གསང་སྔགས་བླ་ན་མེད་པའི་ཏནྟྲའི་དོན་གྱི་རྣམ་དབྱེ་གསལ་བྱེད།
༄༅།།གསང་སྔགས་བླ་ན་མེད་པའི་ཏནྟྲའི་དོན་གྱི་རྣམ་དབྱེ་གསལ་བྱེད་བཞུགས་སོ།། ཨོ་རྒྱན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །གསང་སྔགས་བླ་ན་མེད་པའི་ཏནྟྲའི་དོན་གྱི་གོ་བ་འདི་ལྟར་ཤེས་པར་བྱ་སྟེ། སྤྱིར་རྒྱུའི་ཐེག་པ་ལས་འབྲས་བུའི་ཐེག་པ་ནི་ཐབས་མང་བ་དང་མྱུར་བ་དང་ཤེས་རབ་ཟབ་པ་དག་གིས་ཕྱེ་ལ། ཁྱད་པར་སྔགས་ཕྱི་པ་ལས་ནང་པ་ནི་ལྟ་བ་དང་ཏིང་ངེ་འཛིན་དང་སྤྱོད་པས་ཕྱེ་བར་ཤེས་དགོས། སྔགས་ནང་པ་ལ་ཡང་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་དབྱེ་བའང་། གཙོ་བོར་རྫོགས་རིམ་གྱི་ཁྱད་པར་ལས་འཇོག་ལ། དེ་ཡང་ཐབས་རང་ལུས་ལ་བརྟེན་པ་དང་། ཤེས་རབ་གཞན་ལུས་ལ་བརྟེན་པ་དང་། ཐབས་ཤེས་གཉིས་མེད་ཀྱི་འབྲས་བུ་ལྷན་སྐྱེས་གཙོ་བོར་སྟོན་པའི་སྒོ་ནས་འཇོག །གཙོ་བོར་སྟོན་ལུགས་ཀྱང་། སྟོན་པས་རྒྱུད་དེ་དང་དེར་དངོས་བསྟན་རྒྱ་ཆེ་ཆུང་དང་། རྗེས་འཇུག་ལམ་པས་མོས་པ་དང་དབང་པོའི་ཁྱད་པར་གྱིས་ཉམས་ལེན་གྱི་གཞུང་ཤིང་གང་ལ་བྱེད་པ་དག་གི་སྒོ་ནས་འབྱེད་པ་ལས། དོན་ལ་གང་ཟག་གཅིག་གི་ཉམས་ལེན་དུ་གསུམ་ཁ་རྒྱུ་འབྲས་ཀྱི་ཚུལ་དུ་ཚང་དགོས་པ་ལས་གང་རུང་གཅིག་ཡ་བྲལ་བས་འགྲུབ་པ་མ་ཡིན་ནོ། །བསྐྱེད་རིམ་རྒྱས་བསྡུས་གྱི་སྒོ་ནས་ཕྱེ་བ་ནི་རགས་པ་ཙམ་ལས་ཞིབ་པར་ནི་མིན་ཏེ། ཕ་རྒྱུད་དུ་གྲགས་པ་གསང་འདུས་དང་གཤེད་སྐོར། མ་རྒྱུད་དུ་གྲགས་པ་བདེ་མཆོག ཀྱཻ་རྡོ་རྗེ། སངས་རྒྱས་མཉམ་སྦྱོར། ཡང་དག་སོགས་དང་། གཉིས་མེད་རྒྱུད་དུ་གྲགས་པ་དུས་འཁོར་དང་། འཇམ་དཔལ་སྒྱུ་དྲྭ། རྡོར་སེམས་སྒྱུ་དྲྭ་སོགས་ལ་བསྐྱེད་རིམ་ཤས་ཆེ་ཆུང་གི་ཁྱད་པར་མི་འབྱུང་བ་མངོན་སུམ་པས་གསལ་ལོ། །དེ་ལས་སྔ་འགྱུར་པའི་ཆོས་སྐད་ཐུན་མོང་མ་ཡིན་པ་བསྐྱེད་པ་མ་ཧཱ། རྫོགས་པ་ཨ་ནུ། རྫོགས་ཆེན་ཨ་ཏི་ཞེས་གསུམ་དུ་ཕྱེ་བ་ཡང་། ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་སོ་སོར་ཐད་དྲང་དུ་སྦྱར་བའང་འོལ་སྤྱི་ཙམ་ཏེ། མ་ཧཱའི་ཏནྟྲ་བཅོ་བརྒྱད་ལ་ཡང་ནང་གསེས་ཀྱི་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་དབྱེར་ཡོད་པ་དང་། དེ་མཚུངས་ཨ་ནུ་དང་ཨ་ཏི་གཉིས་ལ་ཡང་ནང་གསེས་ཀྱི་རྣམ་འབྱེད་ཕྲ་མོ་ཡོད་པ་ཡིན་ནོ། །དེས་ན་འདིར་ནི་བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ། རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུ། རྫོགས་ཆེན་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་ཇི་སྐད་གསུངས་པ་བཞིན་དུ། ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་པོ་རེ་རེ་བཞིན་ཡང་བསྐྱེད་རྫོགས་རྫོགས་ཆེན་གསུམ་རེ་ཡོད་པར་ཤེས་དགོས་སོ། །སྔགས་ནང་པར་གཏོགས་པའི་ལམ་ཚང་ལ་མ་ནོར་བ་ཞིག་ཡིན་ཕྱིན། སྦྱང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་ཞིག་དང་། གསལ་བདེ་མི་རྟོག་པའི་ཐབས་ལ་བརྟེན་པའི་རྒྱུའི་རྫོགས་རིམ་ཞིག་དང་། ཐབས་བྱུང་འབྲས་བུའི་རྫོགས་རིམ་མམ་རྫོགས་པ་ཆེན་པོ་སྟེ་ལམ་གྱི་སྐྱེལ་སོ་མཐར་ཐུག་ཞིག་དང་གསུམ་མེད་དུ་མི་རུང་བའི་ཕྱིར་རོ། །འོ་ན་ཡོ་ག་སྡེ་གསུམ་ལ་རྒྱུད་སྡེ་དང་ཐེག་པའི་རྣམ་བཞག་སོ་སོ་བ་མི་རུང་ངམ་ཞེ་ན། རྡོ་རྗེ་འཆང་གིས་དངོས་བསྟན་གྱི་ལམ་རིམ་རྒྱ་ཆེ་ཆུང་དང་། གང་ཟག་གིས་གནས་སྐབས་དེ་དང་དེའི་ལམ་བགྲོད་བྱེད་ཡིན་པས་ཀླན་ཀ་མེད་དོ། །ལམ་གཅིག་ལ་ཡོ་ག་གསུམ་ཀ་རྫོགས་དགོས་ན་རྫོགས་ཆེན་གྱི་རྒྱུད་ལས་མ་ཧཱ་དང་ཨ་ནུ་གོལ་སར་བསྟན་པ་དེ་གང་སྙམ་ན་སྐབས་དེ་དང་དེའི་ལྟ་བསྒོམ་ལ་མཆོག་འཛིན་ཆེ་ན་མཐར་ཐུག་གི་ལམ་ལ་ཁ་འགྱང་བ་དང་། བྱ་རྩོལ་དང་བྲལ་བའི་ལམ་ལ་སླེབས་