Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གངས་ཅན་མགོན་པོ་དཔལ་ལྡན་ཀརྨ་པ་སྐུ་ཕྲེང་བཅུ་བཞིའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་ཟུང་འཇུག་ལམ་བཟང་།
   


 
previousགངས་ཅན་མགོན་པོ་དཔལ་ལྡན་ཀརྨ་པ་སྐུ་ཕྲེང་བཅུ་བཞིའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་ཟུང་འཇུག་ལམ་བཟང་།next

གངས་ཅན་མགོན་པོ་དཔལ་ལྡན་ཀརྨ་པ་སྐུ་ཕྲེང་བཅུ་བཞིའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་ཟུང་འཇུག་ལམ་བཟང་།


LT28_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་མགོན་པོ་དཔལ་ལྡན་ཀརྨ་པ་སྐུ་ཕྲེང་བཅུ་བཞིའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་ཟུང་འཇུག་ལམ་བཟང་ཞེས་བྱ་བ་བཞུགས་སོ།། །།


LT28_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། འདིར་སྐལ་པ་དང་ལྡན་པ་དག་གི་སྤྱོད་ཡུལ་མོས་གུས་བྱིན་རླབས་ཀྱི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བགྱིད་པར་སྤྲོ་བས། མི་རྟག་པའི་ཚུལ་བསམ། འཁོར་བའི་གནས་སྣང་ལ་སྐྱོ་བ་བསྐྱེད། བྱང་ཆུབ་ཁོ་ན་དོན་ཏུ་གཉེར་བར་འདོད་པའི་བློ་དུང་དེ་བས། །མཆོག་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །འགྱུར་མེད་གསལ་རིག་སྟོང་པའི་གནས་ལུགས་ལ། །བྱང་ཆུབ་སྙིང་པོར་རོ་གཅིག་སྐྱབས་སུ་མཆི། །ཅེས་སྐྱབས་སུ་འགྲོ། །འཛིན་མེད་ཆུ་ཟླ་ལྟ་བུའི་འགྲོ་བ་རྣམས། །སྣང་རིག་ཟུང་འཇུག་གདོད་ནས་དེ་བཞིན་ཉིད། །ཤུགས་འབྱུང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །མཐའ་བྲལ་འཁོར་བ་དོང་སྤྲུགས་སེམས་


LT28_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དོ། །ཞེས་སེམས་བསྐྱེད། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཡིད་ཆོས་གདོད་ནས་རྣམ་དག་སྟོང་པ་ཉིད། །དངོས་པོའི་གནས་ལུགས་ཁྱབ་བདག་བླ་མ་མཆོག །སྟོང་གསལ་ཟུང་འཇུག་ལྷ་སྐུ་ཕྱག་རྒྱར་ཤར། །རང་ལུས་ཁམས་དྲུག་ལྡན་པའི་རྡོ་རྗེའི་གཞི། །སྤྱི་བོར་མུ་མཐའ་མེད་པའི་སངས་རྒྱས་ཀྱི། །ཞིང་སྐུའི་ཐིག་ལེ་འོད་ཕུང་འཁྲུགས་པའི་དབུས། །རིགས་ཀུན་ཁྱབ་བདག་དཔལ་ལྡན་ཀརྨ་པ། །ཐེག་མཆོག་རྡོ་རྗེ་དགེ་སློང་ཆ་ལུགས་ཅན། །ཆོས་གོས་རྣམ་གསུམ་ཞྭ་ནག་གསེར་མདངས་གསོལ། །ཕྱག་གཡས་མཆོག་སྦྱིན་ཚེ་བུམ་ཤིང་ལོས་མཛེས། །གཡོན་པ་ཆོས་འཆད་


LT28_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པད་དཀར་སྡོང་བུ་བསྣམས། །པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཕྱོགས་དང་ཕྱོགས་མཚམས་མཆོག་གི་སྤྲུལ་པའི་སྐུ། །རྫོགས་པའི་སངས་རྒྱས་ཞྭ་ནག་ཅོད་པན་ཅན། །རིམ་པར་བྱོན་པ་བཅུ་གསུམ་གཙོར་གྱུར་པའི། །སྟེང་ན་བཀའ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །བར་ན་ཡི་དམ་ཞི་ཁྲོ་འཇའ་ལྟར་གསལ། །འོག་ཏུ་ཆོས་སྐྱོང་སྲུང་མ་རླུང་ལྟར་འཚུབས། །སྣང་སྲིད་བླ་མ་ཆོས་སྐུའི་རོལ་པར་ཤར། །བྱིན་རླབས་འཇའ་ཟེར་ཆོས་སྒྲ་རབ་ཏུ་འཁྲུགས། །སྐུ་དང་ཐིག་ལེ་ཐིག་ཕྲན་ཤིག་ཤིག་གང་། །དྲན་པ་ཙམ་གྱིས་བཟོད་མེད་མོས་གུས་འབར། །མཆོག་གི་རྟོགས་པ་རྒྱུད་ལ་བསྐྱེད་ནུས་གྱུར། །ཅེས་གསལ་བཏབ་ནས། །རྒྱལ་དབང་མཚུངས་མེད་ཀརྨ་པ་ལ་གསོལ་བ་འདེབས་སོ། །དཀྱིལ་འཁོར་འཁོར་ལོའི་ཁྱབ་བདག་མཆོག་ལ་གསོལ་བ་འདེབས་སོ། །ཞིང་ཁམས་སྤྲུལ་པས་ཁྱབ་པ་ལ་གསོལ་བ་འདེབས་སོ། །རབ་འབྱམས་ཞིང་གི་བདག་པོ་ལ་གསོལ་བ་འདེབས་སོ། །བཟོད་མེད་སྙིང་རྗེའི་བདག་ཉིད་ལ་གསོལ་བ་འདེབས་སོ། །དོན་བརྒྱུད་རྟོགས་པའི་དབང་ཕྱུག་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀྱི་བྱིན་རླབས་ཀྱི་མཐར་ཐུག་ལ་གསོལ་བ་འདེབས་སོ། །ཀུན་མཁྱེན་ཡེ་ཤེས་ཀྱི་ཕུང་པོ་ལ་གསོལ་བ་འདེབས་སོ། །སྐྱབས་གནས་


LT28_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གི་ཆོས་སྐུ་ལ་གསོལ་བ་འདེབས་སོ། །གྲོལ་བ་བཞི་ལྡན་མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས་སོ། །ཁམས་གསུམ་མགོན་པོ་སངས་རྒྱས་མི་གཟུགས་སུ་བྱོན་པ་ལ་གསོལ་བ་འདེབས་སོ། །རིན་ཆེན་ཀུན་འདུས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས་ཤིག །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས་ཤིག །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས་ཤིག །འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཤིག །ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་ཏུ་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་མང་དུ་བརྗོད་པའི་མཐར། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་འོད་ཞུ་ནས། །འཁོར་ལོའི་བདག་པོ་གཙོ་བོའི་སྐུ་ལ་ཐིམ། །དེ་ཡི་གསང་གསུམ་རྡོ་རྗེ་ཡེ་ཤེས་ཀྱི། །བྱིན་རླབས་ངོ་བོ་དཀར་དམར་མཐིང་གའི་འོད། །རང་གི་གནས་ལྔར་ཐིམ་པས་སྒྲིབ་དག་ཅིང་། །དབང་དོན་རྟོགས་པ་རྒྱུད་ལ་སྐྱེས་པར་གྱུར། །བླ་མ་དགྱེས་པའི་ཞལ་གྱི་འཛུམ་མདངས་བཅས། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །སྐྱེ་འཆི་མེད་པ་ནམ་མཁའི་ཀློང་ཡངས་སུ། །འཕོ་འགྱུར་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །ཞེས་


