡིག་པའི་ལས་ལ་སྤྱོད་ཀི་ཡོད་ནི་རེད། སྡིག་པའི་ལས་ལ་སྤྱོད་ནས་བཟུང་སྟེ་དེའི་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མ་གཏོགས་མེད་ནི་རེད། དེ་ཡིན་ན་ཕལ་ཆེར་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་ཀི་ཡོད་ནི་རེད། ཕལ་མོ་ཆེ་ངན་སོང་གསུམ་ན་གནས་པའི་མ་རྒན་རྣམས་ཀྱིས་འབྲས་བུ་སྡུག་བསྔལ་དངོས་ཀྱི་ཡོ་ལང་ལ་སྤྱོད་ཀི་ཡོད་ནི་རེད། དེ་ལྟར་ན་དེ་དག་གི་ཆོས་སྒྲུབ་མི་ཤེས། སྒྲུབ་པའི་མོས་པ་དང་དལ་ཁོམ་མེད་པ་ཞིག་རེད། དེ་ཡིན་ན་བདག་གི་ད་ལྟ་རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན་སོགས་མཐུན་རྐྱེན་དང་ལྡན་པའི་སྐབས་འདིར། དྲིན་ཆེན་ཕ་མ་རྣམས་ཀྱིས་དྲིན་ལན་བཟོ་དགོས་བསམ་པའི་བསམ་པ་ཞིག་ཨི་སྐྱེ་ལྟ་དགོས་པ་རེད།

༈ དེ་ནས་དྲིན་ལན་བཟོ་འདོད་ཀྱི་བསམ་པ་སྐྱེས་ནས་བཟུང་སྟེ་ཡིད་འོང་གི་བྱམས་པ་སྐྱེ་དགོས་ནི་རེད། ཡིད་འོང་གི་བྱམས་པ་ཞེས་པ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བློ་དེ་དང་།

༈ སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་དེ་ལ་ཟེར། དེ་ལྟ་བུའི་བྱམས་སྙིང་རྗེ་ཙམ་ཞིག་ཉན་ཐོས་དང་རང་རྒྱལ་གྱི་ལམ་རང་དོན་དུ་འབའ་ཞིག་དོན་དུ་གཉེར་བ་རྣམས་ལ་ཡང་ཡོད་ནི་རེད། དེ་དག་གིས་སེམས་ཅན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་ཁུར་དུ་ཁྱེར་ཏེ་གནས་མི་ནུས་ནི་རེད། རང་ཉིད་གཅིག་པུ་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བར་བྱས་ཏེ། འཁོར་བའི་སྡུག་བསྔལ་ནི་རྒྱ་ཆེ་ལ་ཡུན་རིང་ཞིང་དོས་དྲག་པ་ཞིག་ཡིན་པས། དེར་གནས་མི་ནུས་སྙམ་པའི་བློ་ཆུང་བ་ཞིག་རེད། དེས་ན་བདག་ཅག་གིས་ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་ནམ་ཡིན་ན་ཆོ་ག་དེ་ལན་མང་པོར་བཏོན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱུད་ལ་ལེན་ཚར་དུས་བྱང་ཆུབ་སེམས་དཔའ་རེད་སོང་ནི་རེད། དེ་ནས་རྒྱལ་བ་སྲས་བཅས་དཔང་པོ་བཞག་ནས་ལྷ་དང་ལྷ་མིན་ཐམས་ཅད་ལ་དྲིལ་བསྒྲགས་ཚར་སོང་ནི་རེད། དེ་ཡིན་ན་སེམས་ཅན་གྱི་དོན་དུ་བྱམས་སྙིང་རྗེའི་སེམས་རེ་ཨི་སྐྱེ་ལྟ་དགོས་པ་རེད།

༈ དེ་ནས་ལྷག་བསམ་རྣམ་དག་ནི། ཉན་རང་ལ་ཡང་བྱམས་སྙིང་རྗེ་ཙམ་ཞིག་ཡོད་ནི་རེད་གདའ། དེ་དག་ལ་བྱམས་སྙིང་རྗེའི་སྒོ་ནས་འཁོར་བ་འདིར་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་གཞན་དོན་ལ་གནས་པའི་སྙིང་སྟོབས་མེད་ནི་རེད། འུ་ཅག་ནི་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ། འགྲོ་བ་ཐམས་ཅད་སྒྲོལ་བར་ཁས་ལེན་ཞིང་དམ་བཅའ་ཚར་སོང་ནི་རེད། དེ་ཡིན་ན་བློ་སྦྱོང་དགོས་ནི་རེད། བློ་སྦྱོང་བ་ལ། བློ་སྦྱོང་བློ་སྦྱོང་རང་གི་བློ་འདི་སྦྱོང་། །བྱང་ཆུབ་སེམས་ཀྱིས་རང་གི་བློ་སྦྱོང་ན། །ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །ཐར་བའི་ལམ་ལས་གཞན་དུ་འཆུག་ས་མེད། །གསུངས་པ་ལྟར་བློ་ཡག་པོ་ཞིག་སྦྱང་ནས་བཟུང་སྟེ། །གང་ལ་བསམ་པ་དེ་ཡོད་ན། །དེ་ནི་དེ་ལ་དོན་གྱིས་ཞུགས། །གསུངས་པ་རེད། གནས་སྐབས་གཞན་དོན་རྒྱ་ཆེན་པོ་ཞིག་སྒྲུབ་པའི་ནུས་པ་མེད་ན་ཡང་། གཞན་སེམས་ཅན་གྱི་དོན་དུ་བློ་སྦྱོང་གི་བསམ་པ་དེ་ཡོད་ནས་བཟུང་སྟེ་རིམ་གྱིས་གཞན་དོན་ལ་བརྩོན་པའི་སྙིང་སྟོབས་དང་ཡང་ལྡན་ཡོང་རྒྱུ་རེད། ཁྱད་པར་དུ། གང་ལ་བསམ་པ་དེ་ཡོད་ན། །ཞེས་པ་ཡིན་དུས་ལུས་ངག་ཡིད་གསུམ་གྱི་ནང་ནས་སེམས་གཙོ་བོ་ཡིན་ན་རང་གི་སེམས་ཀྱི་ཐོག་ནས་གཞན་ཕན་དོན་གཉེར་གྱི་བློ་དང་། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་ཡང་དག་པ་ཞིག་གཞན་ལ་བཏོང་སེམས་ཡོད་ནས་བཟུང་ཐེག་པ་ཆེན་པོའི་ཕྱོགས་ལ་ཉེ་ཡོང་ནི་རེད། དེ་ལྟ་བུའི་ལྷག་བསམ་རྣམ་དག་ཅེས་པ་ཅི་འདྲ་ཞིག་ཡིན་ཚུལ། མདོ་ལས་དཔེར་ན་དེད་དཔོན་ཆེན་པོ་ཞིག་ཡོད་ན་དེ་གཞན་དུ་སོང་རྗེས། ཤུལ་ན་ཡོད་པའི་སྙིང་དུ་སྡུག་པའི་བུ་གཅིག་པོ་དེ་ངན་སྐྱུགས་ཀྱི་ཕུང་པོའི་ནང་ལྷུང་སོང་ན། གཉེན་བཤེས་ཐམས་ཅད་ཀྱིས་ཨ་ཁ་དེ་ངན་སྐྱུགས་ནང་ལྷུང་བས་རེད་མ་ཐལ་ཟེར་ནས་སེམས་ལ་སྡུག་བསྔལ་ཡོད་རྒྱུ་རེད། དངོས་སུ་རང་ངན་སྐྱུགས་ནང་ལྕེབས་ནས་བུ་དེ་ལེན་པའི་སྙིང་སྟོབས་དེ་རྣམས་ལ་མེད་ནི་རེད། ཕ་དེ་ཐོན་མ་ཐག་ཏུ་ཁྱོད་ཀྱི་བུ་ངན་སྐྱུགས་ནང་ལྷུང་ཐལ་ཞེས་སྨྲས་མ་ཐག་ཁོས་བུ་དེའི་སྲོག་གི་དོན་དུ་ཐེ་ཚོམ་མེད་པར་ངན་སྐྱུགས་ཀྱི་ནང་ལྕེབས་ནས་བུ་དེ་ཤི་གསོན་ཅི་རེད་ཡོད་ཀྱང་ཡར་ལ་ལེན་ཡོང་ནི་རེད། ཁོ་བུའི་དོན་དུ་ངན་སྐྱུགས་ཀྱི་ཕུང་པོའི་ནང་ལྕེབ་མི་མོས་རྒྱུ་འདྲ་དང་། མི་ནུས་རྒྱུ་གང་ཡང་ཡོད་ནི་མ་རེད། ཁོ་སྙིང་སྟོབས་ཆེན་པོ་དང་ལྡན་པ་དཔེ་དེ་བཞིན་དུ། རང་ཅག་ཀྱང་ཉན་རང་ལྟ་བུ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ན་དགའ་བ་ཙམ་གྱིས་མི་ཆོག་པར། སེམས་ཅན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་རང་གི་དང་དུ་བླངས་ཏེ། གཞན་ཕན་གྱི་བསམ་པས་གཞན་ལ་ཕན་པའི་བྱ་བ་ཅི་འགྲུབ་ཅིག་བྱེད་དགོས་པ་རེད།

༈ དེ་ལྟ་བུའི་ལྷག་བསམ་རྣམ་དག་ཅིག་ཡོད་དུས། དེས་གང་ལ་དམིགས་དགོས་ན། རང་འབྲས་བླ་མེད་བྱང་ཆུབ་ལ་དམིགས་དགོས་པ་རེད། རང་འབྲས་བླ་མེད་བྱང་ཆུབ་ལ་དམིགས་ཞེས་པ་དེ་ནི། ཨོ་རྒྱན་ཆེན་པོས། སངས་རྒྱས་མ་ཐོབ་བདེ་བ་གང་ནའང་མེད། །ཅེས་གསུངས་པ་ལྟར། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་བདེ་བ་མེད་པར་མ་ཟད། ཉན་རང་སོགས་གནས་སྐབས་ཀྱི་འབྲས་བུ་རེ་ཐོབ་ཀྱང་། རྒྱལ་ཚབ་བྱམས་པས། །དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་སོ། །གསུངས་པ་ལྟར། ཉན་རང་སོགས་ཀྱིས་ཀྱང་ད་གཟོད་སངས་རྒྱས་ཀྱི་ས་ལ་རིམ་གྱིས་བགྲོད་དགོས་ན་མཐར་འབྲས་སངས་རྒྱས་མ་ཐོབ་ནས་བཟུང་། བདེ་སྐྱིད་ཅིག་གང་ནའང་མེད་པའི་ཕྱིར་ན། དུས་དེ་རིང་ཉི་མ་ཕན་ཆད་ནས་བཟུང་སྟེ་ཁ་ཙམ་ཚིག་ཙམ་མ་ཡིན་པར་། སྙིང་ཁོང་རུས་པའི་གཏིང་ནས། ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་སྲིད་ཞིའི་སྡུག་བསྔལ་མཐའ་དག་ལས་བསྒྲལ་ཏེ་རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ། དམ་པའི་ཆོས་འདི་ཉིད་ལ་འཆད་ཉན་དང་བསྒོམ་སྒྲུབ་སོགས་ལེགས་པར་བྱེད་དགོས་སྙམ་པའི་སྒོ་ནས་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་ལྡན་པའི་སྒོ་ནས་གསན་པ་སོགས་ལ་རེམ་པ་གལ་ཆེ། ཞེས་པ་འདི་ཀུན་གཟིགས་མཁན་ཆེན་བླ་མའི་ཞལ་གསུང་སྒྲ་ཐག་འཁོར་ལོ་ལས་ཞལ་བཤུས་པ་ཡིན་ནོ། །