ཟིན་པ་ལ་བྱ་རྩོལ་གྱི་ལམ་དོན་མེད་པར་སྟོན་པའི་ཆེད་ཡིན་ཏེ། དེ་འདྲ་བ་དེ་ལམ་གྱི་ཐོག་མ་ངེས་འབྱུང་དང་། གྲུབ་མཐའི་ཐོག་མ་བྱེ་སྨྲ་བ་ནས་བརྩམས་ཏེ། མཐར་ཐུག་ཐེག་མཆོག་རྒྱལ་པོ་འདི་ལ་ཐུག་གི་བར་དུ་ལམ་དང་གྲུབ་མཐའི་བྱེ་བྲག་ཐམས་ཅད་ལ་ཐད་ཀ་ཐད་ཀའི་ཁྱད་འབྱེད་རེ་ཡོད་པ་ནི་ཤེས་ཀྱང་སླ་བ་ཡིན་ནོ། །དེ་ལྟར་སྤྱིར་ཤེས་པར་བྱས་ནས་ལམ་དངོས་ལ་འཇུག་པ་ནི། གདུལ་བྱའི་གང་ཟག་རང་རང་གི་ཁམས་དབང་མོས་པའི་བྱེ་བྲག་ལས་ཕ་མ་གཉིས་མེད་ཀྱི་རྒྱུད་སྡེ་གསུམ་པོ་གང་རུང་ཞིག་ལ་ཞུགས་ཏེ་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་ལམ་གནད་ཚང་ལ་མ་འཁྲུལ་བར་ཉམས་སུ་ལེན་ཤེས་དགོས་སོ། །དེ་ཡང་དེ་གསུམ་ཉམས་སུ་ལེན་ཚུལ་ལ་མཐའ་གཅིག་ཏུ་འདྲ་བ་མ་ཡིན་ཏེ། གང་ཟག་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་དང་། རྣོན་པོ་ལ་ཡང་རྒྱུ་དང་སྦྱངས་པའི་རྣོན་པོ། རྟུལ་པོ་ལ་ཡང་རང་བཞིན་དང་ལས་ཀྱིས་སྒྲིབ་པའི་རྟུལ་པོ་སོགས་གདུལ་བྱའི་ཁམས་དབང་ནི་རྒྱལ་བའི་ཡེ་ཤེས་ཀྱི་ཡུལ་ལྟར་རྒྱ་ཆེ་ལ། དེའི་ཕྱིར་སློབ་མའི་རྒྱུད་ལ་རྟོགས་པ་སྐྱེ་ངེས་ཀྱི་གདམས་ངག་འདེབས་པ་ལ་འཕགས་ལམ་དང་མངོན་ཤེས་ཐོབ་པའི་སློབ་དཔོན་དགོས་པར་གཞུང་མན་ངག་ཐམས་ཅད་ནས་ནན་ཆེར་གསུང་བ་ཡང་གནད་འདི་ཀས་ཡིན་ནོ། །དེ་ལྟར་གདུལ་བྱའི་ཁྱད་པར་གྱི་ལམ་བགྲོད་ཚུལ་ཀྱང་མཐའ་ཡས་པ་ཞིག་ཡོད་དེ། མཐར་གྱིས་འཇུག་པ་དང་ཐོད་རྒལ་པ་གཉིས། མཐར་གྱིས་པ་ལ་མྱུར་བུལ་གྱི་སྒོ་ནས་རིམ་གྱིས་པ་དང་། གཅིག་ཆར་པ་གཉིས། ཐོད་རྒལ་པ་ལ་བློ་སྟོབས་ཆེ་ཆུང་གིས་ཐོད་རྒལ་ཆུང་འབྲིང་ཆེན་པོའི་རྣམ་བཞག་དང་། སློབ་ཚུལ་གྱི་སྒོ་ནས་མོས་སློབ་དང་སྨིན་སློབ་གཉིས། ས་མཚམས་གྱི་སྒོ་ནས་ཟག་བཅས་དང་ཟག་མེད་གཉིས་སོགས་ལམ་གྱི་དབྱེ་བ་ནི་མང་ཞིག་ཡོད་ལ། དེ་ཐམས་ཅད་ལམ་གྱི་ངོ་བོའི་སྒོ་ནས་ཐབས་ཀྱི་ལམ་དང་། ཤེས་རབ་ཀྱི་ལམ་གཉིས་སུ་འདུས་པ་ཡིན་ནོ། །དེ་གཉིས་ཀྱི་སོ་སྐྱེའི་ལམ་དུ་གཙོ་བོར་འདོན་ལུགས་ཀྱི་སྒོ་ནས་བཞག་པ་མ་གཏོགས་གང་རུང་ཡ་བྲལ་བའི་ལམ་གྱིས་ནི་མཆོག་འགྲུབ་པ་མེད་དོ། །ཐབས་གྲོལ་ལམ་གྱི་ཐབས་ཅེས་པ་ནི། སྤྱིར་ཐབས་ཀྱི་ཕྱོགས་སུ་གཏོགས་པའི་ཆ་མང་ཡང་དངོས་ནི་དབང་གསུམ་པའི་ལམ་ཡིན་ནོ། །ཤེས་རབ་ཅེས་པ་ལ་ཕྱོགས་མང་ཡང་དངོས་ནི་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ཡིན་ནོ། །དེས་ན་ཐབས་ལམ་ལ་ཤེས་རབ་ཀྱིས་མ་ཟིན་ན་འདོད་ཆགས་ཆོས་སུ་སྨྲ་བ་དབང་ཕྱུག་གི་ལམ་དང་ཁྱད་མེད་པ་དང་། ཤེས་རབ་ཐབས་ལམ་གྱིས་མ་ཟིན་ན་རྒྱུའི་ཐེག་ཆེན་དང་མཚུངས་པ་ལས་གསང་ཆེན་ཐབས་ཀྱིས་ཆེ་བའི་ལམ་དུ་མི་འགྲུབ་བོ། །ཞེས་རྒྱུད་ལས་བཤད་པ་ལྟར་རོ། །ཐབས་ལམ་ལ་དབང་བཞི་ཆར་འཇོག་དགོས་པ་མིན་ནམ། ཅིའི་ཕྱིར་གསུམ་པ་ཁོ་ན་སྨྲོས་ཅེ་ན་བདེན་མོད་དེ། འདིར་གཙོ་བོ་ངོས་བཟུང་བ་ཡིན་གྱི་དེའི་རྒྱུར་བུམ་གསང་དང་འབྲས་བུར་བཞི་པ་འོང་བས་དེར་བསྡུས་པའོ། །དེ་བཞིན་དུ་གྲོལ་ལམ་གྱི་གཙོ་བོ་ཡང་། དངོས་སྒོམ་བྱུང་གི་ཤེས་རབ་མངོན་སུམ་རང་གསལ་བློའི་ཡུལ་དང་བྲལ་བ་ཡིན་ཀྱང་དེའི་རྒྱུར་ཐོས་བསམ་གྱི་ཤེས་རབ་དང་གྲོགས་ཏིང་ངེ་འཛིན་དག་བསྡུས་པ་ཡིན་ནོ། །དེ་ལྟར་ན་ཐབས་ལམ་ནི་ལམ་གྱི་རྒྱུའམ་རྐྱེན་དང་གྲོལ་ལམ་ནི་འབྲས་བུར་འོང་བ་ཡིན་ནོ། །ཐབས་ལམ་དང་གྲོལ་ལམ་གཉིས་འཕགས་ལམ་འཐོབ་པ་ལ་གང་མྱུར་ཞེ་ན་རྣམ་པར་ཕྱེ་ནས་ལན་གདབས་པར་བྱ་བ་སྟེ། གྲོལ་ལམ་གཅིག་ཆར་ལ་ནི་ཐབས་ལམ་གཅིག་ཆར་བ་ལས་ཀྱང་མྱུར་ལ། གྲོལ་ལམ་རིམ་གྱིས་པ་ནི་ཐབས་ལམ་རིམ་གྱིས་པ་ལས་ཀྱང་བུལ་བ་ཡིན་ཏེ། ཀཽསྟུ་བྷ་དང་། མཀྵྀ་ཀའི་དཔེ་བཞིན་ནོ། །ད་མདོ་ཧྲིལ་གྱིས་དྲིལ་ན་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་འདུ། གསུམ་ཀ་དབང་བཞི་ཡོངས་རྫོགས་གཅིག་གི་ལམ་དུ་འདུ། དེ་ཡང་ཐབས་གྲོལ་གྱི་ལམ་གཉིས་སུ་འདུ། འཕགས་ལམ་ལ་ལམ་གྱི་རྣམ་བཞག་ཐ་དད་པ་མེད། དབང་གསུམ་པའི་ལམ་མ་བརྟེན་པར་སྔགས་བླ་མེད་ཀྱི་མཐོང་ལམ་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་མི་སྲིད། དབང་གསུམ་པའི་ལམ་ཡིན་ན་ཤེས་རབ་མར་བརྟེན་དགོས་པས་ཁྱབ་ཀྱང་། ཤེས་རབ་མ་ཡིན་ན་ལས་ཀྱི་ཕྱག་རྒྱ་ཡིན་དགོས་པས་མ་ཁྱབ། རྒྱུ་མཚན་དེའི་ཕྱིར་ན་གྲོལ་ལམ་པ་དང་། བྱེ་བྲག་རྫོགས་ཆེན་པ་རིག་པ་རང་སྣང་གི་བློ་ཅན་རྣམས་ལ་དབང་བཞིའི་ལམ་ཡོངས་རྫོགས་ཡོད་ཀྱང་དེས་ཐབས་ལམ་པ་ཡིན་པར་མི་འགྱུར། སྤྱིར་སྔགས་ལམ་ལ་ཐབས་ཀྱི་ཐེག་པ་ཅེས་པའི་ཐབས་དང་། བྱེ་བྲག་ཐབས་གྲོལ་ལམ་གྱི་ཐབས་གཉིས་ལ་སྤྱིར་བཏང་དང་དམིགས་བསལ་ལམ་ཐུན་མོང་དང་ཐུན་མིན་གྱི་ཁྱད་པར་ཡོད་པ་ཤེས་དགོས། དེས་ན་རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་གསང་བའི་སྙིང་པོ་ལྟ་བུ་ནི་སྤྱི་རྒྱུད་ཡིན་པས་ན་ཕ་མ་གཉིས་མེད་ཀྱི་རྒྱུད་གང་ལྟར་བཤད་ཀྱང་ཆོག་པ་དང་། བསྐྱེད་རྫོགས་རྫོགས་ཆེན་གསུམ་གང་ལྟར་བཀྲལ་ཀྱང་འགལ་བ་མེད་ལ་དེ་ལྟར་ཡིན་པ་ཡང་ངེས་པའི་དོན་དང་སྒྲ་ཇི་བཞིན་པ་ཡིན་ནོ། །ཐབས་ལམ་དང་གྲོལ་ལམ་གྱི་ཁྱད་པར་ཡང་རྩ་རྒྱུད་ནི་གང་གི་ཕྱོགས་སུ་ཡང་མ་ལྷུང་ཞིང་བཤད་རྒྱུད་སྡེ་བཞི་སོ་སོའི་དགོངས་པས་ཐབས་གྲོལ་སོ་སོར་འཆད་ནུས་པ་ཉིད་དོ། །སྤྱིར་རྒྱུད་དོན་ལ་གཞི་ལམ་འབྲས་བུའི་རྒྱུད་གསུམ་ལས། གཞི་རྒྱུད་ནི་ཤེས་བྱ། ལམ་རྒྱུད་ནི་ཉམས་སུ་ལེན་བྱ། འབྲས་རྒྱུད་ནི་ཐོབ་བྱ་ཡིན་ལ། དེའི་ནང་ནས་ཀྱང་གཞི་ཤེས་བྱེད་དང་འབྲས་བུ་ཐོབ་བྱེད། ཉམས་ལེན་གྱི་ངོ་བོ་དངོས་ནི་ལམ་རྒྱུད་ཡིན་པས་དེའི་རང་བཞིན་ཤེས་པ་གལ་ཆེ། དེ་ཡང་ལྟ་སྤྱོད་དཀྱིལ་འཁོར་སོགས་རྒྱུད་ཀྱི་དངོས་པོ་བཅུ་འཁོར་དང་བཅས་པ་ཡིན་ཀྱང་དེའི་ནང་ནས་ཀྱང་གཙོ་ཆེ་ཤོས་ལྟ་བ་དང་ཏིང་འཛིན་གཉིས་ཡིན། ལྟ་བ་ནི་ལྷག་པའི་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་དེ་ཡིན་ཀྱང་། དེ་འཕགས་པའི་ཡེ་ཤེས་མངོན་སུམ་པའི་ཡུལ་ཡིན་ཕྱིར་སོ་སྐྱེས་བློའི་ཇི་བཞིན་པར་གཏན་ལ་འབེབས་མི་ནུས། དེས་ན་འཁོར་བ་དང་མྱང་འདས་སུ་བཏགས་པའི་ཞེན་སྣང་འདི་ཉིད་ལམ་ཐུན་མིན་གྱི་གཏན་ཚིག་རྣམས་ཀྱིས་གཞལ་བས་རྗེས་དཔག་གི་ཚད་མས་གཞི་རྒྱུད་ཀྱི་དོན་སྤྱི་ཙམ་ངེས་པ་དེ་ལྟ་བར་བཞག་ནས་ཏིང་ངེ་འཛིན་སྒོམ་དགོས། ཏིང་ངེ་འཛིན་དེ་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་བསྐྱེད་པའི་རིམ་པ་དེ་ཡང་། རྣལ་འབྱོར་ལྔའི་ཆིང་གིས་བཅིང་བ་དང་། བསྙེན་བསྒྲུབ་ཡན་ལག་བཞིའི་ཆིང་གིས་བཅིང་བ་གང་ལྟར་ཡང་འདྲའོ། །བསྐྱེད་རིམ་གྱི་ཆོ་ག་ནི་རྩ་རྒྱུད་ལས་ཡི་གེ་འཁོར་ལོའི་སྤྲིན་ལས་སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་དུ་སྒྲུབ་པ་ཙམ་ལས་མི་གསལ་ཡང་། བཤད་རྒྱུད་དང་སྒྲུབ་ཐབས་སོགས་ཀྱི་དགོངས་པས། བདག་སྲས་གཞན་སྲས་ཀྱི་ཆོ་ག་དང་། མངོན་བྱང་ལྔ་བསྐྱེད། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་སོགས་གང་ལྟར་བྱས་ཀྱང་འགལ་བ་མེད་པའོ། །རྫོགས་རིམ་ན་གྲོལ་ལམ་བསྐྱེད་རིམ་ལྟར་རྣལ་འབྱོར་ལྔའི་ཆིང་གིས་བཅིང་བ་དང་། ཐབས་ལམ་སྟེང་འོག་གི་སྒོ་ཐུན་མོང་བ་ལྟར་དགའ་བཞིའི་ཆིངས་སུ་བཅིང་བ་དང་། ཐུན་མོང་མ་ཡིན་པ་འཁོར་ལོ་བཞིར་མན་ངག་བཞིའི་རྫོགས་རིམ་སྒོམ་ཚུལ་བཱི་མ་ལའི་གསང་ཐིག་ནས་འབྱུང་བ་ལྟར་བསྒོམ་པའི་རིམ་པ་རྣམས་སོ། །གྲོལ་ལམ་རྣལ་འབྱོར་ལྔའི་ཆིང་གིས་བཅིང་བ་ཟུར་པའི་བཤད་སྲོལ་ལས་བྱུང་བ་ནི་ལམ་གྱི་ངོ་བོ་རིམ་ལྔ་དང་ཕྱོགས་མཚུངས་ལ། རོང་ཟོམ་ཆེན་པོའི་དཀོན་མཆོག་འགྲེལ་དུ་གསུངས་པ་ནི་རྫོགས་ཆེན་ཁྲེག་ཆོད་ཀྱི་གདམས་པ་དང་ཕྱོགས་མཚུངས་པའོ། །བསྐྱེད་རིམ་ནས་རྫོགས་རིམ་ལ་འཇུག་ཚུལ་ནི། གྲོལ་ལམ་གཅིག་ཆར་བ་བསྐྱེད་རྫོགས་ཆིག་ཆོད་དུ་སོང་ནས་ལམ་དངོས་འཕགས་ལམ་ཟུང་འཇུག་གི་ངོ་བོར་གྱུར་པའོ། །གྲོལ་ལམ་རིམ་གྱིས་པ་དང་། ཐབས་ལམ་པ་རྣམས་ནི་བསྐྱེད་རྫོགས་རིམ་ཅན་དུ་སྦྱང་དགོས་ལ། དེ་ཡང་བསྐྱེད་རིམ་ཕྱག་རྒྱ་སྤྲོས་བཅས་རྫོགས་ནས་རྫོགས་རིམ་གསང་དབང་གི་ལམ་ནས་རིམ་བཞིན་འཇུག་པ་དང་། ཕྱག་རྒྱ་གཅིག་སྤྲོས་ཀྱི་རྟེན་ལ་གསང་དབང་གི་ལམ་སྦྱང་ནས་སྒྱུ་ལུས་དང་འོད་གསལ་མངོན་དུ་བྱས་ཏེ་ཚོགས་སྒྲུབ་ཤེར་དབང་ལམ་གྱི་ཉེ་རྒྱུས་རླུང་སེམས་ལས་གྲུབ་པའི་སྒྱུ་ལུས་ཀྱི་ལྷ་སྐུ་དོན་གྱི་འོད་གསལ་དུ་བསྡུས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བ་དང་། ཉིན་མོ་སྟོང་ཆེན་རྣལ་འབྱོར་བསྒོམ་ནས་མཚན་མོ་གཉིད་ཀྱི་འོད་གསལ་དང་སྦྲེལ་ཏེ་དུ་བ་སོགས་ཀྱི་མཚན་མ་མཐོང་བ་ནས་དཔེའི་འོད་གསལ་བསྐྱེད་པ་རྫོགས་རིམ་གྱི་སྟོང་ཆེན། སྙིང་རྗེ་སྒྱུ་མའི་འཕེན་པས་ཉིན་མོ་ཕྱག་རྒྱ་གཅིག་སྤྲོས་གྱི་རྣལ་འབྱོར་བསྒོམ་པ་དང་འདྲེལ་བར་དཔེའི་འོད་གསལ་ལས་སྙིང་རྗེ་སྒྱུ་མའི་འཕེན་པས་སྒྱུ་ལུས་ཀྱི་ལྷ་སྐུ་ཕྱག་རྒྱ་གཅིག་སྤྲོས་སུ་ལྡང་བ་དེ་དང་། དེའི་རྣལ་འབྱོར་ཚུལ་དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་ལམ་གྱིས་སྦྱོར་ལམ་ཆོས་མཆོག་གི་བར་བགྲོད་ནས་རྟེན་དེ་ལ་ཚོགས་སྒྲུབ་གྱི་ཉེ་རྒྱུས་འཕགས་ལམ་ལ་སྦྱོར་བར་བཤད་པ་སོགས་བཤད་སྲོལ་དུ་མ་ཡོད། གང་ལྟར་རུང་ཕྱག་རྒྱ་གཅིག་སྤྲོས་ཀྱིས་བསྡུས་པའི་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་ངེས་པ་ཅི་རིགས་རྙེད་པའི་ཚེ་དེ་དག་དང་སྦྲེལ་ནས་གསང་དབང་གི་ལམ་རླུང་གི་རྣལ་འབྱོར་དང་ཤེར་དབང་གི་ལམ་གདམས་ངག་སྟེང་སྒོ་དང་འོག་སྒོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་རྩལ་སྦྱང་བ་སོགས་བྱས་པས་སྟོང་བཞི་དང་། དགའ་བཞི་ཐབས་ཀྱི་ཁྱད་པར་ཙམ་ལས་ལམ་གྱི་མངོན་རྟོགས་སྦྱོར་ལམ་བཞི་དང་དོན་གཅིག་པ་སྐྱེ། དེ་ནས་ལས་རྒྱ་དངོས་ལ་བརྟེན་ནས་མཐོང་ལམ་ལ་སྦྱོར་བ་ལ་སྤྲོས་བཅས་སྤྲོས་མེད་ཀྱི་སྤྱོད་པ་དུས་ཚོད་དང་འདྲེལ་བར་བསྐྱངས་པས་ཆོག་གམ་སྙམ། ཤེར་དབང་གི་ལམ་རྟེན་ཁྱིམ་པ་དང་རབ་བྱུང་གང་ཡིན་ཀྱང་ཐབས་ཀྱིས་མ་ཟིན་ན་འཆིང་བ་མཉམ་ལ། ཟིན་ན་ཐབས་ཀྱི་ལམ་དུ་མཉམ་པས་གཞུང་ཇི་ལྟར་བ་བཞིན་བསྙེགས་ན་འགལ་བ་མེད་དམ་སྙམ། བཅས་རང་གི་ཁ་ན་མ་ཐོ་བ་འབྲས་བུ་དང་བཅས་པ་ཐོབ་མིན་གྱི་ཁྱད་པར་འདུ་ཤེས་གསུམ་སྒྲ་ཇི་བཞིན་པ་ལམ་དུ་སློང་མིན་དང་ཆགས་རྟོག་གི་ངོ་བོ་བདེ་སྟོང་དུ་གྲོལ་མིན་གྱིས་ཕྱེ་བ་དོན་གནས་དང་། འཕགས་ལམ་དངོས་དང་དེ་དང་བར་ཆད་མེད་པའི་ལམ་ལ་སྦྱར་ནས་བཟོད་ཐོབ་ངན་སོང་ལྟུང་མིན་སོགས་དང་བཤད་སྦྱར་མཛད་པ་ནི་གསང་སྔགས་ཐབས་ཀྱི་ཆེ་བ་དང་མ་སྦྱར་ཞིང་རྒྱུ་འབྲས་དང་ས་ལམ་གྱི་རྣམ་བཞག་སྤྱིར་བཏང་བ་དང་བསྟུན་པས་ཇོ་བོའི་བྱང་ཆུབ་ལམ་སྒྲོན་དང་ཧ་ལམ་དགོངས་པ་མཐུན་ནམ་སྙམ། སྤྱིར་ས་ལམ་འབྲས་བུའི་རྣམ་བཞག་ཐམས་ཅད་ཤེས་དགོས་ཀྱང་། ཁྱད་པར་ལས་དང་པོ་པས་ཚོགས་སྦྱོར་དང་། མཐོང་ལམ་ལ་སྦྱོར་ཚུལ་ཚུན་ཆད་འདི་ཞིབ་པར་ཤེས་པ་གལ་ཆེ། སྤྱིར་གྱིས་སྔགས་ལམ་དང་ཁྱད་པར་རྫོགས་ཆེན་ལམ་གྱི་མྱུར་ཁྱད་དང་ཐབས་ཀྱི་ཆེ་བ་ཐམས་ཅད་མཐོང་ལམ་ཚུན་ཆད་དུ་འདོན་ཤེས་དགོས་ཀྱི། དེ་ཕན་ཆད་ནི་ཐེག་ཆེན་ཡིན་ཕྱིན་ཁྱད་པར་ཅུང་ཟད་ཙམ་ཡང་ཡོད་ཅེས་མི་སྨྲའོ།། རྒྱལ་བའི་དགོངས་གསང་རྒྱལ་སྲས་མཆོག་གི་ཡུལ། །རྒྱལ་བའི་ལམ་བཟང་རྡོ་རྗེའི་ཐེག་པ་ལ། །ཉམ་ཆུང་བློ་ཡིས་དཔྱད་བཟོད་ལྟ་ཅི་ཞིག །དོགས་པ་གཅོད་འདོད་བྲིས་ལ་ཉེས་པ་མེད། །ཅེས་པའང་པདྨ་བཛྲ་དུ་འབོད་པས་བྲིས་པ་དགེའོ།། བཀྲ་ཤིས།།