LT28_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟབ་གསང་བཀའ་ཡི་གནང་བ་ཐོབ། །ལམ་དུས་ཟུང་འཇུག་རྣལ་འབྱོར་མཐར་ཐུག་གྲུབ། །སྐད་ཅིག་རང་ལུས་རྣལ་འབྱོར་མར་གསལ་བའི། །རྩ་གསུམ་འཁོར་ལོ་བཞི་ལྡན་འཁོར་ཕྲན་བཅས། །ཨ་ཧཾ་ཞུ་བ་དེ་ཡེ་ཤེས་རླུང་སྦྱོར་གྱིས། །སྤྱི་བོའི་དཔལ་ལྡན་བླ་མ་འོད་དུ་ཞུ། །དབུ་མའི་ནང་བྱོན་སྙིང་གའི་དབུས་སུ་ཞུགས། །ཚོགས་བརྒྱད་རྣམ་དག་པདྨ་འདབ་མ་བརྒྱད། །ཟེའུ་འབྲུའི་དབུས་སུ་ཉི་མ་ལ་ཆགས་པའི། །ཧེ་རུ་ཀ་དཔལ་བཅོམ་ལྡན་ཀརྨ་པ། །ཐེག་མཆོག་རྡོ་རྗེ་དཔའ་བོའི་ཆ་བྱད་ཅན། །སྐུ་མདོག་སྔོ་བསང་ཁྲོ་འཛུམ་སྤྱན་གསུམ་པ། །རྡོ་རྗེ་དྲིལ་བུ་འཁྱུད་པའི་སྟབས་ཀྱིས་འཛིན། །གླང་ཆེན་བླ་གོས་སྟག་ལྤགས་ཤམ་ཐབས་གྲོལ། །ཕ་རོལ་ཕྱིན་རྫོགས་ཕྱག་རྒྱ་དྲུག་གིས་སྤྲས། །ཐོར་ཚུག་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་བརྒྱན། །གཡས་བརྐྱང་གཡོན་བསྐུམ་གཟི་བརྗིད་ལྡན་པར་བཞུགས། །ཐུགས་ཀར་ཡེ་ཤེས་སེམས་དཔའི་ངོ་བོ་ནི། །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་འཆང་། །བསྒྲེས་ཉམས་འཁྱུད་རྒྱས་རྡོ་རྗེ་དྲིལ་བུ་འཛིན། །བདེ་ཆེན་འཁོར་ལོར་དཔལ་ལྡན་དུས་གསུམ་མཁྱེན། །བསྒྲེས་ཚུལ་ཕྱག་གཉིས་བྱང་ཆུབ་མཆོག་གི་རྒྱ། །རོ་མར་གྲུབ་ཆེན་ཀརྨ་པཀྴི་ནི། །ཁྲོ་འཛུམ་ཨག་ཚོམ་ཟུར་གསུམ་བདུད་


LT28_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་རྒྱ། །ལོངས་སྤྱོད་འཁོར་ལོར་རང་བྱུང་ཐམས་ཅད་མཁྱེན། །ལྟ་སྟངས་དབྱིངས་གཟིགས་ཕྱག་གཉིས་ས་གནོན་མཛད། །རྐྱང་མར་འཛམ་གླིང་རོལ་པའི་རྡོ་རྗེའི་ཞབས། །མཆོག་སྦྱིན་ཆོས་འཆད་ཨུཏྤལ་རལ་པོད་བསྣམས། །གཡས་ཀྱི་པདྨར་ཐུབ་ཆེན་དེ་བཞིན་གཤེགས། །མཚན་དཔེའི་དཔལ་འབར་ས་གནོན་མཉམ་བཞག་མཛད། །གཡོན་པད་མཐོང་བ་དོན་ལྡན་གཡས་གཡོན་གྱིས། །མཁའ་ལ་གར་བསྒྱུར་མཉམ་བཞག་འཁོར་ལོ་འཆང་། །རྒྱབ་ཀྱི་པདྨར་ཆོས་གྲགས་རྒྱ་མཚོ་ནི། །ཆོས་འཆད་མཉམ་བཞག་ཡིད་བཞིན་ནོར་བུས་མཚན། །མདུན་གཡས་པདྨར་དབང་ཕྱུག་རྡོ་རྗེའི་དཔལ། །ས་གནོན་བགྲང་ཕྲེང་བསྣམས་ཤིང་མགུལ་ཕུར་འཆང་། །མདུན་གཡོན་པདྨར་ཆོས་དབྱིངས་རྡོ་རྗེ་མཆོག །འགྱིང་བག་སྐྱབས་སྦྱིན་ཆོས་འཆད་པད་དཀར་འཛིན། །རྒྱབ་གཡས་པདྨར་ཡེ་ཤེས་རྡོ་རྗེའི་ཞབས། །གཞོན་མཛེས་ཆོས་འཆད་དཔལ་བེའུ་ཐུགས་ཀར་བརྩེ། །རྒྱབ་གཡོན་པདྨར་བྱང་ཆུབ་རྡོ་རྗེ་ཅན། །གཡས་གཡོན་ས་གནོན་མཉམ་བཞག་པུ་སྟི་བསྣམས། །ཀུན་ཀྱང་སྐུ་ལ་ཆོས་གོས་རྣམ་གསུམ་བཀླུབས། །མཐོང་གྲོལ་ཞྭ་ནག་ཅོད་པན་གཙུག་ཏུ་བཅིངས། །པད་ཟླར་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་


LT28_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །མཚན་དཔེའི་སྐུ་མཆོག་གཟི་བརྗིད་ལྷམ་མེར་འབར། །ཚངས་དབྱངས་གསུང་གིས་ཆོས་སྒྲ་ལྷང་ངེར་སྒྲོགས། །བདེ་སྟོང་ཐུགས་དགོངས་ཡེ་ཤེས་ལྷན་ནེའི་ངང་། །དམིགས་མེད་སྙིང་རྗེ་མུ་མཐའ་མེད་པར་གཡོ། །ཞི་འཛུམ་སྤྱན་རས་ཟིམ་བུར་ཕྱོགས་བཅུར་གཟིགས། །མདུན་གྱི་པདྨར་བྱིན་རླབས་རྒྱ་མཚོའི་གནས། །ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས། །འཇིག་རྟེན་དབང་ཕྱུག་སེམས་ཉིད་ངལ་གསོའི་ཚུལ། །དཀར་གསལ་མཛེས་འཛུམ་གཡས་པ་མཆོག་སྦྱིན་རྒྱ། །གཡོན་པ་ངལ་གསོའི་སྟབས་ཀྱིས་པད་དཀར་འཛིན། །སྤྱན་གསུམ་དབྱིངས་གཟིགས་ཞྭ་ནག་གསེར་མདངས་གསོལ། །ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན། །སྐྱིལ་ཀྲུང་ཕྱེད་པས་པད་ཟླའི་གདན་ལ་རོལ། །སྤྲུལ་པའི་འཁོར་ལོར་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གྲི་ཐོད་ཕྱག་རྒྱ་མཁའ་ལ་བསྒྱུར། །བདེ་སྤྱོད་འཁོར་ལོར་མ་ཧཱ་ཀཱ་ལ་ཆེ། །སྲིན་པོའི་གཟུགས་ཅན་གྲི་གུག་ཐོད་ཁྲག་རྔུབ། །བྱིན་རླབས་གཟི་བརྗིད་ཚད་མེད་འོད་དུ་འབར། །དམ་ཡེ་དབྱེར་མེད་གདོད་ནས་ལྷུན་གྱིས་གྲུབ། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོ་ཤར། །ཕྱོགས་བཅུའི་བླ་མ་རྒྱལ་བའི་ཞིང་ཀུན་ནས། །བྱིན་རླབས་ངོ་བོ་འོད་དང་འོད་ཟེར་ཚུལ། །སྐུ་དང་ཕྱག་


LT28_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཡིག་འབྲུ་ཆར་ལྟར་བབ། །རྡོ་རྗེ་བཞི་ཡི་ངོ་བོར་དབྱེར་མེད་འདྲེས། །རང་རིག་བླ་མ་ཆོས་སྐུའི་མོས་གུས་ཤར། །འཁྲུལ་སྣང་ཡེ་ཤེས་ཕྱག་རྒྱས་ཐེབས་པར་གྱུར། །སྣང་རིག་ཟུང་འཇུག་གི་རྟོགས་པའི་ཀློང་ནས་ཆོས་སྐུའི་མོས་གུས་ཀྱི་ཤུགས་དྲག་པོར་བསྐྱེད་དེ། །དཔལ་རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ། །རྗེ་སངས་རྒྱས་མི་གཟུགས་བྱོན་པ་ཅན། །རིགས་ཀུན་གྱི་ཁྱབ་བདག་ཀརྨ་པ། །སྐྱེས་རབས་ཀྱི་ཕྲེང་བར་བྱོན་པ་རྣམས། །སངས་རྒྱས་མངོན་སུམ་དུ་ངེས་པ་ཡིས། །སྙིང་རུས་པའི་གདིང་ནས་གསོལ་བ་འདེབས། །ཐུགས་ཡིད་གཅིག་འདྲེས་སུ་བྱིན་གྱིས་རློབས། །ཁྱེད་མི་བཟོད་སྙིང་རྗེའི་དབང་ཕྱུག་སྟེ། །ཐུགས་བསྐྱེད་ཀྱི་དམ་བཅའ་རྩལ་སྤྲུག་ལ། །བདག་སྙིགས་དུས་སུ་སྐྱེས་པའི་ལས་ངན་ལ། །བྱིན་རླབས་ཀྱི་དངོས་གྲུབ་མྱུར་དུ་སྩོལ། །ཐུགས་རྗེའི་ནུས་པ་ད་བསྐྱེད་ལ། །བདེ་ཆེན་ཁ་སྦྱོར་གྱི་རོས་མྱོས་པའི། །དཔལ་ཧེ་རུ་ཀ་ཡི་ཡེ་ཤེས་ཕོབ། །བདེན་གཉིས་ཟུང་འཇུག་གི་རྟོགས་པ་སྦོར། །ས་ལམ་གཅིག་ཆོད་དུ་བྱིན་གྱིས་རློབས། །བདུད་བཞི་རང་སར་གྲོལ་བར་མཛོད། །བཟོད་མེད་སྙིང་རྗེའི་དགོངས་པ་བསྐུལ། །ཐུགས་མཁྱེན་ནུས་བརྩེ་བའི་བདག་ཉིད་ཅན། །བདག་ངན་སོང་གི་གཡང་སར་ལྷུང་ལགས་ན། །བཏང་སྙོམས་ཀྱི་གནས་སུ་འདོར་


LT28_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཕོང་དམ། །སྐྱབས་གཞན་གྱིས་སྤངས་པའི་ལས་ངན་བདག །ཅི་མཛད་རྒྱལ་བའི་དབང་པོ་མཁྱེན། །ཀུན་མཁྱེན་རྒྱལ་པོས་ལམ་སྣ་དྲོངས། །དགྲ་ཆོས་བརྒྱད་ཀྱི་རྟོགས་པ་ཞི་བ་དང་། །དུག་ལྔ་རང་སར་གྲོལ་བ་དང་། །གནས་ལུགས་རང་ངོ་ཤེས་པ་རུ། །རྗེ་ཐམས་ཅད་མཁྱེན་པས་བྱིན་གྱིས་རློབས། །བཀའ་དྲིན་སུམ་ལྡན་བླ་མ་རྗེ། །སངས་རྒྱས་ལག་བཅད་དུ་གནང་བར་མཛོད། །མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྩོལ། །ཞེས་དང་། ཀརྨ་པ་མཁྱེན་ནོ། ཞེས་ཅི་ནུས་སུ་བཟླས། །བདེ་སྟོང་ལྷན་ཅིག་སྐྱེས་པའི་དོན་མ་རྟོགས་པའི་མ་རྒན་སེམས་ཅན་རྣམས་ལ་སྙིང་རྗེ་ཚད་མེད་པ་རྒྱུད་ལ་བཞག་སྟེ། རླུང་ཕར་འགྲོ་བ་དང་མཉམ་དུ། བདག་གི་ཐོགས་མེད་ནས་བསགས་པའི་བདེ་དགེ་མ་ལུས་པ་སེམས་ཅན་རྣམས་ལ་བྱིན་པས་ཀུན་ཀྱང་བདེ་བ་ཚད་མེད་པ་དང་ལྡན་པར་བསམ་མོ། །རླུང་ཚུར་འོང་བ་དང་མཉམ་དུ་དེ་དག་གིས་ཐོགས་མེད་ནས་བསགས་པའི་སྡིག་སྡུག་ཇི་སྙེད་རང་ལ་བསྟིམ་པས་སྡུག་བསྔལ་མཐའ་དག་དང་བྲལ་ནས་རང་ལུས་མེ་དཔུང་ལ་ཤིང་བསྣན་པ་ལྟར་སྔར་ལས་འབུམ་འགྱུར་གྱི་གཟི་བརྗིད་འཕེལ་བར་བསྒོམ་མཐར། ཀྱེ་མ། སངས་རྒྱས་དྭགས་པོ་བཀའ་བརྒྱུད། །མཐར་ཐུག་ཀརྨ་ཀཾ་ཚང་། ཁྱད་པར་རྒྱལ་དབང་ཀརྨ་པ་ཡི་དམ་ཆོས་སྐྱོང་གི་ཚོགས་དང་བཅས་པ་ལ་སྙིང་ཐག་པ་ནས་གསོལ་བ་འདེབས་སོ། །བདག་སོགས་འཁྲུལ་པ་རྒྱ་འབྱམས་ཀྱི་དབང་དུ་སོང་བ་རྣམས་ལ་རེ་ས་ཁྱེད་རང་ལས་མེད་དོ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་