ངེས་དོན་དབུ་མ་ཆེན་མོའི་སྒོམ་རིམ།

༈ ངེས་དོན་དབུ་མ་ཆེན་མོའི་སྒོམ་རིམ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །རང་མལ་དུ་རང་བློ་བག་ལ་ཕབ་སྟེ། སྐྱབས་སུ་འགྲོ་བས་གཞི་བཟུང་ནས། ཐོག་མར་བློ་ལྡོག་རྣམ་པ་བཞི་ལ་བརྟེན་ཏེ། ངེས་པར་འབྱུང་བའི་བློ་སྲིད་པ་མཐའ་དག་ལ་ཞེན་པ་གཏིང་ནས་ལྡོག་པ་ཞིག་སྐྱེ་ན། ཐར་བའི་ལམ་གྱི་སྣེ་ལེགས་པར་ཟིན་པ་ཡིན་ལ། དེ་ནས། སློབ་དཔོན་ཨཱརྱ་དེ་ཝས། མདོར་ན་ཆོས་ནི་མི་འཚེ་ཡིན། །ཞེས་གསུངས་པ་ལྟར། གཞན་གནོད་སྤོང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་སོ་ཐར་རིགས་བདུན་གང་རུང་རང་རྒྱུད་ལ་བླངས་ནས། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་དེའི་རྒྱུ་གྲུང་པོ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཡིན་པས་བྱམས་དང་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་དང༌བློ་སྦྱོང་གི་ཚུལ་རྣམས་ཡིད་ལ་བྱས་ནས། རང་གི་སེམས་འདི་ལས་སུ་རུང་བར་བྱ་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལེགས་པར་གསུངས། །ཞེས་དང༌། དཔལ་དགེ་རིན་པོ་ཆེས། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་བ་ཡང༌། །འབབས་ས་སེམས་ཀྱི་ཞིང་ས་འདི་ཁོ་ན། །ཞེས་དང༌། རྒྱལ་སྲས་ཞི་བ་ལྷས། སེམས་སྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར། དགེ་སྡིག་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་ལ་སེམས་འདི་ངན་རེངས་སུ་སོང་ནས། ལུས་དང་དེ་བཞིན་ལོངས་སྤྱོད་སོགས་ལ་བདག་ཏུ་འཛིན་ན་སངས་རྒྱས་ཐོབ་པ་ཕར་ཞོག་ཐར་བ་ཙམ་ཡང་མི་འཐོབ་པས། ཐོག་མར་འདི་ལྟར་ལུས་སོགས་ལ་གཅེས་པར་བཟུང་ན་ཡང༌ནམ་ཞིག་དབང་མེད་དུ་འབྲལ་ཞིང་འདོར་བ་སོགས་ཀྱི་ཚུལ་ལ་བསམ་ནས། བདག་ཏུ་འཛིན་པའི་གཞི་གསུམ་གཞན་ལ་གཏོང་སེམས་ཡང་ཡང་གོམས་པར་བྱ་སྟེ། ད་ལྟ་གཏོང་སེམས་གོམས་པ་དགོས་པ་མཆོག་དང་ལྡན་པའི་ཕྱིར་རོ། །དེ་ནས་བདག་གཞན་མཉམ་པ་དང་བརྗེ་བ་བསྒོམས་ནས་བློ་ལས་སུ་རུང་བ་ཞི་གནས་ཀྱི་ཏིང་ངེ་འཛིན་གྱིས་སེམས་འདི་དུལ་བར་བྱས་ནས། དེ་རྗེས་སྲིད་རྩ་དྲུངས་ནས་འབྱིན་ཀྱང༌སྒྲིབ་གཉིས་ཀྱི་གཉེན་པོར་བདག་མེད་སྟོང་པ་ཉིད་བསྒོམ་དགོས་པས། དེ་ཡང་ཐོག་མར་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་དེའི་ཚུལ་གཏན་ལ་ཕབ་སྟེ། བདག་མེད་ཀྱི་དོན་ལ་ངེས་ཤེས་ནང་ནས་སྐྱེ་བ་ཞིག་དགོས་ཏེ། འཇམ་མགོན་མི་ཕམ་པས། སྒོམ་པ་ངེས་ཤེས་དང་མ་བྲལ་བ་ཞིག་དགོས་ཞེས་ཡང་ཡང་གསུངས་པ་བཞིན་ནོ། །དེས་ན་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་གཏན་ལ་ཕབ་པའི་ཚུལ་ཅུང་ཟད་ཙམ་སྨོས་ན། སྤྱིར་ངའམ་བདག་ཏུ་འཛིན་པ་ལས། ཆགས་སོགས་ཉོན་མོངས་ཐམས་ཅད་དང་སྡུག་བསྔལ་ཐམས་ཅད་འབྱུང་སྟེ། འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ནས། །ཞེས་དང༌། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་ཡོངས་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་ལྟར། བདག་ཡོད་པར་བཟུང་ན་བདག་ལ་སྲེད་པས། ཆགས་སྲེད་ཀྱི་དབང་གིས་བདག་བདེ་བ་དང་འཕྲད་པར་འདོད་ལ། འཇིག་སྲེད་ཀྱི་དབང་གིས་བདག་སྡུག་བསྔལ་དང་བྲལ་བར་འདོད་པ། རྨོངས་པའི་དབང་གིས་སྐྱེ་བའི་གནས་ཡོངས་སུ་འཛིན་པ་ནི། དེ་ལས། བདག་ལ་ཆགས་པ་དང་ལྡན་པས། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་དོར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། །ཞེས་པ་ལྟར། འཁོར་བར་སྐྱེ་བའི་རྩ་བ་བདག་འཛིན་ཡིན་པར་སངས་རྒྱས་ཀྱི་གསུངས་པ་ལྟར། རིགས་པས་ཀྱང་ལེགས་པར་གྲུབ་ལ། ཐག་ཁྲ་ལ་སྦྲུལ་འཛིན་བཞིན་དུ། བདག་མེད་པ་ལ་ཡོད་པར་འཛིན་པ་དེ་ནི་འཁྲུལ་བ་ཁོ་ན་ཡིན་ཏེ། ཐག་པ་ལ་སྦྲུལ་མེད་པ་བཞིན་དུ་ཕུང་པོ་འདི་ལ་ཡང་ངའམ་བདག་ཅིག་གཏན་ནས་མེད་པའི་ཕྱིར། དེ་ལྟར་གྲུབ་སྟེ། ཕྱི་ལུས་ལ་བསམ་ན་ཡང་། སྤྱོད་འཇུག་ལས། སོ་དང་སྐྲ་སེན་བདག་མ་ཡིན། །སོགས་དང༌། ནང་བློ་ལ་བསམ་ན་ཡང༌། རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། །ཞེས་གསུངས་པ་དང༌། སེམས་ལས་བྱུང་བ་རྣམས་ཀྱང་བདག་མིན་ཏེ། དུ་མ་དང་མི་རྟག་པའི་བདག་ཉིད་ཡིན་པའི་ཕྱིར། གཞན་ཡང་འདས་དང་མ་འོངས་པའི་སེམས་བདག་མ་ཡིན་ཏེ། མེད་པའི་ཕྱིར་དང༌། སྐྱེ་སེམས་ད་ལྟ་བ་ཡང་བདག་མ་ཡིན་ཏེ། སྐད་ཅིག་གིས་འགག་ཅིང་མི་རྟག་པ་དང༌མི་བརྟན་པའི་ཕྱིར་རོ། །བདག་མེད་པ་དེས་ན། བདག་ཡོད་དུ་འཛིན་པ་འཁྲུལ་བ་ཁོ་ན་ཡིན་པས། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་དྲུངས་ནས་འབྱིན་པ་ཡིན་ནོ། །ད་རུང་ཞིབ་ཏུ་ན། རྣམ་བདུན་ཤིང་རྟའི་རིགས་པས་བདག་ཕུང་ལ་དཔྱད་པ་ཡང༌། ཕུང་པོ་ལས་གཞན་དུ་གྱུར་བའི་བདག་མེད་ལ། ཕུང་པོ་དང་བདག་གཅིག་ཀྱང་མ་ཡིན་ལ། འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་བཞིན་བདག་ཕུང་པོ་ལ་བརྟེན་པ་ཡང་མིན་ལ། དེ་བཞིན་ཕུང་པོ་བདག་ལ་བརྟེན་པ་ཡང་མིན་ནོ། །ལྷ་སྦྱིན་ནོར་དང་ལྡན་པའམ་གཟུགས་དང་ལྡན་པ་བཞིན་དུ་ངོ་བོ་ཐ་དད་དང༌། གཅིག་ཏུ་ཡང་ལྡན་པ་མིན་ཏེ། བདག་མ་རྙེད་པའི་ཕྱིར། ཕུང་པོའི་དབྱིབས་དང་ཚོགས་པ་ཡང་བདག་མིན་པས་ན། རྣམ་པ་བདུན་གྱིས་བཙལ་ན་བདག་མེད་པས་ན། ཐོ་ཡོར་ལ་མིར་འཛིན་པ་དང་ཐག་ཁྲ་ལ་སྦྲུལ་འཛིན་བཞིན་དུ། བདག་མེད་པ་ལ་ཡོད་པར་འཛིན་པའི་བློ་འཁྲུལ་བ་ཁོ་ན་ཡིན་ནོ། །དེ་ལྟར་ངའམ་བདག་མེད་པར་གཏན་ལ་ཕབ་ནས་བདག་མེད་སྟོང་པ་ཉིད་རྟོགས་པའི་བློ་དེ། ཆོས་ཀྱི་གྲགས་པས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་གསུངས་པ་ལྟར། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་དང༌། བདག་འཛིན་དེས་བསྐྱེད་པའི་ཉོན་མོངས་པ་ཐམས་ཅད་དང་འགལ་བས་ན། བདག་མེད་དེ་ཡང་ཡང་གོམས་པར་བྱས་ཏེ་མཐར་བདག་མེད་པའི་གནས་ལུགས་མངོན་དུ་བྱའོ། །ཆོས་ཀྱི་བདག་མེད་ནི། གང་སྣང་བའི་ཆོས་ཀུན་རྒྱུ་འབྲས་ངོ་བོ་ཉིད་གསུམ་དུ་སྣང་བཞིན་དུ། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་རིགས་པས་དཔྱད་ན། དངོས་པོའི་ཆོས་ཐམས་ཅད་བདག་དང་གཞན་དང་གཉིས་ཀ་དང༌གཉིས་མིན་གྱི་མཐའ་བཞི་ལས་མ་སྐྱེས་པས་རྒྱུ་མཚན་མ་མེད་པར་གྲུབ་ལ། འབྲས་བུའི་ཆོས་རྣམས་ཡོད་མེད་སྐྱེ་འགོག་གིས་དཔྱད་ན། མ་སྐྱེས་པས་འབྲས་བུ་སྨོན་པ་མེད་པར་གྲུབ་ལ། ཆོས་རྣམས་ཀྱི་ངོ་བོ་ལ་གཅིག་དུ་བྲལ་གྱིས་དཔྱད་ན་མ་གྲུབ་པས་ངོ་བོ་སྟོང་པ་ཉིད་དུ་ལེགས་པར་གྲུབ་པ་དང༌། རྒྱུ་འབྲས་ངོ་བོའི་ཆོས་ཐམས་ཅད་རྟེན་འབྲེལ་ཆེན་མོའི་རིགས་པས་སྟོང་ཉིད་དུ་གྲུབ་སྟེ། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པ། །ཞེས་གསུངས་པ་བཞིན་ནོ། །གྲངས་ཅན་པ་སོགས་ཀྱི་འདོད་པ་ལྟར། རྒྱུ་དེ་འབྲས་བུའི་བདག་ཉིད་ཡིན་པ་ལས་སྐྱེ་ཡི། རྒྱུ་ལ་འབྲས་བུ་མེད་ན་སྐྱེ་མི་རུང་ངོ་ཞེ་ན། རྒྱུ་དེ་འབྲས་བུའི་བདག་ཉིད་དུ་ཡོད་པ་ཡིན་ན། སྐྱེ་མི་དགོས་ཏེ། རྒྱུའི་སྐབས་སུ་འབྲས་བུའི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར་ཞེས་པ་ལ། ཁོ་ན་རེ་རྒྱུའི་གནས་སྐབས་ན་མི་གསལ་བ་དེ་གསལ་བར་སྐྱེའོ་ཞེ་ན། དེ་ལྟར་ན་གསལ་བ་དེ་སྔོན་མེད་ཀྱང་ཕྱིས་སུ་སྐྱེ་བར་འདོད་ན། སྔར་མེད་སྐྱེ་མི་རུང་བའི་དམ་བཅའ་དང་འགལ་ལ། རང་གི་བདག་ཉིད་དུ་ཡོད་ཀྱང༌སྐྱེ་དགོས་ན། ས་བོན་འབའ་ཞིག་ཐུག་མེད་དུ་འབྱུང་བས་མྱུ་གུ་སྐྱེ་བའི་སྐབས་མི་འཐོབ་པ་དང༌། ས་མྱུག་གཉིས་བདག་ཉིད་གཅིག་ཡིན་ན་མྱུ་གུའི་གནས་སྐབས་ན་ཡང༌ས་བོན་སྐྱ་རུག་གི་རྣམ་པ་ཡོད་པར་ཐལ་བ་དང༌། ཡང་ན་མྱུ་གུའི་གནས་སྐབས་ན་ས་བོན་མེད་པ་བཞིན། མྱུ་གུ་སྔོ་ལྗང་གི་རྣམ་པ་ཡང་མེད་པར་ཐལ་ཏེ། མྱུ་གུ་དེ་ས་བོན་དང་གཅིག་ཡིན་པའི་ཕྱིར། ས་བོན་གཞན་ལས་མྱུ་གུ་གཞན་སྐྱེའོ་ཞེ་ན། འོ་ན་མེ་ལས་ཀྱང་མུན་པ་འབྱུང་བར་ཐལ། གཞན་ལས་གཞན་འབྱུང་བའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། ས་བོན་ལས་མྱུ་གུ་འབྱུང་སྟེ། དེ་ལས་དེ་འབྱུང་བར་སྣང་བ་དང༌། དེ་ལ་དེ་བསྐྱེད་པའི་ནུས་པ་ཡོད་པའི་ཕྱིར་དང༌། དེ་ལས་དེ་འབྱུང་བ་ཆོས་ཉིད་ཡིན་པའི་ཕྱིར་ཞེ་ན། འཁྲུལ་བའི་རྒྱུ་མཚན་གྱིས་ཡུན་རིང་པོ་ནས་ཟིན་པའི་ཕྱིར། དེ་ལྟར་སྣང་བ་ཙམ་གྱིས་ཚད་མར་མ་གྲུབ་པ་དང༌། ནུས་པ་ཡང༌། སྐྱེས་ལ་ནུས་པ་སྲིད་པ་ཡོད་མ་ཡིན། །མ་སྐྱེས་ངོ་བོ་ལ་ཡང་ནུས་ཡོད་མིན། །ཞེས་པ་སོགས་ཀྱིས་གནོད་ལ། ཡང་ཆོས་ཉིད་ཡིན་ནོ་ཞེ་ན། ཆོས་ཉིད་ཡིན་ན་བདག་མེད་བཞིན་དུ་རིགས་པས་ལེགས་པར་གྲུབ་པ་ཞིག་དགོས་ན་ཆོས་ཉིད་ཀྱང་མིན་ནོ། །སྐྱོན་གཞན་ཡང་། མྱུ་གུའི་གནས་སྐབས་ན་གཞན་དུ་གྱུར་བའི་ས་བོན་མེད་ལ། ས་བོན་གྱི་སྐབས་ན་གཞན་དུ་གྱུར་བའི་མྱུ་གུ་མེད་པས་གཞན་ལས་གཞན་འབྱུང་ཞེས་པའང་མིང་ཙམ་མོ། །འཕགས་པའི་མཉམ་བཞག་གི་གཟིགས་པ་ཚད་མར་བྱེད་པའི་སྐབས་འདིར། འཇིག་རྟེན་ཚུར་མཐོང་གི་བློས་གནོད་པ་མིན་ཏེ། ལུང་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་སོ། །ཡང་འགའ་ཞིག་བདག་གཞན་གཉིས་ཀ་ལས་སྐྱེ་སྟེ། བྱམས་པ་ཚེ་རབས་གཞན་དུ་ཡོད་པའི་སྲོག་གི་དབང་པོ་ལས་སྐྱེ་བས་བདག་སྐྱེ་དང༌། ཚེ་འདིའི་ཕ་མའི་ཁུ་ཁྲག་སོགས་ཀྱིས་སྐྱེས་པས་གཞན་ལས་ཀྱང་སྐྱེ་བ་དེས་ན་བདག་གཞན་གཉིས་ཀ་ལས་སྐྱེའོ་ཞེ་ན། བྱེ་མ་རེ་རེ་ནས་བཙིར་ན་མར་མི་འབྱུང་ན། གཉིས་སོགས་ལྷན་དུ་བཙིར་བས་ཀྱང་མར་མི་འབྱུང་བ་བཞིན། བདག་དང་གཞན་རེ་རེ་ནས་འབྲས་བུ་འབྱུང་མི་རུང་ན། བདག་གཞན་གཉིས་ཚོགས་ཀྱང་འབྲས་བུ་འབྱུང་མི་རུང་ངོ༌། །གལ་ཏེ་རྒྱུ་མེད་དུ་འབྱུང་ངོ་ཞེ་ན། ཞིང་པ་རྣམས་ཀྱིས་ཀྱང་སྟོན་དུས་ལོ་ཏོག་སྒྲུབ་པའི་ཆེད་དུ་ས་བོན་ཉོ་བཙལ་དང༌། རྨོ་བཀོལ་སོགས་གང་ཡང་མི་དགོས་པར་ཐལ་བ་དང༌། རྒྱུ་ལ་མ་ལྟོས་པར་འབྱུང་ན་ནམ་མཁའ་ལ་ཡང་མེ་ཏོག་གི་སྐྱེད་ཚལ་སྣ་ཚོགས་པ་ཡོད་པར་ཐལ་ལོ། །ཡང་ན་དངོས་པོ་ཐམས་ཅད་གཏན་མི་སྣང་བར་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་རོ། །དེས་ན་རྒྱུ་ལ་བརྟགས་ན་དངོས་པོ་བདེན་གྲུབ་ཀྱི་རྒྱུ་མཚན་མར་གྲུབ་པ་གང་ཡང་མེད་དོ། །འབྲས་བུ་ལ་དཔྱད་ན་ཡང༌། འབྲས་བུ་དེ་དང་པོ་ནས་ཡོད་ན་ཁོ་ལ་སྐྱེད་བྱེད་ཅི་དགོས་ཏེ། གྲུབ་ཟིན་པའི་ཕྱིར། འབྲས་བུ་དེ་དང་པོ་མེད་དོ་ཟེར་ན། བསྐྱེད་མི་ནུས་ཏེ། རྒྱུ་དངོས་པོ་ཡིན་པ་གང་ཞིག དངོས་དང་དངོས་མེད་དངོས་འགལ་ཡིན་པའི་ཕྱིར། དཔེར་ན་བྱེ་བ་བརྒྱ་ཕྲག་གི་རྒྱུ་ཚོགས་ཀྱང༌རི་བོང་རྭ་དངོས་པོར་བསྒྱུར་མི་ནུས་པ་བཞིན་ནོ། །འོ་ན་རྒྱུ་ལས་འབྲས་བུ་སྣང་བ་ཇི་ལྟར་ཡིན་ཞེ་ན། རྨི་ལམ་དང་གཟུགས་བརྙན་བཞིན་སྟོང་པར་རྟོགས་ན། སྣང་ཙམ་གྱི་འཁོར་བ་མི་འཆིང་བས། སྟོང་པར་ཤེས་པའི་སྣང་བ་ཙམ་དགག་པ་ཡང་མིན་ཏེ། སྤྱོད་འཇུག་ལས། འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་པ་ལྟར་རོ། །དེས་ན་འབྲས་བུར་གྱུར་པ་གང་ལ་ཡང་བདེན་པར་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པ་དེས་འབྲས་བུ་སྨོན་པ་མེད་པར་གྲུབ་བོ། །ཆོས་རྣམས་ཀྱི་ངོ་བོ་ལ་བསམ་ན་ཡང༌། རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྲུབ་སྟེ། བུམ་པ་དང་ཤིང་རྟ་སོགས་དངོས་པོ་གང་ལ་བསམ་ཡང་བདེན་པར་མ་གྲུབ་སྟེ། གཅིག་བདེན་དུ་གྲུབ་པ་ཞིག་ཀྱང་མེད་ལ། དུ་མར་བདེན་པར་གྲུབ་པ་ཞིག་ཀྱང་མེད་དོ། །གཅིག་བདེན་དུ་མ་གྲུབ་སྟེ། བུམ་པ་དེ་ཁ་ཁྱེར་ལྟོ་བ་སོགས་དུ་མ་དང༌། ཤིང་རྟ་དེ་འཕང་ལོ་སྲོག་ཤིང་སོགས་དུ་མ་ཡིན་པའི་ཕྱིར། དུ་མར་བདེན་པར་ཡང་མི་གྲུབ་སྟེ། དུ་མའི་རྩོམ་གཞི་གཅིག་བདེན་མི་རྙེད་པའི་ཕྱིར། ཁྱབ་སྟེ། དུ་མའི་རྩོམ་གཞི་གཅིག་ཡིན་པའི་ཕྱིར། དེ་ལྟར་གཅིག་པུར་བདེན་པར་གྲུབ་པ་དང༌། དུ་མར་བདེན་པར་གྲུབ་པ་ཁེགས་ན། ཁྱབ་བྱེད་ཁེགས་པས། ཁྱབ་བྱ་བདེན་པ་ཡང་ཁེགས་པ་ཡིན་ཏེ། ཤིང་ཁེགས་ན་ཤ་བ་ཁེགས་པ་བཞིན་ནོ། །དེ་ལྟར་གཏན་ལ་ཕབ་པས་ཆོས་ཐམས་ཅད་ངོ་བོ་སྟོང་པ་ཉིད་དུ་གྲུབ་བོ། །དེ་ལྟར་རྒྱུ་འབྲས་ངོ་བོའི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའི་སྟོང་ཉིད་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་དངོས་པོ་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །ཅེས་གསུངས་པ་ལྟར་རོ། །དཔལ་ལྡན་ཟླ་བས། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཞེས་པ་ལྟར། རྒྱུ་མེད་པ་ལས་ཀྱང་འབྲས་བུ་འབྱུང་བར་སྣང་ལ། མེ་ལོང་དྭངས་པ་དང་བྱད་བཞིན་འཚོགས་ན་འབྲས་བུ་གཟུགས་བརྙན་མ་གྲུབ་ཀྱང་སྣང་བ་དང༌། རྨི་ལམ་གྱི་ཚེ་ན་རྟ་གླང་སོགས་སྣང་བ་ལྟར། འབྲས་བུ་མ་གྲུབ་པ་ཡང༌རྒྱུ་རྐྱེན་ཚོགས་ན་སྣང་དུ་རུང་བ། དེས་ན་གང་སྣང་དུ་རུང་ན་སྟོང་ཉིད་ཡིན་ལ། སྟོང་ཉིད་ཡིན་པས་ན་སྣ་ཚོགས་སུ་སྣང་བ་ཡིན་པ། དེས་ན་སྟོང་དང་རྟེན་འབྱུང་དོན་གཅིག་ཡིན་པར་གསུངས་པ་ངེས་པར་གྲུབ་བོ། །རྒྱལ་སྲས་ཆེན་པོས། གཉིས་ཀ་ཡང་ནི་འདོད་པའི་དཔེས། །ཞེས་གསུངས་པ་ལྟར། གང་སྣང་ན་བདེན་མེད་ཡིན་པས་ཁྱབ་པས་ན་རང་བཞིན་མེད་པར་གྲུབ་ལ། བདེན་པར་གྲུབ་པའི་དཔེ་ཞིག་ཤེས་བྱ་ལ་མ་གྲུབ་པས་མི་རྙེད་དོ། །དེས་ན་དངོས་པོའི་ཆོས་ཐམས་ཅད་བརྟེན་ནས་སྐྱེ་བ་ཡིན་པ་དང༌། དངོས་མེད་རྣམས་ལྟོས་ནས་བཏགས་པ་ཙམ་ཡིན་ཏེ། ཞི་བ་ལྷས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་བརྫུན། །དེས་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །ཞེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས། བརྟེན་ནས་སྐྱེ་བ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དོན་ལ་དངོས་དང་དངོས་མེད་གང་ཡང་མ་གྲུབ་པས་ཡོད་མེད་ཀྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ། ཇི་སྐད་དུ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལྟར། མཐའ་གང་ལའང་མི་གནས་མི་དམིགས་པར་བསལ་བཞག་དང་བྲལ་བར་འཇོག་པ་ཡིན་ཏེ། རྒྱལ་ཚབ་ཆེན་པོས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར། རྣམ་རྟོག་གི་མཚན་མ་དང༌། དམིགས་པ་གང་ཡང་ཡིད་ལ་མི་བྱེད་པར། གང་ཤར་གྱི་རང་ངོ་ལ་བསལ་བཞག་མེད་པ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་ཞལ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། སེམས་དང་སེམས་བྱུང་གི་སྤྲོས་པ་ཐམས་ཅད་ཞི་སྟེ། གཟུང་འཛིན་གཉིས་དང་བྲལ་བའི་རྣམ་པར་མི་རྟོག་པ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བའི་ཚེ། རྒྱུད་བླ་མ་ལས། ནང་གི་བདག་ཉིད་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་དང༌། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་བཞིན། མཉམ་བཞག་གི་རིག་ངོ་ན་ངོས་བཟུང་གང་ཡང་མ་གྲུབ་པར་བློ་བྲལ་རྗེན་པར་མཐོང་བ་དེ་ཟབ་མོ་དབུ་མ་ཆེན་པོའི་དོན་རྟོགས་པ་ཡིན་ནོ། །དེ་ལྟར་བསམ་བྱུང་གིས་བརྟག་སྟེ་ངེས་པ་རྙེད་པའི་དོན་ལ་སྒོམ་བྱུང་གི་ཤེས་རབ་བསྐྱེད་པའི་ཚེ། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཆེན་པོ་ལ་འགོད་འདོད་ཀྱི་སྙིང་སྟོབས་བཅོས་མ་མ་ཡིན་པ་སྐྱེ་ཞིང༌། དེ་ཡང་དཔལ་ལྡན་ཟླ་བས། དམ་བཅའ་བ་འདི་ཡང་གཉིས་སུ་མེད་པའི་ཡེ་ཤེས་སྤངས་བས་སྒྲུབ་པར་མི་ནུས་པས། གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་ངེས་པ་ཁོ་ནར་འཇུག་སྟེ། ཞེས་གསུངས་པ་ལྟར། སྙིང་སྟོབས་ཆེན་པོའི་བྱང་ཆུབ་ཀྱི་སེམས་དེའི་རྒྱུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་ལ་ངང་གིས་འཇུག་པས་ཟབ་མོའི་རྒྱུ་འབྲས་ཀྱི་འབྲེལ་བ་འཁོར་ལོ་ལྟར་བར་མ་ཆད་པར་འབྱུང་ངོ༌། །མདོར་ན་མཉམ་བཞག་ཏུ་སྤྲོས་བྲལ་ནམ་མཁའ་ལྟ་བུ་དང༌། རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་ཆུ་ཟླ་ལྟར་མ་གྲུབ་པར་བལྟས་ནས་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་དུ་བསྔོ་བ་བྱེད་པ་དེ་ནི་སྦྱོར་དངོས་རྗེས་གསུམ་ཚང་བའི་ཉམས་ལེན་བྱེད་ཚུལ་ཡིན་ནོ། །ཞེས་པ་འདིའང་གོ་སླ་བའི་ཚུལ་གྱིས་རྒན་བུ་གྱི་ན་བ་དགེ་ལེགས་ཆོས་འཕེལ་ནས་སྨྲས་པ་དགེའོ།། །།

ངེས་གསང་རྫོགས་པ་ཆེན་པོའི་གནད་དོན་རྗེན་ཅར་སྟོན་པ་ཕ་ཅིག་རྡོ་རྗེ་འཆང་གི་ཞལ་ལུང་།

༄༅། །ངེས་གསང་རྫོགས་པ་ཆེན་པོའི་གནད་དོན་རྗེན་ཅར་སྟོན་པ་ཕ་ཅིག་རྡོ་རྗེ་འཆང་གི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏིཀྵྞ་ཡ། དེ་ཡང་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས་གསུངས་ན། དང་པོ་གཞི་ལས་གཞི་སྣང་ཤར་ནས། ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་བའི་གནས་སྐབས་ན། ཀུན་ཏུ་བཟང་པོ་གཞི་སྣང་ཤར་བའི་སྟེང་ནས་གྲོལ། སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་ནས་འཁྲུལ་བ་ཡིན། དེ་འདྲ་མིན་ན་རྫོགས་ཆེན་པ་རང་གི་དཔྱད་དུས། དཔེར་ན། ཚད་མ་རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར། རང་ལ་ཐབས་དང་ཐབས་བྱུང་གི་འགོག་ལམ་དེ་ལྐོག་གྱུར་ཡིན་ན། དེ་གཞན་ལ་ཇི་བཞིན་རང་སྟོབས་ཀྱིས་སྟོན་མི་ནུས་སོ། །དེའི་ཕྱིར་སངས་རྒྱས་སེམས་ཅན་གཉིས་ཀྱི་སྔོན་དུ། ཐོག་མ་ཉིད་ནས་ཁྱད་ཆོས་དྲུག་ལྡན་གྱི་ངོ་བོར་གྲོལ་བའི་སངས་རྒྱས་ཤིག་ཡོད་དགོས། གལ་ཏེ་མེད་ན་སངས་རྒྱས་སེམས་ཅན་གཉིས་ལས་སེམས་ཅན་སྔ། དེ་སྔ་ན་ཐམས་ཅད་འཁྲུལ་བ་ཡིན་མཉམ་འདྲ་བས་སུ་ཞིག་གིས་ལམ་སྟོན། དེས་ན་སངས་རྒྱས་གཅིག་ཀྱང་མི་འབྱུང་ངོ༌། །ཁྱད་ཆོས་དྲུག་ནི། གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་གྲོལ་བ། རང་སར་གནས་པ། ངང་ལས་མི་གཡོ་བ་དང་དྲུག་གོ །

༈ ཀུན་ཏུ་བཟང་པོ་གཞི་སྣང་གི་སྟེང་ནས་ཁྱད་ཆོས་དྲུག་གིས་མངོན་པར་རྫོགས་པར་སངས་རྒྱས་དུས་དེར། དབྱིངས་ནང་གསལ་དུ་སྐུ་གསུམ་གྱི་འཆར་གཞི། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པ་ཡིན། དཔེར་ན་ཤེལ་འོད་ནང་དུ་ཐིམ་པ་ལྟ་བུ་སྟེ། དེ་ཡང་ཤེལ་ཉིད་ཉི་མའི་རྐྱེན་གྱིས་སྐབས་ལ་ལ་ན་ཤེལ་འོད་ཕྱིར་འཕྲོ་ཞིང༌། རྐྱེན་དང་མ་འཕྲད་པའི་སྐབས་ཤེལ་འོད་དངོས་སུ་མི་མཐོང་ཡང་མེད་སོང་བ་མ་ཡིན། གལ་ཏེ་མེད་སོང་ནི་ཡིན་ན་ཕྱིས་རྐྱེན་དང་འཕྲད་ཀྱང་སྣང་རྒྱུ་མེད་མོད་དེ་འདྲ་མ་ཡིན་ནོ། །དེ་བཞིན་དབྱིངས་ཕྱི་གསལ་དུ་འཆར་བ་ལས། རང་སྣང་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པར་འཆར་ཞིང༌། དེ་ལས་གཞན་ས་བཅུའི་རྒྱུན་མཐའ་ལ་གནས་པའི་ངོ་ཁར་གཞན་སྣང་ངམ་ཕྱེད་སྣང༌། དེ་ལ་གནམ་ཟླ་ལས་ཆུ་ཟླ་ལྟར་རང་བཞིན་སྤྲུལ་པའི་ཞིང་དང༌། མ་དག་འགྲོ་བའི་ཁམས་སུ་ཐུབ་པ་དྲུག་སོགས་སྣང་བ་ཡིན། དབྱིངས་ཕྱི་གསལ་དང་ནང་གསལ་ནི་དཔེར་ན་བཅོ་ལྔའི་ཟླ་བ་དང༌། གནམ་གང་གི་ཟླ་བ་ལྟར་རོ། །སྤྱིར་ཀུན་ཏུ་བཟང་པོ་ཁོང་ངོ་མ་ནི་ཞལ་ཕྱག་མཚན་མའི་ཆོས་སུ་གྲུབ་པ་དེ་འདྲ་ཞིག་མིན་པར་ཤེས་དགོས་གསུངས།

༈ ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཞལ་སྔ་ནས། སྤྱིར་རྫོགས་པ་ཆེན་པོའི་གདུལ་བྱ་ལ། སྣང་བ་ཡུལ་གྱི་བློ་ཅན་དང༌། རིག་པ་རང་སྣང་གི་བློ་ཅན་གཉིས་ཡོད་ཀྱང་ཕྱི་མ་འདི་རེ་ཟུང་ལས་ཤིན་ཏུ་དཀའ་གསུངས། དེས་ན་སྔ་མའི་དབང་དུ་བྱས་ནས་རིམ་གྱིས་པའི་ཁྲིད་གདབ་དགོས། ཐོག་མར་སྒོ་གསུམ་གཙོ་དེད་བྱ། དེ་རྗེས་བྱུང་གནས་འགྲོ་གསུམ་གྱིས་ངར་འཛིན་རྩད་གཅོད་ཤིན་ཏུ་ཞིབ་མོ་དགོས། དེ་རྗེས་ཨ་དཀར་ལ་སེམས་བཟུང་བ་ལྟ་བུ་མཚན་བཅས་ཞི་གནས། དེ་རྗེས་བླ་མ་མཁྱེན་ཞེས་ཞལ་ཕྱག་སོགས་གསལ་མི་དགོས་པར་དེའི་ངང་བསྐྱང་བ་དེ་ནི་མཚན་མེད་ཀྱི་ཞི་གནས་ཡིན་པས་དེ་རྣམས་ནན་ཏན་དང༌། ཡེ་ཤེས་བླ་མའི་གཞུང་ནས་གསུངས་པའི་རུ་ཤན་འདི་རྣམས་གལ་ཆེ་བས་སྔོན་དུ་འགྲོ་དགོས། རིགས་དྲུག་བསྲེགས་སྦྱངས་སོགས་རབ་ལོ་རེ་རེ་བཞིན་སོང་ན་གལ། འབྲུ་གསུམ་བཟླས་པ་འབུམ་བདུན་ལ་མི་ཐུབ་རྒྱུ་ཡང་མི་འདུག ཁྱད་པར་དུ་སེམས་བྱུང་གནས་འགྲོ་གསུམ་གྱི་ཕུ་ཐག་ནང་ནས་ཆོད་པ་ཞིག་གལ་ཆེ་གལ་ཆེ། སྤྱིར་གང་ཟག་གི་ཁམས་དབང་སྣ་ཚོགས་པ་ཡོད་པས་མཐའ་གཅིག་ཏུ་ངེས་པ་མེད་ཀྱང་། བློ་མཆོག་ཅིག་ཆར་བ་ཤིན་ཏུ་དཀོན་ཏེ། མི་ཕམ་རིན་པོ་ཆེས། དེ་འདྲ་བརྒྱ་ལམ་རེ་འགའ་ཙམ། །ཀུན་གྱི་དེ་ལྟར་རྟོགས་མི་ནུས། །ཞེས་གསུངས་པ་ལྟར་རོ། །

༈ དེ་ལ་མཚན་ཉིད་ཐེག་པའི་ལམ་ནས་ལྟ་བ་ཆེས་མཐོ་བ་དབུ་མ་ཐལ་འགྱུར་བའི་ལུགས་ལ་ཡང༌། སྣང་བ་སེམས་སུ་མི་བཞེད་པར་གཞི་ནས་སྣང་བ་ཞིག་མ་གྲུབ་པར་གཏན་ལ་དབབ་པ་ལྟར། འདིར་གསང་བ་རྫོགས་ཆེན་པའི་ལུགས་ལ། འཁྲུལ་སྣང་ཐམས་ཅད་གཞི་མེད་རྩ་བྲལ་མཁའ་ལ་སྐྲ་ཤད་དང༌དུང་སེར་འཛིན་ལྟར་གཏན་ནས་ཡོད་མ་མྱོང་བས་ཐོག་མ་ཉིད་ནས་གཞི་མེད་ཧར་སང་ཆེན་པོར་གསུངས་པ་ཡིན་ཀྱང༌། སྣང་བ་སེམས་སུ་ངོ་སྤྲད་སོགས་གསུངས་པ་རྣམས་གདུལ་བྱ་དྲངས་པའི་དོན་ཙམ་མོ། །སྤྱིར་ཀུན་མཁྱེན་གྱི་གསུང་རྣམས་ན་སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་ཕྱེས་ནས་རྣམ་གཞག་ཞིབ་མོར་གསུངས་ཡོད་དོ། །

༈ སྤྱིར་ཀུན་གཞི་ཟེར་བ་ནི། ཡེ་སྟོང་རྩ་བྲལ་དུ་ཐག་མ་ཆོད་ནས་རང་གར་བཏང་སྙོམས་ལུང་མ་བསྟན་གྱི་ངང་ལ་གནས་ནས་ཡོད་ཚུལ་མེད་ཚུལ་གང་ཡང་མ་ཤེས་ཤིང་འདི་ཡིན་འདི་མིན་གྱི་དབྱེ་བསལ་མེད་པར་ཅི་ཡང་མི་བསམ་པ་དེ་འདྲ་ཞིག་ལ་ཟེར།

༈ སེམས་རིག་ཤན་འབྱེད་སོགས་ཀྱི་སྐབས་ན། སེམས་ནི་ཆུ་ཐིགས་ས་ལ་ལྷུང་བ་ལྟར་ཡུལ་སྣང་འདྲེས་ནས་ཡུལ་གྱི་སྐྱོན་གྱིས་གོས་པར་འགྱུར་ལ། རིག་པ་ནི་དངུལ་ཆུ་ས་ལ་ལྷུང་བ་ལྟར་རྡུལ་གྱིས་མི་གོས་པར་ཡུལ་མེད་རང་གསལ་ཆེན་པོ་ཡིན། སེམས་བུ་ཆུང་ལྟར་གང་ཡང་མི་བསམ་པར་གནས་པ་ཀུན་གཞི་དང༌། སྐྱེ་མེད་རང་གསལ་དུ་ཟང་ཐལ་གྱི་ངོ་བོ་རྗེན་པར་ཤར་བ་ནི་རིག་པ་ཡིན་གསུངས། དཔེར་ན་ཆབ་རོམ་མ་ཡིན་པའི་ཆུ་ཞིག་མེད་ཀྱང་ཆབ་རོམ་ཆུ་མ་ཡིན་པ་ལྟར། ཀུན་གཞི་དང་སེམས་དེ་ཉིད་ཆོས་སྐུ་མ་ཡིན་ལ། སེམས་ཀྱི་རང་གཤིས་ལས་གཞན་པའི་ཆོས་སྐུ་ཞིག་ཀྱང་མེད་པས་འདི་གཉིས་ལག་པའི་ལྟོ་རྒྱབ་ལྟར་ཡིན་ནོ། །