LT28_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རློབས་ཤིག །ཟུང་འཇུག་གི་སྐུ་རྣལ་འབྱོར་ཆེན་པོ་ལ་གསལ་སྣང་ཐེབས་པར་བྱིན་གྱིས་རློབས་ཤིག །འགལ་རྐྱེན་དངོས་གྲུབ་ཏུ་ཤེས། ཅི་སྣང་ཆོས་སྐུ་རུ་མཐོང་། ཉོན་མོངས་པ་ཡེ་ཤེས་སུ་འཆར་ནས་རྫོགས་པའི་སངས་རྒྱས་དཔལ་ལྡན་ཀརྨ་པ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་བརྙེས་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་ལན་གསུམ་བཏབ་པས། །བླ་མ་རྣམས་ཀྱི་སྐུ་ལས་བྱིན་རླབས་ཀྱི། །བདུད་རྩི་འོ་མའི་རྒྱུན་ལྟར་རབ་བབས་པས། །སྡིག་སྒྲིབ་ནད་གདོན་བག་ཆགས་བཅས་པ་བཀྲུས། །རྣམ་སྨིན་ལུས་པོར་འཇའ་ལུས་རྡོ་རྗེར་སྨིན། །ལུས་གནས་རྩ་འཁོར་བདུད་རྩིའི་རྒྱུན་གྱིས་གང་། །བདེ་སྟོང་རྟོགས་པ་མཐར་ཐུག་སྐྱེས་པར་གྱུར། །བླ་མའི་དཀྱིལ་འཁོར་ལྷ་ཚོགས་འོད་དུ་ཞུ། །གཙོ་བོ་བླ་མ་ཡི་དམ་སྲུང་མར་ཐིམས། །གཙོ་བོའི་སྐུ་ལས་འོད་ཟེར་སྣང་སྲིད་ཁྱབ། །སྣོད་བཅུད་འོད་ཞུ་རང་ལ་ཐིམས་པར་གྱུར། །ཞེས་སོགས་ཀྱི་དམིགས་པའི་འདུ་འཕྲོ་དང་བཅས་རྩ་བ་གསུམ་སོ་སོ་ལ་དམིགས་ཏེ་དབུགས་དབྱུང་རྔུབ་གནས་གསུམ་དང་སྦྱར་བའི་འབྲུ་གསུམ་རྡོ་རྗེའི་བཟླས་པ་ཅི་རིགས་དང་། མཐར་བུམ་ཅན་དྲག་ཏུ་དགང་སྟེ་ཡིད་ཀྱིས་གསོལ་འདེབས་དང་བཟླས་པ་བྱས་ནས། །སྣང་སྲིད་སྣོད་བཅུད་ཐམས་ཅད་མོས་གུས་ཀྱི་འཁོར་ལོར་ཤར། །བླ་མ་ཆོས་སྐུའི་རོལ་པར་འདྲེས་།


LT28_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་རྩལ་རབ་ཏུ་རྒྱས་པར་གྱུར་ཏེ། ཨ་ཧཾ་གཉིས་སུ་མེད་པའི་རྡོ་རྗེ་ནཱ་དའི་སྒྲ་ཆེན་པོ་གྲགས་པ་དང་ཆབ་གཅིག་པར། ཆོས་སྐྱོང་ཡི་དམ་ལ་ཐིམ། ཡི་དམ་བླ་མ་ལ་ཐིམ། བླ་མ་འོད་དུ་ཞུ་སྟེ་རང་སེམས་ཀྱི་ངོ་བོར་ཆུ་ལ་ཆུ་བཞག་པ་ལྟར་གྱུར། །ཞེས་མོས་གུས་དྲག་པོའི་སེམས་ཀྱི་ངོ་བོས་མ་ཉམས་པ་དེ་ཉིད་རང་བབས་སུ་སྦྱོར་བས་གེགས་གོལ་ཐམས་ཅད་དང་བྲལ་བའི་དོན་དམ་པའི་གནས་ལུགས་མཐོང་བ་ཡིན་ནོ། །སླར་སྣང་སྲིད་བླ་མའི་རོལ་པར་ལམ་དུ་ཁྱེར་བའི་བབས་སྣ་ཚོགས་པར་ལ་བཟླ་བས། དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་དང་། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །སོགས་འཁོར་གསུམ་ཡོངས་དག་གི་བསྔོ་སྨོན་གྱིས་རྒྱས་ཐེབས་པར་བྱའོ། །ཞེས་པ་འདིའང་རག་ཤུལ་མི་ཡི་དབང་པོ་དཔལ་ལྡན་ཚེ་བརྟན་རྡོ་རྗེའི་བཞེད་ངོར་པད་དཀར་འཆད་པ་་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་སྟེ། །བཙུན་པས་ཡོན་ཏན་རྒྱ་མཚོས་སྒར་ཆེན་ཆོས་ཀྱི་ཕོ་བྲང་དུ་སྨྲས་པ་དགེ་ལེགས་འཕེལ།། ༈ །།གྲུབ་ཆེན་ཀརྨ་པཀྴི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དོན་གཉིས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །འཕགས་བོད་གྲུབ་པ་ཡོངས་ཀྱི་གཙུག །བྱིན་རླབས་གཏེར་ཆེན་མཐུ་སྟོབས་བདག །རྒྱལ་ཀུན་ཕྲིན་ལས་དབང་བསྒྱུར་དེར། །བཏུད་ནས་སྙིང་པོའི་རྣལ་འབྱོར་བྲི། །


LT28_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་དཔལ་ལྡན་བླ་མའི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་རྒྱལ་བ་སྲས་དང་བཅས་པའི་མི་ཟད་རྒྱན་འཁོར་ལྔའི་རོལ་པར་ཡིད་ཆེས་ཏེ་མོས་ཤིང་གུས་པས་གསོལ་བ་བཏབ་པ་ཁོ་ནས། །སྒྲིབ་གཉིས་མ་ལུས་པ་བྱང་། ཚོགས་གཉིས་ཡོངས་སུ་རྫོགས། ལོ་ཟླ་ཙམ་གྱིས་སངས་རྒྱས་ཀྱི་ས་ལ་རེག་པར་འགྱུར་བས་མྱུར་ལམ་ཟབ་མོ་དཀར་པོ་གཅིག་ཐུབ་མོས་གུས་ཕྱག་རྒྱ་ཆེན་པོའི་ལམ་དུ་གྲགས་པ་ཡིན་ཞིང་། བྱེ་བྲག་གྲུབ་ཆེན་ཆོས་ཀྱི་བླ་མ་ལྟ་བུའི་གྲུབ་ཐོབ་འཕགས་པའི་ཡུལ་ནའང་དཀོན་པར་གསུངས་ཤིང་དོན་ལའང་གནས་པའི་དགོངས་རྟོགས་བྱིན་རླབས་ཁྱད་པར་འཕགས་པ་ཡིན་པས་དེ་ཉིད་ལ་གསོལ་བ་གདབ་པར་འདོད་པས། ཁམས་གསུམ་སྡུག་བསྔལ་གྱི་རང་བཞིན་ལ་ངེས་པར་འབྱུང་བ་དང་། འགྲོ་དྲུག་ཕ་མར་ཤེས་པའི་སྙིང་རྗེ་དང་། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་པའི་མོས་གུས་ལ་བློ་རྩེ་གཅིག་ཏུ་གནས་པས་ལུས་བསླང་། རིག་པ་གཟེངས་བསྟོད་དེ། །བདག་སོགས་མཁའ་མཉམ་འགྲོ་ཀུན་བྱང་ཆུབ་བར། །རྩ་གསུམ་ཀུན་འདུས་ཆོས་ཀྱི་བླ་མ་ལ། །སྐྱབས་སུ་མཆིའོ་སྒོ་གསུམ་དགེ་སྤྱད་རྣམས། །བྱང་ཆུབ་ལམ་དུ་འགྱུར་བར་བྱིན་གྱིས་རློབས། །ལན་གསུམ་གྱིས་སྐྱབས་སེམས་བྱ། །ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས། །རང་ཉིད་ཡི་དམ་ལྷར་གསལ་མདུན་གྱི་མཁར། །སྣ་ཚོགས་པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང་། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་དང་། །དབྱེར་མེད་གྲུབ་ཆེན་ཀརྨ་པཀྴི་ནི། །སྨུག་ནག་རྡོ་རྗེའི་ལྟ་སྟངས་


LT28_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་གཟིགས། །ཁྲོ་འཛུམ་ཉམས་ལྡན་ཨག་ཚོམ་ཟུར་གསུམ་ཚུལ། །དགེ་སློང་ཆས་ལྡན་ཞྭ་ནག་གསེར་མདངས་མནབས། །ཕྱག་གཉིས་ས་གནོན་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །གཟི་བརྗིད་རབ་འབར་འཇའ་འོད་ཟེར་ཀློང་དུ། །རྩ་གསུམ་རབ་འབྱམས་འདུས་པའི་ངོ་བོར་གསལ། ཨོཾ། མཁའ་ཁྱབ་ཆོས་སྐུའི་ངོ་བོར་རོ་གཅིག་ཀྱང་། །ལོངས་སྤྱོད་ཡོངས་རྫོགས་བདེ་སྟོང་གསང་བ་ཆེ། །གདུལ་བྱའི་ཡིད་མཚོར་གང་འདུལ་སྤྲུལ་པའི་གཟུགས། །འགྲོ་འོང་མེད་པའི་ཚུལ་གྱིས་གཤེགས་ནས་ཀྱང་། །བྱང་ཆུབ་བར་དུ་རིགས་བདག་གཙུག་གི་རྒྱན། །སྙིང་དབུས་གེ་སར་པདྨོའི་ཟེའུ་འབྲུའི་བཅུད། །མདུན་མཁར་བསོད་ནམས་བསགས་པའི་ཞིང་མཆོག་ཏུ། །འདུ་འབྲལ་མི་མངའ་བརྟན་པར་བཞུགས་སུ་གསོལ། ན་མོ་གུ་རུ། རྗེ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བཀའ་བརྒྱུད་པ་ཡོངས་ཀྱི་གཙུག་གི་རྒྱན། །མཚན་ཐོས་པས་བར་ཆད་ཀུན་སེལ་ཞིང་། །མཆོག་ཐུན་མོང་དངོས་གྲུབ་སྩོལ་མཛད་པ། །རྗེ་གྲུབ་ཆེན་ཀརྨ་པཀྴི་ལ། །ཡིད་རྩེ་གཅིག་མོས་གུས་གདུང་ཤུགས་བཅས། །ཕྱག་འཚལ་ཞིང་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་མི་དགེ་འགྱོད་པས་བཤགས་ཤིང་བསྡམ། །དགེ་ཡི་རང་ཆོས་འཁོར་བསྐོར་བར་


LT28_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། །སྐུ་མྱ་ངན་མི་འདའ་རྟག་བཞུགས་གསོལ། །རྒྱུ་དེ་བསགས་དགེ་བས་བདག་གཞན་ཀུན། །རྗེ་ཀརྨ་པཀྴི་མྱུར་འགྲུབ་ཤོག །ཡི་དམ་དབང་གྱུར་སྣང་སྲིད་དབང་དུ་འདུས། །སོག་པོ་མུ་སྟེགས་རྒྱལ་པོའི་དྲེགས་པ་བཏུལ། །མེ་ཆུ་དུག་མཚོན་འབྱུང་པོའི་ནུས་པ་བཅོམ། །ཀརྨ་པཀྴིའི་ཞབས་ལ་གསོལ་བ་འདེབས། གྲངས་བསོགས་ན་ཤློ་ཀ་དེ་བསྙེན་ནོ། །སྟོང་ཉིད་སྙིང་རྗེའི་རྩལ་ཆེན་རྫོགས། །ཐིག་རླུང་སེམས་གསུམ་རང་དབང་འདུས། །བདེ་སྟོང་ཕྱག་རྒྱ་ཆེན་པོ་གྲུབ། །ཀརྨ་པཀྴིའི་ཞབས་ལ་འདུད། །ཆོས་ཀྱི་བླ་མས་ཐུགས་རྗེས་ཟུངས། །གྲུབ་པའི་དབང་པོས་བྱིན་གྱིས་རློབས། །བདག་སོགས་འཁོར་བར་འཁྱམས་པ་རྣམས། །ཐར་པའི་གནས་སུ་དྲང་དུ་གསོལ། །ལམ་གོལ་ལམ་ལོག་ཞུགས་པ་རྣམས། །ཡང་དག་ལམ་ལ་ཁྲིད་དུ་གསོལ། །གནས་སྐབས་མཐར་ཐུག་འཇིགས་པ་དང་། །བར་གཅོད་ཀུན་ལས་བསྐྱབ་ཏུ་གསོལ། །ལོང་མེད་རྒྱུད་ལ་སྐྱེས་ནས་ཀྱང་། །བློ་སྣ་བཙན་ཐབས་བསྒྱུར་དུ་གསོལ། །ངེས་འབྱུང་སྙིང་རྗེ་དག་སྣང་དང་། །མོས་གུས་དགེ་བློ་བསྐྱེད་དུ་གསོལ། །ཉམས་དང་རྟོགས་པའི་ཡོན་ཏན་ནི། །ཡར་ངོའི་ཟླ་ལྟར་སྤེལ་དུ་གསོལ། །གནས་ལུགས་གཉུག་མ་ཕྱག་རྒྱ་ཆེའི། །རང་ངོ་མངོན་སུམ་


LT28_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲད་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས། །ཁྱེད་དང་མཉམ་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་འདོད་དོན་གསོལ། ཀརྨ་པ་མཁྱེན་ནོ། །ཞེས་རྒྱང་འབོད་ཚུལ་དུ་ཅི་ནུས་བརྗོད། མཐར་དབང་བཞི་ལེན་པ་ནི། །རྗེ་གྲུབ་པའི་དབང་ཕྱུག་ཧེ་རུ་ཀ །དཔལ་ཆོས་ཀྱི་བླ་མའི་ཞབས་པད་ལ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །བློ་ཐེ་ཚོམ་མེད་པའི་སྐྱབས་གནས་ཞུ། །དུས་འདི་ཕྱི་བར་དོར་ཁྱེད་རང་མཁྱེན། །བདག་མོས་པའི་བུ་ལ་ཐུགས་རྗེས་གཟིགས། །དབང་བཞི་ཡི་བྱིན་རླབས་སྩལ་ནས་ཀྱང་། །རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཞེས་གསོལ་བཏབ་དགྱེས་པར་རབ་དགོངས་ཏེ། །གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་། །རིམ་འཕྲོས་པས་ལུས་ངག་ཡིད་སྒྲིབ་སྦྱངས། །བུམ་པ་དང་གསང་བ་ཤེར་དབང་ཐོབ། །ལམ་བསྐྱེད་རིམ་རླུང་ཐིག་བསྒོམ་ལ་དབང་། །སྐུ་གསུམ་གྱི་ས་བོན་གསོས་ཐེབས་གྱུར། །སླར་འོད་ཟེར་གསུམ་པོ་གཅིག་ཆར་འཕྲོས། །གནས་གསུམ་ཐིམ་ལྷན་སྐྱེས་སྒྲིབ་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་ལ་དབང་། །འབྲས་ངོ་བོ་ཉིད་སྐུ་ཐོབས་པར་གྱུར། །མཐར་མོས་གུས་ཤུགས་ཀྱིས་ཀརྨ་པ། །འོད་ཐིག་ལེར་ཞུ་ནས་རང་ལ་ཐིམ། །གསང་


LT28_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་སྒོ་གསུམ་རོ་གཅིག་གྱུར། །བློ་མ་བཅོས་ཐ་མལ་ཤེས་པ་ཉིད། །གདོད་གནས་ཀྱི་ཆོས་སྐུ་ཕྱག་རྒྱ་ཆེ། །སེམས་གཏད་སོ་མེད་པའི་རང་བབ་བསྐྱང་། །འཁོར་འདས་ཀྱི་ཆོས་ཀུན་སེམས་སུ་རྫོགས། །སེམས་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །གདངས་འགག་མེད་གསལ་བ་སྤྲུལ་པའི་སྐུ། །དེ་གཉིས་མེད་ཟུང་འཇུག་ལོངས་སྤྱོད་རྫོགས། །དོན་སྐུ་གསུམ་ངོ་སྤྲོད་ཀྱི་དགོངས་པ་སྟེ། །དཔལ་ཀརྨ་པ་ཡི་ཟབ་ཆོས་ཡིན། །ཆོས་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད། །བཀའ་བརྒྱུད་པ་ཡོངས་ཀྱི་གཤེགས་པའི་ཤུལ། །འབྲས་ཕྱག་རྒྱ་ཆེན་པོ་མངོན་གྱུར་ནས། །མ་མཁའ་མཉམ་འགྲོ་བ་འདྲེན་ནུས་ཤོག །ཅེས་མཉམ་བཞག་རང་ངོ་བསྐྱང་། །སྨོན་ལམ་ནི། །འདིས་མཚོན་དུས་གསུམ་དགེ་བ་ཅི་བསགས་མཐུས། །དཔལ་ལྡན་ཀརྨ་པ་ཡི་སྐུ་གསུང་། ཐུགས། །ཡོན་ཏན་ཕྲིན་ལས་བདག་ཉིད་མྱུར་གྲུབ་ནས། །འགྲོ་རྣམས་དེ་ཡི་ས་ལ་འགོད་བྱེད་ཤོག །བློ་རྒྱུད་ལས་རུང་ཟབ་མོའི་ལམ་ལ་ཞུགས། །དམ་ཆོས་སྒྲུབ་ལ་བར་ཆད་མི་འབྱུང་བར། །མྱུར་དུ་སྟོང་ཉིད་སྙིང་རྗེའི་རྩལ་ཆེན་རྫོགས། །ཟུང་འཇུག་རྡོ་རྗེ་འཆང་དབང་འགྲུབ་གྱུར་ཅིག །ཅེས་མཁྱེན་དཔྱོད་དད་པའི་དཔལ་མངའ་ར་རུ་ཤེས་ལྡན་ནས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་གང་དྲན་


LT28_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡུད་ཙམ་ལ་བྲིས་པ་དགེ་ལེགས་འཕེལ།། ༈ །།རྒྱལ་དབང་བཅུ་བཞི་པའི་བླ་མའི་རྣལ་འབྱོར་ཉུང་འདུས་བཞུགས་སོ། །ན་མོ་གུ་རུ་ཤྲཱི་ཀརྨ་ཀཱ་ཡ། །རང་ཉིད་རྣལ་འབྱོར་མ་དཔལ་གསལ་བ་ཡི། །སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །སྤྱན་རས་གཟིགས་དངོས་དཔལ་ལྡན་ཀརྨ་པ། །ཆོས་གོས་གསུམ་གསོལ་ཞྭ་ནག་གསེར་མདངས་ཅན། །ཐབས་ཤེས་ཟུང་འཇུག་རྡོར་དྲིལ་ཕྱག་རྒྱ་བསྣོལ། །སྐྱིལ་མོ་ཀྲུང་བཞུགས་ཞི་འཛུམ་གཟི་བརྗིད་འབར། །དཀོན་མཆོག་རྩ་གསུམ་ཀུན་འདུས་སྐུ་རུ་བཞུགས། །འཁོར་འདས་བརྟན་གཡོའི་ཁྱབ་བདག་བདེ་བ་མཆོག །ཡེ་ཤེས་དབྱིངས་ལས་གཡོ་བ་མི་མངའ་ཡང་། །དམིགས་མེད་སྙིང་རྗེས་དབང་གིས་འདིར་དགོངས་ལ། །དད་མོས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་དཔལ་ལྡན་ཀརྨ་པ། །གསོལ་བ་འདེབས་སོ་ཐེག་མཆོག་རྡོ་རྗེ་འཆང་། ཁ་ཙམ་མ་ཡིན་སྙིང་ཁོང་རུས་པའི་གཏིང་། །མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི། །བྱིན་རླབས་དངོས་གྲུབ་ལུས་ངག་ཡིད་ལ་སྩོལ། །སངས་རྒྱས་རྣམ་རོལ་ཞིང་ཀུན་ཁྱབ་པ་ལས། །གངས་ཅན་ལྗོངས་སུ་ཡོངས་གྲགས་སྤྲུལ་པའི་སྐུ། །དུས་གསུམ་མཁྱེན་པ་ཀརྨ་པཀྴིའི་ཞབས། །རང་བྱུང་རྡོ་རྗེ་འཛམ་


LT28_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ཆོས་ཀྱི་གྲགས། །དེ་བཞིན་གཤེགས་པ་མཐོང་བ་དོན་ལྡན་རྗེ། །ཆོས་གྲགས་རྒྱ་མཚོ་མི་བསྐྱོད་དགའ་བའི་དབྱངས། །དབང་ཕྱུག་རྡོ་རྗེ་ཆོས་དབྱིངས་རྡོ་རྗེ་དང་། །ཡེ་ཤེས་རྡོ་རྗེ་བྱང་ཆུབ་རྡོ་རྗེའི་སྡེ། །བདུད་འདུལ་རྡོ་རྗེ་ཐེག་མཆོག་རྡོ་རྗེ་ཞེས། །སངས་རྒྱས་ཕྲེང་བ་བརྒྱུད་མར་བྱོན་རྣམས་ལ། །སྒོ་གསུམ་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཁྱད་པར་བདག་སོགས་གདུལ་བྱའི་མགོན་གཅིག་པུ། །འཇིག་རྟེན་དབང་ཕྱུག་བཤེས་གཉེན་མཆོག་གི་ཚུལ། །ཐམས་ཅད་མཁྱེན་པ་རྒྱལ་དབང་བཅུ་བཞི་པ། །ཐེག་པ་མཆོག་གི་རྡོ་རྗེར་གསོལ་བ་འདེབས། །དབང་བཞི་སྐུར་ཞིང་རྒྱུད་བཞི་སྨིན་པ་དང་། །སྐུ་བཞིའི་གོ་འཕང་མྱུར་འགྲུབ་བྱིན་གྱིས་རློབས། །ཀརྨ་པ་མཁྱེན་ནོ། །ཞེས་ཅི་ནུས་བརྗོད། །སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་། །བདག་གི་གནས་གསུམ་ལ་ཐིམ་སྒྲིབ་གསུམ་བྱང་། །བུམ་གསང་ཤེར་ཡེའི་དབང་ཐོབ་བླ་མ་ཉིད། །འོད་ཞུ་རང་ལ་ཐིམ་པས་དོན་དབང་ཐོབ། །ལྷན་སྐྱེས་སྒྲིབ་དག་གནས་ལུགས་ཕྱག་རྒྱ་ཆེ། །བླ་མ་ཆོས་སྐུའི་རང་ཞལ་མཐོང་བར་གྱུར། །དགེ་བས་བདག་གཞན་མཁའ་མཉམ་འགྲོ་བ་ཀུན། །དཔལ་ལྡན་ཀརྨ་པ་ཡི་གསང་གསུམ་དང་། །དབྱེར་མེད་ཇི་སྲིད་འཁོར་བ་མ་སྟོང་བར། །སངས་


LT28_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཕྲིན་ལས་ཆེན་པོ་སྒྲུབ་ནུས་ཤོག །ཅེས་པ་འདི་ནི་སྒོ་སྟོད་ཞེ་འཛེང་དགོན་གྱི་བྱང་འདྲེན་དགེ་བཤེས་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྤེལ་བ་དགེ་ལེགས་འཕེལ།། ༈ །།བླ་མའི་རྣལ་འབྱོར་འོད་གསལ་གཅེར་མཐོང་བཞུགས་སོ། །ན་མོ་གུ་རུ། བདེ་ཆེན་འོད་གསལ་ཆོས་སྐུའི་ཞལ། །བྱིན་རླབས་སྟོབས་ཀྱིས་མཐོང་མཛད་པ། །རྗེ་བཙུན་བླ་མ་ལ་བཏུད་དུ། །གསོལ་བ་འདེབས་པའི་རྣལ་འབྱོར་འཆང་། །བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་དྲན་པ་མངོན་དུ་བཞག་སྟེ། །འཁོར་འདས་ཀུན་གྱི་ཁྱབ་བདག་ནམ་མཁའི་དངོས། །རང་རིག་བླ་མར་འབྲལ་མེད་སྐྱབས་གསོལ་ཞིང་། །ཡེ་ནས་འཁྲུལ་མ་མྱོང་བའི་འགྲོ་བ་ཀུན། །བཅིང་གྲོལ་མེད་པའི་གཉུག་མར་ལ་ཟླའོ། །དྷརྨདྷཱ་ཏུ་ཤུངྡྷ་ཨོཾ་ཨཱཿཧཱུྃ། །རང་བཞིན་འོད་གསལ་ཆོས་སྐུའི་ནམ་མཁའ་ལ། །རྩོལ་མེད་ཐུགས་རྗེའི་རང་གཟུགས་སྒྲིབ་བྲལ་སྐུ། །གང་འདུལ་མོས་པའི་རྣམ་འཕྲུལ་ཅི་ཡང་འཆར། །མི་འཇིགས་སེང་གེའི་ཁྲི་སྟེང་པད་ཟླ་ལ། །སངས་རྒྱས་ཀུན་འདུས་དཔལ་ལྡན་ཀརྨ་པ། །འཇིག་རྟེན་དབང་ཕྱུག་ཁ་སརྦ་འི་ཚུལ། །མཐོང་གྲོལ་ཞྭ་ནག་གསེར་མདངས་གཙུག་ཏུ་འཆང་། །གཡས་སུ་ཁྱབ་བདག་པདྨ་ཉིན་མོར་བྱེད། །ས་བཅུའི་དབང་ཕྱུག་བྱམས་མགོན་རྣམ་པར་བཞེངས། །དབང་རྟགས་ཞྭ་དམར་གསེར་གྱི་


LT28_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ཅན་བཞེས། །གཡོན་ཏུ་དྲིན་ཆེན་བླ་མ་ཟླ་བ་བཟང་། །དགེ་སློང་ཆ་ལུགས་ཆོས་འཆད་མཉམ་བཞག་རྒྱ། །ཏིང་འཛིན་གཟིགས་ཚུལ་སྒོམ་ཞྭའི་ཅོད་པན་བཅིངས། །གཉིས་ཀ་དྲི་མེད་པད་ཟླའི་གདན་ལ་བཞུགས། །རང་བྱུང་ཡེ་ཤེས་འོད་ལྔའི་གུར་ཁང་འཁྲིགས། །རྟོགས་པ་དོན་གྱི་བྱིན་རླབས་གཟི་བརྗིད་འབར། །གང་གིས་རྒྱལ་ལ་དད་པས་ཡིད་བྱེད་པ། །དེ་མདུན་གདོད་ནས་རང་བཞིན་གཉུག་མར་བཞུགས། །རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་གྱུར། ཛཿ སྙིང་རྗེའི་ལྕགས་ཀྱུས་ཐུགས་དམ་དབྱིངས་ནས་བསྐུལ། ཧཱུྃ། བྱམས་པའི་ཞགས་པས་མོས་པའི་ཡུལ་དུ་དྲངས། བྃ། དགའ་བའི་སྒྲོག་གིས་སྣང་ཤེས་རོ་མཉམ་བསྡོམ། ཧོཿ བཏང་སྙོམས་དྲིལ་བུས་ཟག་མེད་དགྱེས་པ་སྐྱེད། །རིགས་བརྒྱའི་དབང་ཕྱུག་སྲས་དང་བཅས་པ་ལ། །དོན་དམ་ལྷ་མཐོང་རྟོགས་པ་དོན་ཕྱག་འཚལ། །མི་གནས་ཡེ་ཤེས་ཆེན་པོའི་མཆོད་སྤྲིན་འབུལ། །ལུགས་འབྱུང་རྟེན་འབྲེལ་སྐྱེ་བ་མེད་པར་བཤགས། །ཚོགས་ཆེན་རང་བཞིན་རྫོགས་ལ་རྗེས་ཡི་རང་། །ཆོས་ཆེན་དབྱངས་ཀྱི་འཁོར་ལོ་བསྐོར་བཞིན་ཏུ། །རྟག་བརྟན་གཡུང་དྲུང་ཐེར་ཟུག་ཆེན་པོར་བཞུགས། །འཁོར་གསུམ་སྤྲོས་བྲལ་བདེ་བ་ཆེན་པོར་བསྔོ། །འཐུག་པོ་