༈ དེ་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི། སེམས་རང་བབས་སུ་བཞག་སྟེ་སྣང་བ་ལ་བཟོ་བཅོས་གང་ཡང་མི་བྱེད་པར་ངོ་ཤེས་ཙམ་ཤེས་མཁན་ཁོ་རང་ཡུལ་མེད་དུ་སོང་ཞིང་དེའི་ངང་མ་བོར་བ་ཙམ་ཞིག་དངོས་གཞིའི་ངོ་སྤྲོད་ཡིན། སེམས་ཉིད་ཞེས་པ་སེམས་ཀྱི་ཆོས་ཉིད་ནི་རིག་པ་ཡིན། དེ་ལས་གཞན་དུ་སེམས་ཀྱི་ཆོས་ཉིད་ཅེས་བྱ་བ་ག་ཤེད་ན་རྟོགས་དཀའ་བ་དེ་འདྲ་ཞིག་བཙལ་མི་དགོས། སེམས་ཀྱི་ཆོས་ཉིད་ནི་རང་བབས་སུ་བཞག་པས་སེམས་མ་བཅོས་པ་དེ་ཉིད་ཡེ་སྟོང་རྩ་བྲལ་ཆེན་པོར་གནས་པ་དེ་ལས་གཞན་ཞིག་མེད། དེའི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་རང་བཞིན་ད་ལྟ་རང་གི་སེམས་ཉིད་དམ་རིག་པ་དེ་ཡིན་ནོ། །འཇམ་མགོན་བླ་མས། སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང༌། །ཞེས་གསུངས་པ་ལྟར། ཧ་ཅང་གི་སླ་ཆེ་བས་གཞན་སུ་ཡིད་མི་ཆེས་པ་ལྟ་བུ་ཞིག་ཡིན་མ་གཏོགས། རྒྱང་ཞིག་ན་མི་རྟོགས་པར་འདུག་རྒྱུ་ཞིག་ཡོད་པ་མ་ཡིན། སེམས་ཉིད་ཁོ་རང་རང་བབས་སུ་བཞག་ན། ཁོའི་རང་གཤིས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མཐའ་གང་དུ་ཡང་མི་གནས་པ་ཟང་ཐལ་རིག་པ་རྗེན་པ་སྐུ་གསུམ་གྱི་རང་བཞིན་ཞེས་བྱ་བ་ཡིན་ནོ། །ཟང་ཐལ་རིག་པ་རྗེན་པ་ཞེས། ཉམས་རྟོགས་སོགས་གང་ལ་ཡང་ཆེད་གཏད་དང་ཞེན་འཛིན་གྱི་བསླད་པས་བཟོ་མ་བཅོས་པར། རིག་པ་སྐད་ཅིག་མ་རང་བབས་སུ་བཞག་པས་གྲོལ་བ་གཞན་ནས་བཙལ་མི་དགོས་སོ། །སེམས་ཉིད་ཀྱི་རང་གཤིས་མངོན་དུ་གྱུར་བའི་སྐབས་ན་སངས་རྒྱས་དང་སེམས་ཅན་ཟེར་བའི་འཐོབ་བྱ་དང་འདོར་བྱ་ཞིག་ཡེ་ནས་རང་གྲོལ་དུ་སོང་བའོ། །མདོར་ན་གང་སྣང་ལ་བཟོ་མི་བཅོས་པར་རང་བབས་སུ་བཞག་པས། གཞག་བྱ་དང་འཇོག་བྱེད་ཐམས་ཅད་དང་བྲལ་བ་དེའི་ངང་མ་བོར་བ་ཙམ་ཞིག་ལ་སྒོམ་པ་ཞེས་གྲགས་སོ། །

༈ ཡང་བློ་མ་བཅོས་པར་འཇོག་པའི་སྐབས་ན། གསལ་རིག་འགགས་མེད་ཡེ་རེ་མེ་རེ་བ། །ཞེས་གསལ་རིག་ཙམ་རྒྱུན་མི་ཆད་ཀྱང༌། མཐའ་དབུས་ཕྱོགས་ཆ་མ་གྲུབ་ཟང་ཐལ་ལེ། །གསུངས་པ་ལྟར། དེའི་ངོ་བོ་མཐའ་གང་དུ་ཡང་མི་གནས་པ་ཟང་ཐལ་རིག་པ་རྗེན་པ་ཡིན་ཀྱང༌། རང་གི་བློས་ཡོད་མེད་བཟང་ངན་སོགས་ཀྱི་མཐའ་ལས་འདས་པ་ཞིག་རེད་བསམ་ནས་ཆེད་འཛིན་དང་གཏད་སོ་བྱུང་ན། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་གསུངས་པ་ལྟར་རོ། །དགེ་མི་དགེ་སོགས་དབང་པོ་དྲུག་གི་ཡུལ་དུ་གང་ཤར་ཀུན་རང་གྲོལ་ཡིན་ལ། གྲོལ་ཞེས་བརྡར་བཏགས་རང་ཡལ་རྗེས་མེད་ཙམ། །ཞེས་གསུངས་པས། དཔེར་ན་ཆུ་ལ་རི་མོ་འབྲི་བ་དང་ཡལ་བ་དུས་མཉམ་པ་ལྟར། རྟོག་པ་གང་སྐྱེས་ཀྱང་སྐྱེ་བ་དང་གྲོལ་བ་དུས་མཉམ་ཡིན། བཟང་ངན་བར་མའི་རྣམ་རྟོག་གང་ཤར་ཡང་རིག་པ་རང་གི་ངོ་བོ་ལ་ཕན་གནོད་དང་གོས་པ་གང་ཡང་མེད་དེ། མེ་ལོང་གི་ངོར་གཟུགས་ལེགས་ཉེས་གང་ཤར་ཡང་མེ་ལོང་ལ་གོས་པ་མེད་པ་ལྟར་ཡིན་ནོ། །

༈ རིག་འཛིན་གོང་མ་རྣམས་ཀྱི་ཉམས་ལེན་གྱི་སྙིང་པོ་དྲིལ་ན། འདིར་རྫོགས་པ་ཆེན་པོ་དོན་གྱི་འཇོག་སོ་ནི། ད་ལྟའི་རང་གི་ཐ་མལ་གྱི་ཤེས་པ་འདི་ལ། བཅོས་བསྒྱུར་དང་སྤང་བླང༌། དགག་སྒྲུབ་དང་རེ་དོགས་སོགས་གང་ཡང་མི་བྱེད་པར། དྲན་ཙམ་རིག་ཙམ་དེའི་ངང་གདངས་མ་ཤོར་བར། ཧ་གོ་ཙམ་གོ་བྱ་གོ་བྱེད་ཐམས་ཅད་དང་བྲལ་བའི་རིག་པ་བརྗོད་མེད་བློ་འདས་དེ་ཀའི་ངང་སྐྱོང་ན། དེ་ལས་གཞན་ན་སྒོམ་ཟེར་རྒྱུ་ཞིག་ཅི་ཡང་མེད་དེ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། ད་ལྟའི་ཤེས་པ་བསྒྱུར་བཀོད་མ་བྱས་པའི། །ཐ་མལ་ཤེས་པ་དྲན་རིག་སྐད་ཅིག་མ། །མ་དོར་ཙམ་གྱི་རང་ཚུགས་མ་ཤོར་ན། །གོལ་ས་མེད་དོ་ཨེ་གོ་སྙིང་གི་བུ། །ཞེས་གསུངས་པ་དང༌། ཀུན་མཁྱེན་བླ་མས། མཚན་ཉིད་བློ་བྲལ་ཡུལ་མེད་རང་གསལ་བ། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །ཅེས་སོ། །དེ་ལ་ང་ཡེངས་འདུག་བསམ་པ་ངོ་ཤེས་མ་ཐག བདེ་འབོལ་འབོལ། གསལ་ལྷང་ལྷང་གང་ཡང་མེད་ཀྱང་། ཡེངས་པ་ཚོར་ཙམ་དེ་ཀའི་ངང་བསྐྱང་བ། དེ་ལས་གཞན་པའི་ཉམས་ལེན་ཞིག་མི་དགོས། ཡེངས་པ་ཚོར་ཙམ་དེ་ཀའི་ཤེས་པ་དེ་རང་ཚུགས་མ་ཤོར་བ་གཞི་མེད་ཧར་སང་ཆེན་པོ་ཡིན་པས་དེ་ཀའི་ངང་ལ་འཇོག་དགོས་གསུངས་པ་ལྟར་རོ། །

༈ ལས་དང་པོའི་སྐབས་ན་ཉོན་མོངས་པ་དང་རྣམ་རྟོག་གང་སྐྱེས་པ་ཐོལ་གྱིས་ངོས་བཟུང་ལ་རྗེས་སུ་མི་འབྲང་བར་རང་སར་འཇོག་དགོས། སྤྱིར་ཅེར་བལྟས་འདི་ཡང་དག་པའི་དོན་ལ་ཅུང་མི་ཉེ་བ་ཡིན། སྒོམ་པ་རབ་དང་བློ་རབ་རྣམས་ཀྱི་གང་སྐྱེས་པ་དེའི་ཚུགས་མི་ཐུབ་པར་རང་ཡང་ཆོས་ཉིད་ཡིན་པས་བལྟ་བའི་ཐབས་མི་དགོས་སོ། །

༈ སྤྱིར་སེམས་དང་རྣམ་རྟོག་གདོད་ནས་སྐྱེ་བ་མེད་པའི་གཞི་མེད་རྩ་བྲལ་དུ་ངེས་ཤེས་རྣལ་མ་སྐྱེ་བ་ཞིག་ཤིན་ཏུ་གལ་ཆེ། ཉམས་ལེན་ལ་ངོས་བཟུང་དང་དམིགས་གཏད་ཡོད་ཚར་དུས་རྫོགས་ཆེན་གྱི་ལམ་མིན། སྟོང་ཉམས་དང་གསལ་ཉམས་སོགས་ཉམས་གང་ཤར་ན། བདེན་མེད་རྩིས་ཆུང་དུ་གཞག་ན་ཕར་དྭངས་འགྲོ་བ་ཡིན། ད་ལྟ་རང་གི་སེམས་འདི་སྐྱེ་སྣང་འགག་སྣང་གནས་སྣང་ཤར་བ་དང༌། ཡིན་མིན་བཟང་ངན་ཐེ་ཚོམ་སོགས་རྣམ་རྟོག་འདི་ནི་སྒོམ་གྱི་སྐྱོན་ཡིན་ནོ། །སེམས་འདི་བྱུང་གནས་འགྲོ་གསུམ་གྱིས་གཞི་མེད་དུ་གཏན་ལ་ཕབ་ནས་སྐྱེ་འགག་ཅན་ཞིག་མེད་པར་ཁོ་ཐག་ཆོད་དེ་གཞི་མེད་རྩ་བྲལ་དུ་རྟོགས་དུས་སེམས་ཀྱི་གཤིས་སམ་རིག་པའི་སྟེང་དུ་བསླེབས་པ་ཡིན། སེམས་གཞི་མེད་རྩ་བྲལ་མྱང་འདས་ཀྱི་རྫོང་ཆེན་གསུངས་པ་ལྟར་རོ། །

༈ སྤྱིར་སེམས་ལམ་བྱེད་དང་ཡེ་ཤེས་ལམ་བྱེད་གཉིས་ཀ་ཁྱད་ཆེ་བ་ཡིན། རྣམ་རྟོག་གིས་རྣམ་རྟོག་འཚོ་ན་སེམས་ལམ་བྱེད་དང༌། རྣམ་རྟོག་ཁོ་གཞི་མེད་རྩ་བྲལ་དུ་སོང་ན་རིག་པའམ་ཡེ་ཤེས་ལམ་བྱེད་ཡིན་ནོ། །

༈ དེ་ཡང་དུས་རྒྱུན་དུ་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར། ད་ལྟའི་ཐ་མལ་གྱི་ཤེས་པ་སྐད་ཅིག་མ་དེ་ཉིད་ཀློད་དེ་མ་ཡེངས་ལ་མི་སྒོམ་པ་ཙམ་དུ་བསྐྱང༌། རྣམ་རྟོག་འགྱུ་ཡང་དེ་ལ་དགག་སྒྲུབ་སོགས་མི་བྱེད་པར་བལྟ་བྱའི་ཡུལ། ལྟ་བྱེད་ཀྱི་སེམས་རང་བབས་སུ་གཞག་ན། རང་ཡལ་རྗེས་མེད་ལ་འགྲོ་བས་དེ་ཀའི་དུས་ན། བཅས་བཅོས་དང་དགག་སྒྲུབ་སྤྲོ་བསྡུ་ཐམས་ཅད་བསྐྱུར་ནས། ཧ་གོ་ཙམ་རིག་ཙམ་དེའི་རང་ཚུགས་མ་ཤོར་བ་དགོས། ཆུ་དང་རིག་པ་བཞག་ན་དྭངས། །ཞེས་པ་ལྟར། གནས་ལུགས་ཀྱི་ངང་ལ་བཞག་པས་ཐམས་ཅད་རང་གྲོལ་དུ་གྱུར་པ་ཡིན། གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱིས། ནམ་དྲན་ལ་ཡང་འཇོག་མ་བྱས་ན། །གཉུག་མའི་རང་ས་ཟིན་པར་གོ། ཞེས་ནམ་དྲན་ལ་ཡང་འཇོག་མ་བྱས་ན་གསུངས་པས། ང་ཡེངས་འདུག་བསམ་ཚེ། རྣམ་རྟོག་སྔ་མའི་གཞུག་གཅོད་དང་ཡེངས་འདུག་སྙམ་པའི་འགྱོད་པ་སོགས་གང་ཡང་མི་བྱེད་པར། ངང་མ་བོར་བ་ཙམ་གྱི་ངང་ལ་གནས་ན་དེ་ལས་གཞན་གང་ཡང་མེད་དོ། །ཀུན་མཁྱེན་བླ་མས། རྣམ་རྟོག་སྐྱེས་ཚེ་ཅེར་གྱི་བལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །བསྒོམ་དུ་མེད་ལ་བསྒོམ་དུ་བྱེད་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དང༌། གུ་རུ་རིན་པོ་ཆེས། རྟོག་པ་རགས་པས་ནང་དུ་མཁན་པོ་ཚོལ། །ཆེད་དུ་སྤང་བླང་མི་དགོས་རང་སར་ཞོག །ཅེས་གསུངས་པ་ལྟར་རོ། །སྤྱིར་ལྟ་བ་རི་བོ་ཅོག་བཞག སྒོམ་པ་རྒྱ་མཚོ་ཅོག་བཞག སྤྱོད་པ་མན་ངག་ཅོག་བཞག འབྲས་བུ་རིག་པ་ཅོག་བཞག ཅེས་བཞིར་གསུངས་མོད། དོན་ལ་ད་ལྟའི་ཤེས་རིག་འདི་ལ་བཟོ་བཅོས་དང་དགག་སྒྲུབ་གང་ཡང་མི་བྱེད་པར་རང་སར་བཞག་དུས། འདི་ཞེས་ངོས་བཟུང་གང་ཡིན་མེད་པ་གསལ་རིག་འགག་མེད་མཐའ་དབུས་ཐམས་ཅད་བྲལ་བ་ཟང་ཐལ་ལེ་བ་ཞིག་ཡོད་པ་དེའི་རྒྱུན་བསྐྱངས་ན། ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་དེ་ལས་གཞན་ན་གང་ཡང་མེད་ལ། ཆོས་སྐུའི་རིག་པ་ངོས་ཟུངས་ཤིག་གསུངས་པ་ལྟར་རོ། །ཅོག་བཞག་བཞི་པོ་འདི་རྣམས་ཀྱང་དོན་ལ་རིག་པའི་ཡེ་ཤེས་གཅིག་གི་ངང་བསྐྱང་བ་ལ་གནད་འདུས་པ་ཡིན་ནོ། །སྤྱིར་རྫོགས་ཆེན་རང་ལམ་ནས། འཕྲོ་བ་མི་དགག གནས་པ་མི་བསྒྲུབ། གཟུང་བ་དང་འགྱུ་དྲན་གྱི་ཡུལ་ལས་འདས་པའི་འཕྲོ་གནས་གཉིས་མེད་ཀྱི་རིག་པ་དྭངས་ལ་མི་གཡོ་བའི་ངང་ལ་འཇོག་གོ །རིག་པ་ལ་གནས་ཆ་དང་དྭངས་ཆ་གཉིས་ལས། གནས་ཆ་བཞག་ནས་དྭངས་ཆ་སྐྱོང་དགོས་པར་སྨིན་གླིང་གཏེར་ཆེན་དང༌། རིག་འཛིན་འཇིགས་མེད་གླིང་པ། མཁན་ངག་ཆུང་རིན་པོ་ཆེ་སོགས་ཀྱི་ཞལ་གསུངས་ལྟར་རོ། །གལ་ཏེ་གནས་ཆ་བསྐྱང་ན་ཟོ་བ་ལ་ཟོ་དྲེག་ཆགས་པ་བཞིན། ཉམས་ཞེན་གྱི་དངོས་པོ་ལ་འཛིན་པ་རེ་ཞུགས་ནས་ཕར་སྒྲིབ་འགྲོ། བདེ་ཉམས་འདོད་ཆགས། གསལ་ཉམས་ཞེ་སྡང༌། མི་རྟོག་པའི་ཉམས་གཏི་མུག་དང་མཐུན་པ་ཡིན་པས་འབྱམས་འགྲོ། དེ་དག་ལ་ཞེན་པས་རིམ་བཞིན་འདོད་ཁམས། གཟུགས་ཁམས། གཟུགས་མེད་དུ་གོལ་འགྲོ། དེས་ན་རིག་པའི་དྭངས་ཆ་ནི། རིག་པ་དྭངས་ས་ལེ་ཟང་ཐལ་རྗེན་པ་དེའི་ངང་མ་བོར་བ་སྤྱོད་ལམ་ཐམས་ཅད་དུ་བྱས་ན་དེ་ཀས་ཆོག་གོ །སྟོང་དུས་ནས་སྣང༌། སྣང་དུས་ནས་གསལ། གསལ་དུས་ནས་གཞི་མེད་ཧར་སང་ཆེན་པོ་ཡིན་པས་དེའི་སྟེང་དུ་མ་བཅོས་པར་ཝལ་ལེར་འཇོག་དགོས། ཕ་དམ་པའི་ཞལ་ནས། མ་བཅོས་པར་ཞོག བཅོས་ན་རྟ་ལས་བབས་ནས་བོང་བུ་ཞོན་པ་དང་འདྲ་གསུངས་པས། བཅོས་ནས་སྒོམ་ན་ཡུལ་དང་མི་མཐུན་པས་ལོག་ཤེས་སུ་འགྱུར་རོ། །

༈ ད་སྔོན་གཏི་མུག་ལུང་མ་བསྟན་གྱི་ངང་ཁོ་ཐག་མ་ཆོད་པར་ཤེས་པ་མུན་ཐོམ་མེར་གནས་པ་ལ། ད་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་ནས་ཁོ་ཐག་ཆོད་དགོས། བླ་མ་རྣམས་ཀྱི་གསུང་རྒྱུན་ལ། ནམ་མཁའ་མིག་གི་མ་བོར་བ་ཞེས་གསུངས་བ་དང་། ངང་མ་བོར་བ་གནད་གཅིག་པས། ཕྱི་རོལ་ཏུ་ཡེངས་ཙམ་ཚོར་བའི་ངང་དུ་ལྷོད་ཀྱིས་འཇོག སེམས་འདི་ལ་སྣ་ཚོགས་པའི་ཀུན་རྟོག་འཆར་ཡང་ཧ་གོ་ཙམ་ངོ་ཤེས་ཙམ་གྱི་ངང་ལ་ལྷོད་ཀྱིས་འཇོག་པ་གནད་ཆེ། བྱིས་པའི་རྩེད་མོ་ལ་མི་རྒན་ཡེངས་བ་ལྟར། ཧ་མ་གོ་ན་འཁྲུལ་བ་རྒྱ་འབྱམས་སུ་འགྲོ །ངོ་ཤེས་ནས་རྣམ་རྟོག་གྲངས་སུ་འདེབས་ན་གོལ་བ་ཡིན། འཇིགས་མེད་གླིང་པས། ངེས་ཤེས་ནང་ནས་སྐྱེས། ཤེས་མཁན་ཡུལ་མེད་དུ་སོང་གསུངས་པ་ལྟར་རོ། །རང་ངོ་ཤེས་ཞེས་པ་གཞི་མེད་རྩ་བྲལ་དུ་ཁོ་ཐག་ཆོད་པ་དེ་ཡིན་པས་གོམས་འདྲིས་བྱེད་པ་ཤིན་ཏུ་གལ་ཆེ། སྒོམ་ཟེར་བ་ནི་འདི་ཡིན་ཞེས་ངོས་བཟུང་མི་དགོས། དཔེར་ན་ང་ཡིན་ང་ཡིན་ཞེས་མི་དགོས་པ་ལྟར་ཡིན་ནོ། །

༈ དེ་ཡང་གོང་མ་རྣམས་ཀྱིས་བསྒོམ་རྒྱུ་ཞིག་མེད་ཀྱང་གོམས་རྒྱུ་ཞིག་ཡོད་པར་གསུངས་ལ། ཀུན་མཁྱེན་བླ་མས་ཀྱང༌། རིག་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །གསུངས་པས་རིག་པ་ངོ་འཕྲོད་ཀྱང་གོམས་པ་ཡུན་རིང་མ་ཐུབ་ན་རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ་བར་གསུངས་པས། རང་ངོ་རང་ཤེས་མ་བརྗེད་ཙམ་བསྐྱང་བ་གལ་ཆེ།

༈ སྐད་ཅིག་དང་པོ་ལ་རྫོགས་པ་ཆེན་པོ་ཡེ་བབས་ཀྱི་དགོངས་པ་ཡོད་ཅེས་གསུངས།

༈ དེ་ལ་ལུས་སྐྱིལ་མོ་ཀྲུང་ལེགས་པར་བཅའ་ཞིང་མི་གཡོ་བ་ཆོས་བདུན་དང་ལྡན་པས། མིག་བར་སྣང་ལ་ཧ་རེར་གཏད་ནས་རླུང་མཆུ་སོ་མ་རེག་པར་གཏོང་བ་གནད་དམ་པ་ཡིན་གསུངས། ཀུན་མཁྱེན་བླ་མས། མི་བསྒོམ་ན་མི་བསྒོམ། བསྒོམ་ཕན་ཆད་མིག་མི་འགུལ་བ་གནད་ཆེ་ཡང་ཡང་གསུངས་པ་ཡིན། རླུང་གནད་ནི། ཨ་ནུ་མན་ཆད་ནས་རླུང་སྣ་ནས་ཚུར་དྲངས་ནས་རླུང་ནང་དུ་འཛིན་པ་དཔེ་རྐྱལ་སྟོང་ལྟ་བུ་ཡིན་ལ། རྫོགས་ཆེན་པས་རླུང་ཁ་ནས་མཆུ་སོ་མ་རེག་ཙམ་དལ་བུས་ཕར་གཏོང་བ་ཡིན། རླུང་གི་རྟ་བྱས་ནས་རྣམ་རྟོག་འཆར་འོང་བས་རླུང་ཅི་གནས་ཀྱིས་ཕྱིར་འཛིན་པ་གནད་ཡིན་པར་གསུངས།

༈ ཀུན་མཁྱེན་བླ་མས། སྣང་བའི་ཡུལ་གྱི་ཕན་གནོད་གཉིས་སུ་མེད། །དེར་འཛིན་ཞེན་པས་སྲིད་པར་འཆིང་བས་ན། །སྣ་ཚོགས་སྣང་ལ་བརྟག་དཔྱད་མི་དགོས་པས། །འཛིན་པའི་སེམས་ཀྱི་རྩ་བ་ཆོད་པར་མཛོད། །ཅེས་དང༌། ཏེ་ལོ་པས། བུ་སྣང་བས་མི་འཆིང་ཞེན་པས་འཆིང༌། །ཞེན་པ་ཆོད་ཅིག་ན་རོ་པ། །གསུངས་པ་ལྟར། རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྣང་བས་མི་འཆིང་ལ་ཞེན་པ་མེད་པ་གལ་ཆེ་གསུངས།

༈ ཐོད་རྒལ་སྐབས་ཁྲེགས་ཆོད་ཀྱི་གདེང་མ་ཤོར་བའི་ངང་ནས་ལྟ་བ་ཤིན་ཏུ་གལ་ཆེ། དེ་མིན་བྱིས་པས་འཇའ་ཐིག་ལ་མཚར་སྣང་བྱེད་པ་དང་འདྲ་གསུངས།

༈ སྤྱིར་ཁྲིད་ཡིག་ཡེ་ཤེས་བླ་མ་དང་འདིའི་རྒྱབ་ཆོས་སྐོར་རྣམས་དང༌། ཀུན་མཁྱེན་བླ་མའི་མཛོད་བདུན་དང༌། ཤིང་རྟ་སྐོར་གསུམ། ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གཉུག་སེམས་སོགས་ན་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་གནད་གསལ་བར་བསྟན་ཡོད་པས་དེ་སྐོར་ལ་གཟིགས་རྒྱུ་གལ་ཆེ། སྔོན་བླ་མ་གྲུབ་ཐོབ་དང༌། སློབ་མ་ལས་ལྡན་ནང་འཛོམས་པས། རིག་པ་ཅར་ཕོག་གི་ངོ་སྤྲད་གནང་བ་དེ་འདྲ་ཡོད་ཀྱང༌། དེང་སང་ཡིད་དཔྱོད་སེམས་ཀྱི་གྲུབ་མཐའ་རྫོགས་ཆེན་དུ་སྨྲ་བའི་དུས་འདིར་ཐོས་པས་སྒྲོ་འདོགས་གཅོད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་ཀུན་མཁྱེན་བླ་མས་ཡང་ཡང་གསུངས་པ་ལྟར་རོ། །ཞེས་གསུངས་སོ། །དེ་ལྟར་གོང་གི་གདམས་པ་དེ་རྣམས་དཀྱུས་གཅིག་ཏུ་གསུངས་པ་དེ་འདྲ་མ་རེད། སྐབས་སྐབས་སུ་འཕྲོས་དོན་དུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ཡིན། དངོས་གཞི་ངོ་སྤྲོད་ལྟ་བུ་ཤིན་ཏུ་གལ་ཆེ་བ་བསྐྱར་ཟློས་བྱས་ནས་གསུངས་པ་ཡོད་ཀྱང་དེ་བཞིན་བཀོད་ཡོད་ལ། གོང་འོག་རེ་བསྒྲིགས་པ་དང་འཕྲི་སྣོན་ཕྲན་བུ་རེ་མ་བྱས་ཐབས་མེད་རྣམས་མི་ཤེས་ཤེས་མདོག་བྱས་ཡོད། དོན་གྱི་གནད་གསང་ཕ་ཅིག་བླ་མའི་གསུང་སྒྲོས་འཁྲུལ་བ་མེད་པར་བཀོད་པ་ལགས་སོ། །ཞེས་གསང་བ་མན་ངག་གི་ཁྲིད་ཀྱི་ཟིན་བྲིས་འདི་ནི་ཀུན་གཟིགས་མཁན་ཆེན་དགེ་ལེགས་ཆོས་འཕེལ་དཔལ་བཟང་པོ་མཆོག་གི་རྫོགས་སྤྲུལ་བདུན་པ་འཇིགས་མེད་བློ་གསལ་དབང་པོ་ལ་ཁྲིད་ཡིག་ཡེ་ཤེས་བླ་མ་གསང་ཆོས་སུ་གནང་བའི་སྒྲ་ཕབ་འཁོར་ལོ་ལས་བཙུན་གཟུགས་ཐ་ཤལ་བ་འཇིགས་བྲལ་པདྨ་རིག་འཛིན་ནས་སུག་བྲིས་བགྱིས་པས་སྐྱེ་དང་ཚེ་རབས་ཀུན་ཏུ་ངེས་དོན་རྫོགས་པ་ཆེན་པོའི་བསྟན་པའི་གདུལ་བྱར་འགྱུར་བའི་རྒྱུར་གྱུར་ཅིག །

འོད་གསལ་རྫོགས་པ་ཆེན་པོའི་ངོ་སྤྲོད་མཚུངས་མེད་བླ་མ་དམ་པའི་ཞལ་ལུང་།

༄༅། །འོད་གསལ་རྫོགས་པ་ཆེན་པོའི་ངོ་སྤྲོད་མཚུངས་མེད་བླ་མ་དམ་པའི་ཞལ་ལུང་ཞེས་བྱ་བ། རིགས་བརྒྱའི་ཁྱབ་བདག་མཚུངས་མེད་བླ་མ་དམ་པའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། སྐྱེ་བ་ནས་ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་རྗེས་སུ་བཟུང་སྟེ་བྱིན་གྱིས་རླབས་པར་མཛད་དུ་གསོལ། འདིར་ཡང་གསང་སྙན་བརྒྱུད་ཀྱི་མན་ངག་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་ངོ་སྤྲོད་མཁན་ཆེན་བླ་མ་དམ་པའི་ཞལ་རྒྱུན། ཤིན་ཏུ་གཅེས་ནོར་གྱི་གདམས་པ་ཟབ་མོ་དག་བརྗེད་ཐོ་ལྟ་བུར་ཟིན་བྲིས་སུ་འགོད་པ་ལ་བརྒྱུད་གསུམ་བླ་མ་རྣམས་དང་། ཆོས་སྐྱོང་བའི་བཀའ་སྲུང་དམ་ཅན་ཚོགས་ཀྱིས་བཀའ་གནང་ཟབ་མོ་བསྩལ་ཏུ་གསོལ། བླ་མའི་ཞལ་ནས། བླ་མ་རིན་པོ་ཆེ་མཁྱེན་ནོ། །སེམས་ཉིད་རང་ངོ་ཤེས་པར་བྱིན་གྱིས་རློབས། །བདག་འཛིན་འཁྲུལ་བ་ཞིག་པར་བྱིན་གྱིས་རློབས། །འོད་གསལ་ནང་ནས་འཆར་བར་བྱིན་གྱིས་རློབས། །ཞེས་གསུངས་ནས་ཟབ་ཁྲིད་ཀྱི་དབུ་བཟུང་། དེ་ཡང་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེའི་ཞལ་སྔ་ནས་སྤྱིར་རྫོགས་པ་ཆེན་པོའི་གདུལ་བྱ་ལ། སྣང་བ་ཡུལ་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ཡོད་ཀྱང་ཕྱི་མ་འདི་རེ་ཟུང་ལས་ཤིན་ཏུ་དཀའ་གསུངས། དེས་ན་སྣང་བ་ཡུལ་གྱི་བློ་ཅན་གྱི་དབང་དུ་བྱས་ནས་རིམ་གྱིས་པའི་ཁྲིད་གདབ་དགོས། གདབ་ཚུལ་དེ་ཡང་ཐོག་མར་སྒོ་གསུམ་གཙོ་དེད་བྱ། དེ་རྗེས་བྱུང་གནས་འགྲོ་གསུམ་གྱིས་ངར་འཛིན་རྩད་གཅོད་ཤིན་ཏུ་ཞིབ་མོ་བྱེད་རྒྱུ་གལ་ཆེ། དེ་རྗེས་ཨ་དཀར་སོགས་ལ་སེམས་བཟུང་བ་ལྟ་བུ་མཚན་བཅས་ཞི་གནས་དང་། བླ་མ་མཁྱེན་ཞེས་ཞལ་ཕྱག་སོགས་གསལ་མི་དགོས་པར་དེའི་ངང་བསྐྱང་བ་ནི་མཚན་མེད་ཞི་གནས་ཡིན་པས་དེ་རྣམས་ལ་ནན་ཏན་བྱེད་དགོས། དེ་བཞིན་ཁྲིད་ཡིག་ཡེ་ཤེས་བླ་མའི་གཞུང་ནས་གསུངས་པའི་རུ་ཤན་འདི་རྣམས་ཀྱང་གལ་ཆེ་བས་སྔོན་དུ་འགྲོ་དགོས། རིགས་དྲུག་བསྲེགས་སྦྱངས་སོགས་རབ་ལོ་རེ་བཞིན་སོང་ན་གལ། འབྲུ་གསུམ་བཟླས་པ་འབུམ་བདུན་ལ་མི་ཐུབ་རྒྱུ་ཡང་མི་འདུག ཁྱད་པར་དུ་སེམས་བྱུང་གནས་འགྲོ་གསུམ་གྱི་ཕུ་ཐག་ནང་ནས་ཆོད་པ་ཞིག་ཤིན་ཏུ་གལ་ཆེ། སྤྱིར་གང་ཟག་ལ་ཁམས་དབང་མོས་པ་སྣ་ཚོགས་པ་ཡོད་པས་མཐའ་གཅིག་ཏུ་ངེས་པ་མེད་ཀྱང་བློ་མཆོག་ཅིག་ཆར་བ་ཤིན་ཏུ་དཀོན་ཏེ། མི་ཕམ་རིན་པོ་ཆེས། དེ་འདྲ་བརྒྱ་ལམ་རེ་འགའ་ཙམ། །ཀུན་གྱིས་དེ་ལྟར་རྟོགས་མི་ནུས། །ཞེས་གསུངས་པ་ལྟར་ཡིན། མདོར་ན་རྫོགས་པ་ཆེན་པོའི་དགོངས་བརྒྱུད་ཀྱི་ཕ་ཕོག་ཐོབ་པའི་དགེ་བའི་གཤེས་གཉེན་དམ་པ་དང་མི་འབྲལ་ཞིང་རྒྱུན་དུ་ཉམས་ལེན་བྱེད་རྒྱུ་ཤིན་ཏུ་གལ་ཆེ། ཁྲིད་ཡིག་ཡེ་ཤེས་བླ་མ་དང་། དེའི་རྒྱབ་ཆོས་སྐོར་རྣམས་དང་། ཀུན་མཁྱེན་བླ་མའི་མཛོད་བདུན་དང་། འཇམ་མགོན་མི་ཕམ་པའི་གཉུག་སེམས་སོགས་ན་རྫོགས་པ་ཆེན་པོའི་ཟབ་གནད་མང་དུ་བསྟན་ཡོད་པས་དེ་དག་ལ་གཟིགས་རྒྱུ་དེ་ཡང་གལ་ཆེ། སྔོན་བླ་མ་གྲུབ་ཐོབ་དང་སློབ་མ་ལས་ལྡན་ནང་འཛོམས་པས་རིག་པ་བཅར་ཕོག་ཏུ་ངོ་སྤྲད་ཐུབ་པ་དེ་འདྲ་ཡོད་ཀྱང་། དེང་སང་ཡིད་དཔྱོད་སེམས་ཀྱི་གྲུབ་མཐའ་རྫོགས་ཆེན་དུ་སྨྲ་བའི་དུས་འདིར་ཐོས་པས་སྒྲོ་འདོགས་གཅོད་པ་ཤིན་ཏུ་གལ་ཆེ་གསུངས།

ད་ནི་དངོས་གཞིའི་ངོ་སྤྲོད་ལ། དེ་ཡང་རིག་འཛིན་འཇིགས་མེད་གླིང་པས། ཅོག་བཞག་རྣམ་པ་བཞིའི་སྒོ་ནས་དགོངས་པ་མཐར་ཐུག་གི་ལམ་དུ་སྐྱེལ་ཞེས་གསུངས་ཡོད། དེ་ལྟར་ན་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་གཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་འདྲེས་པའོ། །ཞེས་གསུངས་པ་ལྟར་དང་པོ་ལྟ་བ་རི་བོ་ཅོག་བཞག་ནི།

དེ་ཡང་རིག་འཛིན་གོང་མ་རྣམས་ཀྱིས་ཞལ་ནས། ད་ལྟའི་རང་གི་ཤེས་རིག་འདི་ལ་བཟོ་བཅོས་དང་དགག་སྒྲུབ་གང་ཡང་མི་བྱེད་པར་རང་སར་བཞག་པའི་སྐབས་སུ། འདི་ཞེས་ངོས་བཟུང་གང་ཡང་མེད་པ་ཞིག་ཡིན་ནའང་གསལ་རིག་འགག་མེད་ཡེ་རེ་རྗེན་ནེ་བ་ཞིག་ཤར་ཡོང་། དེ་ལ་མཐའ་དང་དབུས་གང་ཡང་མེད་པར་ཟང་ཐལ་ལེ་ཡོད། ལྟ་བ་དེའི་ངང་རྒྱུན་དུ་བསྐྱང་དགོས་ཞེས་གསུངས། དེས་ན་ཆོས་སྐུའི་རིག་པ་ངོས་ཟུང་ལ་ཞེས་པ་ཡང་དེ་ཉིད་ཡིན། དེ་ཡང་ཆོས་སྐུའི་རིག་པ་ཞེས་པ་ནི་ཆོས་ཐམས་ཅད་ཡེ་སྟོང་རྩ་བྲལ་དུ་ཐག་ཆོད་པའི་གདེང་དང་ལྡན་པ་སྟེ། སེམས་རིག་ཤན་འབྱེད་སོགས་ཀྱི་སྐབས་ན་ཡང་། སེམས་ནི་ཆུ་ཐིགས་ས་ལ་ལྷུང་བ་ལྟར་ཡུལ་ལ་འདྲེས་ཏེ་ཡུལ་སྐྱོན་གྱིས་གོས་པ་དང་། རིག་པ་ནི་དངུལ་ཆུ་ས་ལ་ལྷུང་བ་རྡུལ་བག་དང་མ་འདྲེས་པ་ལྟར་ཡུལ་མེད་རང་གསལ་ཆེན་པོ་ཡིན་ཞེས་གསུངས་ཡོད། སེམས་ལ་གང་ཡང་མི་བསམ་པར་དྲན་མེད་དུ་གནས་པ་དེ་ལ་ཀུན་གཞི་ཟེར། ཀུན་གཞི་ཟེར་དུས་ཡེ་སྟོང་རྩ་བྲལ་དུ་ཐག་མ་ཆོད་པར་རང་གར་བཏང་སྙོམ་ལུང་མ་བསྟན་གྱི་ངང་ལ་གནས་ནས་འདི་ཡིན་དེ་མིན་སོགས་ཐག་མ་ཆོད་པར་རྟོག་པ་ཅི་ཡང་མི་བསམ་པར་གནས་པ་དེ་འདྲ་ཞིག་དང་། རིག་པ་ཟེར་དུས་སྐྱེ་མེད་རང་གསལ་ཟང་ཐལ་གྱི་ངོ་བོ་རྗེན་པར་ཤར་བ་དེ་ཉིད་ཡིན། དཔེར་ན་ཆབ་རོམ་མ་ཡིན་པའི་ཆུ་ཞིག་རྙེད་རྒྱུ་མེད་ཀྱང་ཆབ་རོམ་དེ་ཉིད་ཆུ་མ་ཡིན་པ་ལྟར། ཀུན་གཞི་དེ་ཉིད་ཀྱང་ཆོས་སྐུ་མ་ཡིན་ལ། སེམས་དེ་ཉིད་ཀྱང་རིག་པ་མ་ཡིན་ལ། འོན་ཀྱང་སེམས་ཀྱི་རང་གཤིས་ལས་གཞན་པའི་ཆོས་སྐུ་ཞིག་ཀྱང་རྙེད་རྒྱུ་མེད། ད་སྔོན་གཏི་མུག་ལུང་མ་བསྟན་གྱི་ངང་ནས་ཁོ་ཐག་མ་ཆོད་པར་ཤེས་པ་མུན་ཐོམ་མེར་གནས་པ་ཡིན་ལ། ད་ནི་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་ནས་ཁོ་ཐག་ནང་ནས་ཆོད་དགོས། སྤྱིར་ན་སེམས་ལམ་བྱེད་དང་ཡེ་ཤེས་ལམ་བྱེད་གཉིས་ལ་ཁྱད་པར་ཆེན་པོ་ཡོད། རྣམ་རྟོག་གིས་རྣམ་རྟོག་འཚོ་ན་དེ་ནི་སེམས་ལམ་བྱེད་ཡིན་ལ། རྣམ་རྟོག་ཁོ་རང་གཞི་མེད་རྩ་བྲལ་དུ་སོང་ན་ཡེ་ཤེས་ལམ་བྱེད་ཡིན། སེམས་འདི་ལ་རྣམ་རྟོག་སྣ་ཚོགས་ཤར་ནས་ཕྱི་རོལ་ཏུ་ཡེངས་བཞིན་པའི་དུས་དེ་ཉིད་ལ་ཧ་གོ་ཙམ་དང་། ངོ་ཤེས་ཙམ་གྱི་ངང་ལ་ལྷོད་ཀྱི་ལེར་འཇོག་པ་གནད་ཆེ། བྱིས་པའི་རྩེད་མོ་ལ་མི་རྒན་མགོ་འཁོར་བ་ལྟར་སེམས་ཕྱི་རོལ་ཏུ་ཡེངས་བ་ཧ་མ་གོ་ན་འཁྲུལ་བ་རྒྱ་འབྱམས་སུ་འགྲོ་བ་ཡིན། ཡེངས་ངོ་ཤེས་ནས་རྣམ་རྟོག་གྲངས་སུ་འདེབས་ན་དེ་ཡང་གོལ་བ་ཡིན། རིག་འཛིན་འཇིགས་མེད་གླིང་པས། ངེས་ཤེས་ནང་ནས་སྐྱེས། ཤེས་མཁན་ཡུལ་མེད་དུ་སོང་། ཞེས་གསུངས་པ་ལྟར་རང་ངོ་ཤེས་ཞེས་པ་ནི་སེམས་གཞི་མེད་རྩ་བྲལ་དུ་ཁོ་ཐག་ཆོད་པ་དེ་ཉིད་ཡིན། དེ་ལ་རྒྱུན་དུ་གོམས་འདྲིས་བྱས་ན་རང་བབས་སུ་གནས་ཐུབ་པ་ཞིག་འོང་བས་ཤིན་ཏུ་གལ་ཆེ། སྒོམ་ཟེར་བ་འདི་ཡིན་ཞེས་ངོས་བཟུང་གང་ཡང་མི་དགོས། དེ་ཡང་དམ་པ་གོང་མ་རྣམས་ཀྱིས་བསྒོམ་རྒྱུ་ཞིག་མེད་ཀྱང་གོམས་རྒྱུ་ཞིག་ཡོད་ཅེས་གསུངས་པ་དང་། ཀུན་མཁྱེན་བླ་མས། རིག་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས་པས་རིག་པ་ངོ་འཕྲོད་ཀྱང་དེ་ལ་གོམས་པ་ཡུན་རིང་བྱེད་མ་ཐུབ་ན་རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ་བར་གསུངས་པས་དུས་རྒྱུན་རང་ངོ་རང་ཤེས་མ་བརྗེད་ཙམ་དུ་སྐྱོང་བ་གལ་ཆེ། མདོར་ན་དེ་ལྟ་བུའི་གཞི་མེད་རྩ་བྲལ་གྱི་ལྟ་བའི་ངང་ལ་འཇོག་རྒྱུ་དེ་མ་གཏོགས་སྒོམ་པ་རྒྱ་མཚོ་ཅོག་བཞག་དང་། སྤྱོད་པ་སྣང་བ་ཅོག་བཞག་སོགས་ཅོག་བཞག་རྣམ་པ་བཞི་ཡིན་ན་འདྲ། གཞན་ལྟ་སྒོམ་སྤྱོད་གསུམ་སོགས་གང་གི་སྐབས་སུ་ཡིན་ན་ཡང་ད་ལྟའི་ཤེས་རིག་འདི་ལ་དགག་སྒྲུབ་མི་བྱེད་པར་རང་སར་བཞག་དུས། འདི་ཞེས་ངོས་བཟུང་དང་བྲལ་བ། གསལ་རིག་འགག་མེད་ཟང་ཐལ་ལེ་བ་ཞིག་ཡོད་པ་དེའི་རྒྱུན་སྐྱོང་བ་དེ་ལས་གཞན་དུ་གྱུར་བའི་གསལ་བ་ཞིག་སྒོམ་རྒྱུ་ཅི་ཡང་མེད། དེས་ན་དུས་དང་གནས་སྐབས་ཀུན་ཏུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་རྗེན་ལ་ཕུད་དེ་རང་གསལ་ཟང་ཐལ་དུ་སྒོམ་པ་དེ་ལས་གཞན་གང་ཡང་མེད། དེ་ལྟར་ན་ཅོག་བཞག་རྣམ་པ་བཞི་བོ་ཡང་དོན་ལ་རིག་པའི་ཡེ་ཤེས་གཅིག་གི་ངང་སྐྱོང་བ་ལ་གནད་འདུས་པ་ཡིན། དེ་ཡང་རི་བོ་ཅོག་བཞག་ནི་དཔེར་ན་རི་རབ་ཀྱི་རྩེ་ནས་བལྟས་ན་རི་ཕྲན་ཐམས་ཅད་ཤུགས་ལ་མཐོང་བ་ལྟར་དུ་རྫོགས་པ་ཆེན་པོའི་གནས་ལུགས་མ་བཅོས་པའི་ལྟ་བ་འདི་བློས་བྱས་ཀྱི་ཡུལ་ལས་འདས་པས་ན་གནས་ལུགས་མ་བཅོས་པའི་ལྟ་བ་དེར་མ་འདུས་པའི་ཆོས་གང་ཡང་མེད། དེ་ཉིད་རྒྱུན་སྐྱོང་བ་ནི་ལྟ་བ་རི་བོ་ཅོག་བཞག་ཡིན། རྒྱུན་ཅི་ལྟར་སྐྱོང་དགོས་ཟེར་ན། རང་གི་སེམས་འདི་ཉིད་མ་བཅོས་རང་སར་འཇོག་པའི་སྐབས་ན། གསལ་རིག་འགགས་མེད་རྗེན་ནེ་ཡེ་རེ་བ་ཞིག་རྒྱུན་མི་ཆད་པར་འཆར་ནས་ཡོད། དེའི་ངོ་བོ་ནི་ཟང་ཐལ་རིག་པ་རྗེན་པ་ཡིན། དེ་ཉིད་ཀྱི་ངང་ལ་འཇོག་པ་ནི་ལྟ་བ་རི་བོ་ཅོག་བཞག་ཡིན། འོན་ཀྱང་རང་གི་སེམས་ཀྱིས་དེ་ཉིད་ཡོད་མེད་དང་བཟང་ངན་སོགས་ཀྱི་མཐའ་ལས་འདས་པ་ཞིག་རེད་བསམ་ནས་དེ་ལ་ཆེད་འཛིན་དང་གཏད་སོ་བྱུང་ན། འཛིན་པ་བྱུང་ན་ལྟ་བ་མིན། ཞེས་གསུངས་པ་ལྟར་ཡིན་པས་གཞི་མེད་རྩ་བྲལ་གྱི་ལྟ་བ་དེའི་ངང་དུ་འཇོག་པ་གལ་ཆེ། མདོར་ན་རིག་པ་རང་གསལ་ཆེན་པོ་བློའི་འཛིན་རྩོལ་ཐམས་ཅད་ལས་འདས་པ། ཆེད་དུ་སྒོམ་པའི་གཉེན་པོ་ཡང་མ་ཞུགས་པ་རྒྱ་ཡན་འཕོ་འགྱུར་མེད་པའི་ངང་ལ་འཇོག་པ་དེ་ཉིད་ལྟ་བ་རི་བོ་ཅོག་བཞག་ཡིན་ནོ། །

དེ་ནས་སྒོམ་པ་རྒྱ་མཚོ་ཅོག་བཞག་ནི། དེ་ཡང་དང་པོ་ལུས་སྐྱིལ་མོ་ཀྲུང་བཅས། མིག་བར་སྣང་ལ་ཧ་རེ་གཏད། ཚོགས་དྲུག་གི་སྣང་བ་ཐམས་ཅད་ལ་འཛིན་པའི་བཟོ་རྒྱ་མི་སྐྱེད་པར་རྒྱ་མཚོ་རླབས་ཀྱིས་མ་དཀྲུག་པ་བཞིན་རང་དྭངས་སུ་བཞག་དུས། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ཚུར་མངོན་དུ་གྱུར་ཡོང་ལ། དེའི་ངང་ལ་འཇོག་པ་ལས་གཞན་སྒོམ་རྒྱུ་གང་ཡང་མེད། དེ་ལྟར་ན་ཁྲེགས་ཆོད་རང་གི་དགོངས་པ་ལ་མི་གཡོ་བ་གསུམ་ལྡན་ཞེས་གསུངས་ཡོད། ལུས་མི་གཡོ་བ་རི་རྒྱལ་ལྟ་བུ་ལྷོད་གྱི་ལེར་བཞག་དགོས། དེའི་དགོས་པ་ནི། ལུས་དྲང་ན་རྩ་དྲང་། རྩ་དྲང་ན་རླུང་དྲང་། རླུང་དྲང་ན་སེམས་ལས་སུ་རུང་བའི་དགོས་པ་ཡོད། དེ་བཞིན་དུ་དབང་པོ་མི་གཡོ་བ་མཚོ་ལ་གཟའ་སྐར་ཤར་བ་བཞིན་རང་སར་དྭངས་སལ་ལེར་འཇོག་དགོས། དེ་ཡང་། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི། །ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན། །སྣང་ཡང་འཛིན་པ་མེད་པའི་ངང་དུ་ཞོག །ཞེས་པ་ལྟར་ཡིན་ལ། མིག་ནི་འོད་གསལ་འཆར་བའི་སྒོ་ཡིན་པས་མིག་མི་འགུལ་བར་ཐད་ཀའི་ནམ་མཁའ་ལ་རྟེན་མེད་དུ་ཡེ་རེ་འཇོག་དགོས། ཀུན་མཁྱེན་བླ་མས། མི་བསྒོམ་ན་མི་བསྒོམ་མ་གཏོགས། བསྒོམ་ཕན་ཆད་མིག་མི་འགུལ་བ་གལ་ཆེ་ཞེས་ཡང་ཡང་གསུངས་ཡོད། དེས་ན་མིག་མི་འགུལ་བར་ནམ་མཁའ་ལ་བལྟ་སྟངས་ལྷོད་ཀྱིས་གཏད་ན་འོད་གསལ་འཆར་བའི་དགོས་པ་ཡོད། གལ་སྲིད་བཞག་ཐབས་འདི་ཉིད་ལེགས་ན་རིག་རྩལ་འདི་ལ་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཆར་བར་འགྱུར་ཡོང་ཞེས་གསུངས་ཡོད། དེ་བཞིན་ཀུན་མཁྱེན་བླ་མ་སོགས་ཀྱིས་གསུངས་ན་ཨ་ནུ་མན་ཆད་ནས་རླུང་སྣ་བུག་གཉིས་ནས་ཚུར་དྲངས་ཏེ་རིམ་པ་བཞིན་དུ་ལྟེ་འོག་ནས་སྤུ་ན་གུའི་མཚམས་སུ་རྩ་དབུ་མ་དང་འབྲེལ་ཡོད་པ་ནས་རྒྱུ་ཞིང་རླུང་ནང་དུ་འཛིན་པ་དཔེར་ན་རྐྱལ་སྟོང་སྤུར་བ་ལྟ་བུ་ཡིན་ལ། འོན་ཀྱང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་ལ་དེ་ལྟར་མིན་པར་རླུང་ཁ་ནས་མཆུ་སོ་མ་རེག་ཙམ་དལ་བུས་ཕར་གཏོང་དགོས་པ་ཡིན། དེ་ཡང་རླུང་གི་རྟ་བྱས་ནས་རྣམ་རྟོག་རིམ་པ་བཞིན་དུ་འཆར་འོང་བས་རླུང་ཕྱིར་འཛིན་པ་གནད་ཡིན། དེས་ན་རླུང་རང་བབས་སུ་ཁ་ནས་བཏང་བ་ན་དེའི་སྐབས་སུ་གང་ཡང་མ་གྲུབ་ལ་ཧ་རེ་སེང་ངེ་བ་ཡོད་པ་དེ་ཉིད་ཀྱི་ངང་ལ་འཇོག་པ་ལས་གཞན་པའི་སྒོམ་རྒྱུ་ཞིག་གང་ན་ཡང་བཙལ་དུ་མེད། དེ་ནས་སེམས་མི་གཡོ་བ་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་ཞེས་གསུངས་ཡོད། དེ་ནི་རིག་པ་ལ་གནས་ཆ་དང་དྭངས་ཆ་གཉིས་ཡོད་པ་ལས། གནས་ཆ་དེ་ཉིད་བཞག་ནས་དྭངས་ཆ་དེ་སྐྱོང་དགོས་ཞེས་ཀུན་མཁྱེན་ཀློང་ཆེན་པ་དང་། སྨིན་གླིང་གཏེར་ཆེན། རིག་འཛིན་འཇིགས་མེད་གླིང་པ། མཁན་པོ་ངག་ཆུང་སོགས་ཀྱིས་གསུངས་ཡོད། གལ་སྲིད་སེམས་ཀྱི་གནས་ཆ་དེ་བསྐྱང་ན་ཟོ་བ་ལ་ཟོ་དྲེག་ཆགས་པ་བཞིན། ཉམས་ཞེན་གྱི་ངོ་བོ་ལ་འཛིན་པ་ཞུགས་ནས་ཕར་བསྒྲིབ་འགྲོ་བ་ཡིན། ཉམས་ལེན་ལ་ངོས་བཟུང་དང་དམིགས་གཏད་ཡོད་ན་དེ་ནི་རྫོགས་པ་ཆེན་པོ་མིན། དེས་ན་སྟོང་ཉམས་དང་གསལ་ཉམས་སོགས་ཉམས་གང་ཤར་ན་བདེན་མེད་རྩིས་ཆུང་དུ་བཞག་ན་ཕར་དྭངས་འགྲོ་བ་ཡིན། དེ་ཡང་བདེ་ཉམས་ནི་འདོད་ཆགས་དང་མཐུན་པ། གསལ་ཉམས་ནི་ཞེ་སྡང་དང་མཐུན་པ། མི་རྟོག་པའི་ཉམས་ནི་གཏི་མུག་དང་མཐུན་པ་ཡིན་པས་དེ་འདྲའི་ངང་དུ་འབྱམས་འགྲོ་ལ། བདེ་གསལ་མི་རྟོག་པ་དེ་དག་གི་ངང་ལ་ཞེན་ཅིང་འབྱམས་ན། རིམ་བཞིན་དུ་བདེ་ཉམས་ཀྱིས་འདོད་ཁམས་སུ་གོལ། གསལ་ཉམས་ཀྱིས་གཟུགས་ཁམས་སུ་གོལ། མི་རྟོག་པའི་ཉམས་ཀྱིས་གཟུགས་མེད་དུ་གོལ་འགྲོ་ཞེས་གསུངས་ཡོད། དེས་ན་སེམས་ཀྱི་གནས་ཆ་དེ་ཉིད་བཞག་ནས་རིག་པའི་དྭངས་ཆ་དེ་ཉིད་དུས་རྒྱུན་འགྲོ་འདུག་སོགས་བྱ་བ་དང་སྤྱོད་ལམ་གང་གི་སྐབས་སུ་ཡིན་ན་ཡང་དེའི་ངང་མ་བོར་བ་དང་མ་བརྗེད་པར་བསྐྱང་རྒྱུ་གལ་ཆེ། དེ་ལ་འདིར་རིག་པའི་དྭངས་ཆ་ཟེར་ན། རིག་པ་དྭངས་ས་ལེ་བ་ཟང་ཐལ་རྗེན་པ་དེ་ཉིད་ཡིན་ལ། དེའི་ངང་མ་བོར་བ་དེ་སྤྱོད་ལམ་ཐམས་ཅད་ཀྱི་སྐབས་སུ་སྐྱོང་ཐུབ་ན་དེ་ཀས་ཆོག་སྟེ། དེ་ཡང་སྟོང་དུས་ནས་སྣང་། སྣང་དུས་ནས་གསལ། གསལ་དུས་ནས་གཞི་མེད་ཧར་སང་ཆེན་པོ་ཡིན་པས་དེའི་སྟེང་དུ་མ་བཅོས་པར་ཝལ་ལེར་བཞག་ན་དེ་ལས་སྒོམ་ཞེས་པ་ཞིག་གཞན་ནས་བཙལ་མི་དགོས། དེ་ལྟར་རིག་པ་རང་བབས་མ་བཅོས་རྗེན་ནེར་བཞག་དུས། ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་ཡང་མི་བསམ་པར་རང་ངོ་ལ་ཅེར་གྱིས་བལྟས་པས་ཕྱི་ནང་བར་མེད་རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་སྤྱོད་པའི་ཡེ་ཤེས་དེ་ལྟ་བུ་ཞིག་རང་བབས་སུ་ཤར་ཡོང་། དེའི་ངང་ལ་མ་བཅོས་པར་འཇོག་པ་དེ་ནི་གནད་ཡིན། དེ་ཉིད་སེམས་ཅན་ཐམས་ཅད་དང་སྐད་ཅིག་གཅིག་ལ་འབྲལ་མ་མྱོང་བ་ཡིན་ཀྱང་དེ་རང་ལ་གནས་པ་ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཁྱམས་པ་ཡིན། ད་ནི་རང་སེམས་ངོ་ཤེས་པས་གྱིན་འདར་ལྷན་ནེ་བ་མ་བཅོས་རང་བབས་ཀྱི་ངང་ལ་མ་ཡེངས་ཙམ་དུ་བཞག་ན་དེའི་ནང་དུ་གནད་མ་འདུས་པ་གང་ཡང་མེད། དེ་ལྟར་ན་རྫོགས་ཆེན་རང་ལམ་ན་འཕྲོ་བ་མི་དགག གནས་པ་མི་སྒྲུབ་པར་གཟུང་དྲན་དང་འགྱུ་དྲན་གྱི་ཡུལ་ལས་འདས་པའི་འཕྲོ་གནས་གཉིས་མེད་ཀྱི་རིག་པ་དྭངས་ལ་མི་གཡོ་བ་དེའི་ངང་ལ་འཇོག་པ་དེ་ནི་སྒོམ་པ་རྒྱ་མཚོ་ཅོག་བཞག་ཡིན་ནོ། །

དེ་ནས་སྤྱོད་པ་སྣང་བ་ཅོག་བཞག་ནི། སྒོ་གསུམ་ཐོག་བབས་སུ་ཀློད་ལ་ཁྲེགས་ཆོད་ཀྱི་སྐབས་འདི་ན་དབང་པོ་སྒོ་ལྔའི་ཡུལ་ལ་བྱ་ར་མི་བྱེད་པར་དཔེར་ན་བུ་ཆུང་ལྷ་ཁང་དུ་ཕྱིན་ན་ཡུལ་ལ་ཆེད་འཛིན་གྱི་བཅོས་པའི་བློ་གང་ཡང་མེད་པ་ལྟར་གོང་དུ་བཤད་པའི་རིག་པ་དྭངས་ལ་མི་གཡོ་བ་དེའི་ངང་ལ་འཇོག་དགོས། ཀུན་མཁྱེན་བླ་མས་གསུངས་ན་ཡེ་ཤེས་རང་གསལ་རྗེན་པ་བཅར་ཕོག་ཏུ་ངོ་སྤྲད་ནས་དེའི་ངང་བསྐྱང་དགོས་ཞེས་གསུངས་པ་དེ་ཡང་འདི་ཡིན། དེས་ན་སེམས་རང་བབས་སུ་བཞག་སྟེ་སྣང་བ་ལ་བཟོ་བཅོས་གང་ཡང་མི་བྱེད་པར་ངོ་ཤེས་ཙམ་དང་། ཤེས་མཁན་ཁོ་རང་ཡུལ་མེད་དུ་སོང་ཞིང་དེའི་ངང་མ་བོར་བ་ཙམ་གྱི་ཐོག་ཏུ་འཇོག་དགོས་གསུངས་པ་དེ་ནི་དངོས་གཞིའི་ངོ་སྤྲད་ཡིན། སེམས་ཉིད་ཞེས་པ་དེ་ཡང་སེམས་ཀྱི་ཆོས་ཉིད་ཡིན་ལ། དེ་ནི་འདིར་བཤད་པའི་རིག་པ་རང་གསལ་ཆེན་པོ་དེ་ཉིད་ཡིན། དེ་ལས་གཞན་དུ་སེམས་ཀྱི་ཆོས་ཉིད་ཞེས་བྱ་བ་ག་ཤེད་ན་ཤིན་ཏུ་རྟོགས་དཀའ་བ་དེ་འདྲ་ཞིག་བཙལ་མི་དགོས། འཇམ་མགོན་བླ་མས། སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །ཞེས་དང་། ཧ་ཅང་ཉེ་ཡང་མ་མཐོང་རང་སེམས་རྒྱང་དུ་ལུས། ཞེས་པ་ལྟར། རང་གི་སེམས་ཀྱི་གནས་ལུགས་དེ་ཉིད་ཧ་ཅང་ཉེ་བས་མ་མཐོང་བ་མ་གཏོགས་ག་ཤེད་ན་མཐོང་བྱ་མཐོང་བྱེད་ཐ་དད་པ་ཞིག་ཡོད་པས་མ་མཐོང་བ་མིན། དེས་ན་སེམས་ཀྱི་ཆོས་ཉིད་བཅས་བཅོས་མེད་པར་རང་བབས་སུ་བཞག་པས་སེམས་དེ་ཉིད་ཡེ་སྟོང་རྩ་བྲལ་ཆེན་པོའི་ངོ་བོར་གནས་ཡོད་པ་དེ་ཉིད་ཚུར་མངོན་དུ་གྱུར་ཡོང་བ་དེ་ལས་གཞན་ཞིག་མཐོང་རྒྱུ་གང་ཡང་མེད། དེའི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ་སེམས་ཉིད་སྐུ་གསུམ་གྱི་རང་བཞིན་ད་ལྟ་རང་གི་སེམས་ཉིད་དམ་རིག་པ་འདི་ཉིད་ལ་ཚང་བ་ཡིན། དེ་ལྟར་ན་སེམས་ཉིད་རང་བབས་སུ་བཞག་དུས་ཁོའི་རང་གཤིས་དེ་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མཐའ་གང་དུ་ཡང་མི་གནས་པ་གོང་ཞུས་ལྟར་ཟང་ཐལ་རིག་པ་རྗེན་པ་སྐུ་གསུམ་གྱི་རང་བཞིན་དེ་ཉིད་མངོན་དུ་གྱུར་པ་ཡིན། འདིར་ཟང་ཐལ་རིག་པ་རྗེན་པ་ཞེས་པ་དེ་ནི་ཉམས་རྟོགས་སོགས་གང་ལ་ཡང་ཆེད་གཏད་དང་ཞེན་འཛིན་གྱི་བསླད་མ་ཞུགས་པ་དང་རྣམ་རྟོག་དང་སྤྲོས་པས་བཟོ་མ་བཅོས་པར། རིག་པ་ཁོ་རང་རང་བབས་སུ་བཞག་པས་ཆོག་པ་ལས་གྲོལ་བ་གཞན་ཞིག་བཙལ་མི་དགོས། དེ་ལྟར་ན་སེམས་ཉིད་ཀྱི་རང་གཤིས་དེ་ཉིད་མངོན་དུ་གྱུར་བའི་སྐབས་ན་སངས་རྒྱས་དང་སེམས་ཅན་ཟེར་བའི་འཐོབ་བྱ་དང་འདོར་བྱ་གང་ཡང་མེད་པར་ཐམས་ཅད་ཡེ་ནས་རང་གྲོལ་དུ་འགྲོ་བ་ཡིན། དེས་ན་ཡུལ་སྣང་དང་རྣམ་རྟོག་གང་ཤར་ལ་དགག་སྒྲུབ་དང་བཟོ་བཅོས་མི་བྱེད་པར་ཆོས་སྐུའི་རིག་པ་དེའི་ངང་མ་བོར་བར་རང་བབས་སུ་བཞག་པས་བཞག་བྱ་དང་འཇོག་བྱེད་ཐམས་ཅད་དང་བྲལ་བ་ཟང་ཐལ་རིག་པ་རྗེན་པ་དེའི་ངང་མ་བོར་བར་སྐྱོང་བ་དེ་ཉིད་ནི་སྤྱོད་པ་སྣང་བ་ཅོག་བཞག་ཡིན་ནོ། །

ད་ནི་འབྲས་བུ་མ་བཅོས་ཅོག་བཞག་ནི། དེ་ལྟར་གཞིའི་ཡིན་ལུགས་དེ་ཉིད་ཡེ་ནས་མ་བཅོས་པས་ན་དེ་ལམ་དུ་བྱེད་པའི་སྐབས་སུ་ཡང་མ་བཅོས་པའི་ངང་ལ་འཇོག་དགོས། ཕ་དམ་པ་རིན་པོ་ཆེས། མ་བཅོས་པར་ཞོག་བཅོས་ན་རྟ་ལས་བབས་ནས་བོང་བུ་ལ་ཞོན་པ་དང་འདྲ་ཞེས་གསུངས་ཡོད། དེས་ན་བློས་བཅོས་ཏེ་བསྒོམ་ན་ཡུལ་དང་མི་མཐུན་པས་ལོག་ཤེས་སུ་འགྱུར་བས་མ་བཅོས་པའི་ངང་ལ་འཇོག་དགོས་པ་གལ་ཆེ། དེ་ལྟར་ན་འབྲས་བུ་མ་བཅོས་ཅོག་བཞག་ཞེས་པ་ནི་སེམས་རང་བབས་སུ་བཞག་དུས་རང་གསལ་རྗེན་པ་ལྷག་གེར་ཤར་བ་དེ་ཉིད་ཡིན། དེ་ཡང་ལྟ་སྒོམ་སྤྱོད་གསུམ་དང་ཅོག་བཞག་བཞི་སོགས་ཕར་སོ་སོར་དབྱེ་ན་སོ་སོའི་ལྡོག་ཆ་ནས་དེ་ལྟར་བཤད་དུ་ཡོད་ཀྱང་། གནད་འགགས་ཀྱི་རྩ་བ་ངོ་མ་ནི་དེ་ཐམས་ཅད་ཀྱི་སྐབས་སུ་སྔར་གྱི་ལྟ་བ་ཟང་ཐལ་རིག་པ་རྗེན་པ་དེའི་ངང་སྐྱོང་བ་མ་གཏོགས་དེ་དག་རེ་རེ་ལ་སྒོམ་རྒྱུ་ཐ་དད་པ་གསར་བ་རེ་གང་ཡང་མེད། སྤྱིར་རྫོགས་པ་ཆེན་པོའི་ལུགས་ལ་སྣང་བ་སེམས་སུ་མི་བཤད་པར། སྣང་བ་སེམས་ཀྱི་རོལ་བ་ཡིན་པར་གསུངས་ཡོད་ལ། སེམས་ཀྱི་རོལ་བ་འདི་དག་ཀྱང་གཞི་མེད་རྩ་བྲལ་ཡིན་པ་ལ་དེ་ལྟར་ཐག་མ་ཆོད་པར་གཞི་ཡོད་དུ་བཟུང་ན་འཁྲུལ་བ་འབའ་ཞིག་ལས་མེད། དེ་ལྟར་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་སྟོང་ཉིད་དུ་ཐག་ཆོད་ན་འཁོར་བ་ཞེས་བྱ་བ་འཁྱམས་ས་དང་སྐྱེ་སའི་ཡུལ་མེད། དེ་བཞིན་དུ་ནང་འཛིན་སེམས་དེ་ཡང་གཞི་མེད་སྟོང་བའི་རང་འགྲོས་སུ་ངོ་ཤེས་ཤིང་རྟོགས་ན་འཁོར་མཁན་གྱི་སེམས་ཞེས་པ་ཞིག་ཀྱང་གྲུབ་པ་མེད། དེ་ལྟར་རྟོགས་ན་ཁམས་གསུམ་ཐམས་ཅད་གཞི་མེད་དུ་ལ་བཟློ་བ་ཡིན། མདོར་ན་ལས་དང་པོ་པའི་སྐབས་སུ་ཉོན་མོངས་པ་གང་སྐྱེ་ཡང་དེ་ཐོལ་གྱིས་ངོས་བཟུང་ལ། དེ་དག་གི་རྗེས་སུ་མི་འབྲང་བར་རང་སར་བཞག་ན་རང་སང་ཆོས་ཉིད་ཡིན་པས་ཉོན་མོངས་པ་གང་སྐྱེས་ཀྱང་དེའི་ཚུགས་མི་ཐུབ་པར་རང་ས་རུ་གྲོལ་བར་འགྱུར་བ་ནི་འགྱུ་བ་གནས་དག་གི་དགོངས་པ་ཞེས་བྱ་བ་ཡིན། དེས་ན་ད་ལྟའི་ཤེས་རིག་འདི་ལ་བཟོ་བཅོས་དང་དཔྱད་ར་སོགས་གང་ཡང་མི་བྱེད་པར་བཞག་དུས་འདི་ཞེས་ངོས་བཟུང་མེད་པ་ལ་གསལ་རིག་འགག་མེད་ཞིག་རྒྱུན་མི་ཆད་པར་འཆར་ནས་ཡོད། དེ་ལ་མཐའ་དབུས་དང་ཕྱོགས་ཆ་གང་ཡང་མེད་པར་ཟང་ཐལ་ལེ་ཡོད། ངང་དེ་ཀ་རང་མ་བོར་དེའི་ངང་དུ་སེམས་རང་སར་བཞག་ན་སེམས་ཀྱི་རང་གཤིས་དེ་ཉིད་མངོན་དུ་གྱུར་བ་ནི་ཆུ་རང་སར་བཞག་ན་རྙོགས་པ་རང་དྭངས་སུ་འགྲོ་བ་ལྟ་བུ་ཡིན། དེའི་ངང་དུ་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་ཐམས་ཅད་འདུ་བ་ཡིན་ནོ། །

དེ་ཡང་རིག་འཛིན་གོང་མ་རྣམས་ཀྱིས་ཉམས་ལེན་སྙིང་པོར་དྲིལ་ན། རྫོགས་པ་ཆེན་པོའི་དོན་གྱི་འཇོག་སོ་ནི། ད་ལྟའི་རང་སེམས་བཅོས་མེད་དུ་ལྷུག་པར་བསྒྱུར་བཀོད་སྤུ་ཙམ་མ་སོང་བའི་གསལ་རིག་རྗེན་པ་འདི་ཀ་ཡིན། དེ་ཉིད་དུས་རྟག་པར་ཟ་ཉལ་འགྲོ་འདུག་གང་གི་སྐབས་སུ་ཡང་མ་བརྗེད་ཙམ་དུ་དྲན་པས་སྐྱོང་བ་དེ་ལ་སྒོམ་ཟེར་བ་ཡིན། འོན་ཀྱང་ཤེས་བྱའི་སྒྲིབ་པ་དང་མ་བྲལ་བར་དུ་བདེ་གསལ་མི་རྟོག་གསུམ་གྱི་ཉམས་དང་མ་འདྲེས་པ་ཞིག་འོང་མི་སྲིད་ཀྱང་རང་ངོ་རང་ཤེས་མ་བརྗེད་ཙམ་དུ་བསྐྱངས་བས་ཅི་ཞིག་ན་དོན་དམ་སྤྲོས་བྲལ་གྱི་བདེན་པ་དཔེ་དང་ཐ་སྙད་ལས་འདས་པ་ཞིག་འཆར་ནས་ཡོང་། རེ་ཞིག་ལས་དང་པོ་པའི་རིགས་ལ་རྣམ་རྟོག་ནག་པོ་ཁ་འབྱམས་ཀྱིས་དྲན་པ་གཡེངས་སུ་བཅུག་ཡོང་བས་ན། རྣམ་རྟོག་གཏན་བྲལ་ལ་སོང་རྗེས་དྲན་པ་ཧྲིག་གེར་སླེབས་ནས་ང་ཡེང་འདུག་སྙམ་པའི་འགྱོད་པ་སྐྱེ་ཡང་དེའི་ཚེ་རྣམ་རྟོག་སྔ་བའི་གཞུག་གཅོད་དང་། ཡེང་བ་ལ་འགྱོད་པ་སོགས་གང་ཡང་མི་བྱ་བར་དྲན་པ་ཧྲིག་གེར་སླེབས་པ་དེ་ཀའི་ཐོག་ཏུ་རང་བབས་ཀྱིས་རྒྱུན་སྐྱོང་དགོས། དྲན་པ་ཧྲིག་གེར་སླེབས་དུས་དྲན་པས་ཟིན་པའི་སྐད་ཅིག་དང་པོ་དེ་ཉིད་ལ་རྫོགས་པ་ཆེན་པོ་ཡེ་བབས་རང་བྱུང་གི་དགོངས་པ་ཡོད་ཅེས་གསུངས་ཡོད། དེ་ལྟར་ན་ལས་དང་པོ་པས་རྣམ་རྟོག་གང་ཤར་ལ་ཅེར་གྱིས་བལྟས་ནས་བརྟག་དཔྱད་བསམ་གཞིག་གང་ཡང་མི་བྱེད་པར་རྣམ་རྟོག་ངོ་ཤེས་མཁན་རང་གི་ཐོག་ཏུ་བྱིས་པའི་རྩེད་མོ་ལ་མི་རྒན་གྱིས་སྣང་མེད་བྱེད་པ་བཞིན་དུ་རྩིས་མེད་བདེན་མེད་དུ་འཇོག་དགོས། ཀུན་མཁྱེན་འཇིགས་མེད་གླིང་བས། ཤར་མཁན་ལ་ལྟོས་རང་གྲོལ་ཡིན། །ཞེས་གསུངས་པས་རྣམ་རྟོག་ཤར་དུས་ཤར་མཁན་རང་གི་གཤིས་ལ་བལྟས་པས་དེ་རང་ཡལ་དུ་འགྲོ་བས་ན་རང་གྲོལ་མངོན་སུམ་དུ་རྟོགས་པ་ཡིན། དེ་ལ་རྒྱུན་རིང་བར་གོམ་པས་ཅི་ཞིག་ན་རྣམ་རྟོག་སྒོམ་ལ་ཤར་ནས་གནས་འཇུ་མཉམ་དུ་གྲོལ་བ་ཡིན་གསུངས་ཡོད། འདིའི་ཚེ་རྣམ་རྟོག་ངོ་ཤེས་ནས་རྣམ་རྟོག་ཁོ་རང་ཆོས་སྐུར་གྲོལ་བ། རྣམ་རྟོག་ཕན་མེད་གནོད་མེད་དུ་ཆོས་སྐུར་གྲོལ་བ་སོགས་རིམ་པར་འབྱུང་བ་ཡིན་ཞེས་གསུངས་ཡོད། མདོར་ན་སེམས་ཉིད་གདོད་ནས་སྐྱེ་མེད་དུ་ཐག་ཆོད་དགོས། ད་ལྟ་སེམས་ཤིག་སྐྱེ་སྣང་གནས་སྣང་འགག་སྣང་ཤར་བ་དེ་ཉིད་སྒོམ་གྱི་སྐྱོན་ཡིན། དེ་ལྟར་སེམས་འདི་ཉིད་གདོད་ནས་སྐྱེ་འགག་བྱེད་མ་མྱོང་བ་ཡིན་ཀྱང་། ངོ་བོ་གསལ་བ། རང་བཞིན་སྟོང་བ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ་རིག་པ་སྐུ་གསུམ་གྱི་རང་བཞིན་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པ་ཡིན། དེ་ལ་ཁོ་ཐག་ཆོད་དེ་གཞི་མེད་རྩ་བྲལ་དུ་རྟོགས་དུས་སེམས་ཀྱི་གཤིས་སམ་རིག་པའི་ཐོག་ཏུ་སླེབས་པ་ཡིན། སེམས་གཞི་མེད་རྩ་བྲལ་མྱང་འདས་ཀྱི་རྫོང་ཆེན་ཞེས་གསུངས་པ་ཡང་དེ་ཡིན། མདོར་ན་རིག་འཛིན་གོང་མ་རྣམས་ཀྱིས་ཉམས་ལེན་གྱི་རྩ་བ་ཐམས་ཅད་གནད་གཅིག་ཏུ་ཚུར་བསྡུ་ན། ད་ལྟ་རང་ལ་གང་ཤར་གང་སྣང་ཐམས་ཅད་ལ་བཅོས་བསྒྱུར་དང་། དགག་སྒྲུབ་དང་རེ་དོགས་གང་ཡང་མི་བྱེད་པར་དྲན་ཙམ་རིག་ཙམ་དེའི་ངང་གདངས་མ་ཤོར་བར། ཧ་གོ་ཙམ་གོ་བྱ་གོ་བྱེད་ཐམས་ཅད་དང་བྲལ་བའི་རིག་པ་བརྗོད་མེད་བློ་འདས་ཟང་ཐལ་ལེ་བ་དེ་ཀའི་རང་མདངས་མ་ཤོར་བར་གནས་ན་དེ་ལས་གཞན་ན་སྒོམ་ཟེར་རྒྱུ་ཞིག་ཅི་ཡང་མེད་དེ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། ད་ལྟའི་ཤེས་པ་བསྒྱུར་བཀོད་མ་བྱས་པའི། །ཐ་མལ་ཤེས་པ་དྲན་རིག་སྐད་ཅིག་མ། །མ་དོར་ཙམ་གྱི་རང་ཚུགས་མ་ཤོར་ན། །གོལ་ས་མེད་དོ་ཨེ་ཀོ་སྙིང་གི་བུ། །ཞེས་གསུངས་པ་དང་། ཀུན་མཁྱེན་ཆེན་པོས། །མཚན་ཉིད་བློ་བྲལ་ཡུལ་མེད་རང་གསལ་བ། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །ཅེས་གསུངས་པ་ལྟ་བུ་ཡིན་པས་ན་དུས་རྒྱུན་དུ་བྱུང་གནས་འགྲོ་གསུམ་གྱིས་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ། དེ་ནས་རྣམ་རྟོག་གང་སྐྱེས་ཐམས་ཅད་ཡེ་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་ཡིན་པའི་ཚུལ་ཤེས་པར་བྱས་ནས་ཐག་ཆོད་དགོས། རིག་པའི་རང་རྩལ་དེ་ཉིད་ནི་ཡོད་མེད་ཡིན་མིན་སོགས་ཀྱི་ཡུལ་ལས་འདས་པས་ན། ཡིན་མིན་དང་བཟང་ངན་དུ་འཛིན་པའི་ཐེ་ཚོམ་གྱི་རྟོག་པ་དེ་དག་སྒོམ་གྱི་སྐྱོན་ཡིན། ཉམས་ལེན་ལ་ངོས་བཟུང་དང་དམིགས་གཏད་ཡོད་ན་དེ་རྫོགས་པ་ཆེན་པོའི་ཉམས་ལེན་མིན། དེས་ན་དུས་རྒྱུན་དུ་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་ད་ལྟའི་ཐ་མལ་གྱི་ཤེས་པ་སྐད་ཅིག་མ་འདི་ཡང་ལྷོད་དེ་མ་ཡེངས་མ་སྒོམ་ཙམ་པོ་དེའི་ངང་སྐྱོང་ཨི་ཐུབ་བལྟ་དགོས། རྣམ་རྟོག་གང་འཇུས་ཀྱང་དེ་ལ་དགག་སྒྲུབ་སོགས་མི་བྱེད་པར་རིག་པ་རང་བབས་སུ་ལྷོད་ཀྱི་ལེར་བཞག་ནས་རྣམ་རྟོག་འཆར་མཁན་གྱི་རང་ངོ་ལ་ཚུར་བལྟས་པས་བལྟ་བྱ་ལྟ་བྱེད་ཐམས་ཅད་དང་བྲལ་བས་རྣམ་རྟོག་རང་ཡལ་རྗེས་མེད་དུ་འགྲོ་བ་ཆོས་ཉིད་ཡིན། དེའི་གནས་སྐབས་ན་བཅས་བཅོས་དང་དགག་སྒྲུབ་སྤྲོ་བསྡུ་ཐམས་ཅད་བསྐྱུར་ནས་ཧ་གོ་ཙམ་རིག་ཙམ་དེའི་རང་ཚུགས་མ་ཤོར་ན། ཆུ་དང་རིག་པ་བཞག་ན་དྭངས། །ཞེས་པ་ལྟར་གནས་ལུགས་རང་གི་ངང་ལ་དེ་ལྟར་བཞག་པས་རེ་དོགས་དང་དགག་སྒྲུབ་ཐམས་ཅད་རང་གྲོལ་དུ་འགྲོ་བ་ཡིན། གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱིས། ནམ་དྲན་ལ་ཡང་འཇོག་མ་བྱས་ན། གཉུག་མའི་རང་ས་ཟིན་པར་གོ །ཞེས་ནམ་དྲན་ལ་ཡང་འཇོག་མ་བྱས་ན་ཞེས་པའི་དོན་ནི། ང་ཡེངས་འདུག་བསམ་ཚེ་རྣམ་རྟོག་སྔ་མའི་གཞུག་གཅོད་དང་། རྗེས་སུ་ང་ཡེངས་འདུག་སྙམ་པའི་འགྱོད་པ་སོགས་གང་ཡང་མི་བྱེད་པར་སེམས་ཉིད་ཀྱི་རང་གཤིས་དེ་ཉིད་ལ་ངང་མ་བོར་བ་ཙམ་དུ་གནས་ན། བདེ་འབོལ་འབོལ་དང་། གསལ་ལྷང་ལྷང་གང་ཡང་མེད་ཀྱང་ཡེངས་པ་ཚོར་ཙམ་དེ་ཀའི་ངང་བསྐྱང་བ་དེ་ལས་གཞན་པའི་ཉམས་ལེན་ཞིག་མི་དགོས། ཡེངས་པ་ཚོར་ཙམ་དེ་ཀའི་ཤེས་པ་དེ་ཉིད་རང་ཚུགས་མ་ཤོར་ན་གཞི་མེད་ཧར་སང་ཆེན་པོ་ཡིན་པས་དེ་ཀའི་ངང་ལ་འཇོག་དགོས། དེ་ལྟར་བཞག་པས་རྣམ་རྟོག་སྐྱེ་འོང་ན། རྣམ་རྟོག་སྐྱེས་ཚེ་ཅེར་གྱིས་བལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །བསྒོམ་དུ་མེད་ལ་བསྒོམ་དུ་བྱེད་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ཀུན་མཁྱེན་བླ་མས་གསུངས་པ་དང་། གུ་རུ་རིན་པོ་ཆེས། རྟོག་པ་རགས་དུས་ནང་དུ་མཁན་པོ་ཚོལ། །ཆེད་དུ་སྤང་བླང་མི་དགོས་རང་སར་ཞོག །ཅེས་གསུངས་པ་ལྟར་རྟོག་པ་རགས་དུས་ཡིན་མིན་ཡོད་མེད་བདེ་སྡུག་སོགས་གང་སྐྱེས་ཀྱང་དེ་འདྲས་མྱོང་མཁན་དང་ཤེས་མཁན་དང་ཚོལ་མཁན་ཁོ་རང་གི་ངོ་བོ་ལ་ཅེར་གྱིས་བལྟས་པས་ཆེད་དུ་སྤང་བླང་མི་དགོས་པར་རང་སར་གྲོལ་འགྲོ་བ་ཡིན། དེ་ལྟར་གནས་ན་དགེ་མི་དགེ་སོགས་དབང་པོ་དྲུག་གི་ཡུལ་དུ་གང་ཤར་ཐམས་ཅད་རང་གྲོལ་ཡིན། དེ་ཡང་གྲོལ་ཞེས་བརྡར་བཏགས་རང་ཡལ་རྗེས་མེད་ཙམ། །ཞེས་གསུངས་པས་དཔེར་ན་ཆུ་ལ་རི་མོ་འབྲི་བ་དང་ཡལ་བ་དུས་མཉམ་པ་ལྟར། རྣམ་རྟོག་གང་སྐྱེས་ཀྱང་སྐྱེ་བ་དང་གྲོལ་བ་དུས་མཉམ་ཡིན། དེ་ལྟར་ན་བཟང་ངན་བར་མའི་རྣམ་རྟོག་གང་སྐྱེས་ཀྱང་རིག་པ་རང་གི་ངོ་བོ་ལ་ཕན་གནོད་གང་ཡང་མེད་དེ། མེ་ལོང་གི་ངོར་གཟུགས་ལེགས་ཉེས་གང་ཤར་ཡང་མེ་ལོང་རང་ཉིད་ལ་གོས་པ་མེད་པ་ལྟར་ཡིན། ཀུན་མཁྱེན་བླ་མས། སྣང་བའི་ཡུལ་གྱི་ཕན་གནོད་གཉིས་སུ་མེད། །དེར་འཛིན་ཞེན་པས་སྲིད་པར་འཆིང་བས་ན། །སྣ་ཚོགས་སྣང་ལ་བརྟག་དཔྱད་མི་དགོས་པས། །འཛིན་པའི་སེམས་ཀྱི་རྩ་བ་ཆོད་པར་མཛོད། །ཅེས་དང་། ཏེ་ལོ་པས། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། །ཞེས་གསུངས་པ་ལྟར། གང་སྣང་གང་ཤར་ཐམས་ཅད་ལ་ཞེན་མེད་རང་གྲོལ་གྱི་ལྟ་བའི་རྩི་དང་མ་བྲལ་བར་དུས་དང་རྣམ་པ་ཀུན་ཏུ་གང་ལ་ཡང་ཞེན་པ་མེད་པ་ཞིག་གལ་ཆེ་ཞེས་གསུངས་སོ། །མཚུངས་མེད་དགེ་བའི་བཤེས་གཉེན་མཁན་ཆེན་བླ་མ་རིན་པོ་ཆེ་པདྨ་ཚེ་དབང་མཆོག་གི་ཞལ་རྒྱུན་འཁྲུལ་མེད་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡེ་ཤེས་བླ་མའི་དངོས་གཞིའི་ངོ་སྤྲོད། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་མཐར་ཐུག་པ་མན་ངག་ཅོག་བཞག་བཞིའི་སྒོ་ནས་སྙན་བརྒྱུད་ཟབ་མོ་འཕྲོས་དོན་དུ་གསུངས་པ་རྣམས། མགོན་པོ་གང་གི་ཚད་མེད་པའི་ཐུགས་རྗེས་ཡོངས་སུ་བསྐྱངས་བའི་སློབ་བུ་ཐ་ཤལ་བ་ཤེས་རབ་བཟང་པོས་སྒྲ་ཕབ་འཁོར་ལོ་ལས་བཤུས། བླ་མ་རིན་པོ་ཆེས་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་དངོས་གཞིའི་ངོ་སྤྲོད་རྒྱས་བསྡུས་ཁག་གཉིས་སྔ་ཕྱིར་གསུངས་འདུག་པ་ཅུང་ཟད་མི་འདྲ་བས་ཕྱོགས་གཅིག་ཏུ་སྡེབ་ན་གདམས་ངག་ཆ་ཚང་བ་དང་ཁ་གསལ་བ་སོགས་ཀྱི་དགོས་གལ་ཆེ་བར་མཐོང་ནས་ཕྱོགས་སྡུས་བྱས། འདི་ལ་ཕྲི་སྣོན་དང་སྔ་ཕྱིའི་གོ་རིམ་དག་ཅུང་ཟད་དཀྲུགས་དགོས་བྱུང་ན་ཡང་དངོས་དོན་ཉམས་ལེན་གྱི་ཟབ་གནད་དང་སྙན་བརྒྱུད་ཀྱི་གདམས་པ་ཐམས་ཅད་གསུངས་ཅི་བཞིན་ལྷག་ཆད་མེད་པར་བཀོད་ཡོད། འདི་ཉིད་ལ་འབྲེལ་བ་ཐོག་ཚད་ཐམས་ཅད་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་མཆོག་གིས་རྗེས་སུ་བཟུང་ཞིང་། གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་དགོངས་དོན་མངོན་དུ་གྱུར་ཏེ། རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་ཅིང་གདོད་མའི་གཏན་སྲིད་ཆེན་པོ་ཟིན་པའི་རྒྱུར་གྱུར་ཅིགསྙན་བརྒྱུད་ཀྱི་གདམས་པ་ཚུལ་བཞིན་ཐོབ་ཅིང་། ཅི་བཞིན་ཉམས་སུ་ལེན་པའི་སྐལ་ལྡན་གྱི་གང་ཟག་རྣམས་ལས་གཞན་ལ་གསང་རྒྱ། ས་མ་ཡ། དགེའོ། །


previousཞལ་གདམས་མན་ངག་གི་སྐོར།next