LT28_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པར་གཟི་བརྗིད་འོད་དཔག་མེད། །བདེ་བ་ཅན་ན་སྙིང་རྗེའི་དབང་ཕྱུག་ཚུལ། །འཇིག་རྟེན་མགོན་པོ་རྒྱལ་དབང་ཀརྨ་པ། །ཐེག་པ་མཆོག་གི་རྡོ་རྗེར་གསོལ་བ་འདེབས། །མ་འོངས་སངས་རྒྱས་ལྔ་པ་བྱམས་ཆེན་མགོན། །བཀའ་བརྒྱུད་ཆུ་འགོ་དགྱེས་མཛད་མར་པའི་ཞབས། །བདུད་འདུལ་ནག་པོ་ཆེ་དང་དབྱེར་མེད་པ། །པདྨ་ཉིན་བྱེད་དབང་པོར་གསོལ་བ་འདེབས། །དྲི་མེད་ཡེ་ཤེས་དབྱིངས་ལས་རྣམ་རོལ་གྱི། །ཟླ་བ་གཞོན་ནུ་བསླབ་གསུམ་ཆ་ཤས་གང་། །གཞན་ཕན་བསིལ་བའི་ཟེར་འཕྲོ་ངེས་དོན་གྱི། །བསྟན་པ་རབ་རྒྱས་མཛད་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་བཤེས་གཉེན་གཟུགས་སུ་བྱོན། །འགྲོ་བ་སྒྲོལ་བའི་ཐབས་མཁས་རྨད་བྱུང་ལྡན། །དུས་གསུམ་རྒྱལ་ལས་བཀའ་དྲིན་ཆེས་ལྷག་པའི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །སྐུ་གསུམ་བདག་ཉིད་བླ་མ་རྗེ། །མི་ཕྱེད་དད་པས་བདག་གསོལ་འདེབས། །ཐོག་མེད་དུས་ནས་ལྷན་ཅིག་སྐྱེས། །མ་རིག་མུན་པའི་སྒྲིབ་གཡོགས་སོལ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཕྱག་རྒྱ་རབ་ཏུ་སྩོལ། །རྡོ་རྗེ་ཡེ་ཤེས་དབང་བསྐུར་གྱིས། །རྟོགས་གྲོལ་དུས་མཉམ་བྱིན་ཆེན་ཕོབ། །རྣམ་ཤེས་རྒྱལ་ཁམས་ལས་འདས་པའི། །ཡེ་ཤེས་བདེན་གྲུབ་མཐོང་བར་མཛོད། །


LT28_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་བློ་ལས་འདས་པའི་གཤིས། །མི་བསྐྱོད་རྡོ་རྗེར་དེང་བདག་སྒྲུབས། །འོད་གསལ་རྣམ་པ་ཐམས་ཅད་པ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཁྱབ་དང་རྟག་པའི་ཕྲིན་ལས་ཀྱིས། །མཁའ་མཉམ་འགྲོ་བ་སྒྲོལ་བྱིན་རློབས། མ་ནམ་བཞི་སྐོར་ཅི་ནུས་བརྗོད་པས་ཕུར་ཚུགས་སུ་གསོལ་བ་བཏབ་ལ། མཐར། གསོལ་བ་བཏབ་པས་བཟོད་མེད་ཐུགས་རྗེ་བསྐུལ། །མཆོག་ཏུ་མི་འགྱུར་བདེ་ཆེན་དགྱེས་པ་བསྐྱེད། །འདྲེན་པ་གཡས་གཡོན་གཙོ་བོའི་སྐུ་ལ་ཐིམ། །འཇིག་རྟེན་དབང་ཕྱུག་གནས་བཞིར་རྡོ་རྗེ་བཞིའི། །རང་གཟུགས་ཡིག་འབྲུའི་འོད་དང་བདུད་རྩིའི་རྒྱུན། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་ལམ་བཞི་སྒོམ་ལ་དབང་། །སྐུ་བཞི་གྲུབ་པའི་ས་བོན་གསོས་ཐེབས་གྱུར། །སྙིང་རྗེའི་འཛུམ་ཞལ་གཡོ་བའི་འཇིག་རྟེན་མགོན། །མོས་གུས་ཤུགས་ཀྱིས་འོད་ལྔའི་གོང་བུར་ཞུ། །རང་གི་དངོས་པོའི་གནས་ལུགས་གཉིས་ལ་ཁྱབ། །ལྷན་སྐྱེས་ཆོས་སྐུ་ཉག་གཅིག་བདེ་བ་ཆེ་ཧོ། །བླ་མའི་བྱིན་རླབས་འགྲོ་ཀུན་རྒྱུད་ལ་ཞུགས། །གཞི་ལམ་འབྲས་བུ་བདེ་བ་ཆེན་པོར་སྡོམ། །སངས་རྒྱས་ཀུན་དང་དགོངས་སྤྱོད་མཉམ་པ་ཡི། །བསམ་དོན་ཚེ་འདི་ཉིད་ལ་ཡོངས་འགྲུབ་ཤོག། སླར་


LT28_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་གྲགས་རྟོག་གསུམ་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་པོར་རྣལ་དུ་འབྱོར་བས་སྤྱོད་ལམ་རྣམ་བཞི་རྡོ་རྗེ་ཅན་གྱི་གསང་ལམ་དུ་བསྒྱུར་བར་བྱའོ། །བསྒོམ་བཟླས་ཀུན་གྱི་སྙིང་པོ་ནི། །རྡོ་རྗེ་འཛིན་པས་རབ་བསྔགས་ཕྱིར། །འདི་བྲིས་བསོད་ནམས་མཐུ་ཡིས་ཀྱང་། །ཕྱག་རྒྱ་ཆེན་མོར་ལོངས་སྤྱོད་ཤོག །ཅེས་པའང་དད་སོགས་འཕགས་ནོར་གྱིས་ཕྱུག་པ་རྒིས་རྣ་བླ་མ་ཀརྨ་རྣམ་དག་གི་བཞེད་པ་བསྐང་ཕྱིར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས། །ལྕི་ཆུ་སྔོན་མོ་དལ་གྱིས་འབབས་པའི་འགྲམ། །སྭང་ཐང་གསེར་གཡུའི་མདངས་ཅན་གྱི་ཕོང་བ། ཀཱ་ཤི་ཀཱའི་གུར་ཁྱིམ་གྲུ་བཞི་པའི་ལྡིང་ཁང་དུ་ཡུད་ཙམ་ལ་ཅི་ཐོད་དུ་སྨྲས་པ་དགེ་ལེགས་འཕེལ།། ༈ །།བྱམས་མགོན་བླ་མ་དབྱེར་མེད་དུ་སྒྲུབ་པའི་ཐབས་བྱམས་ཆེན་དགྱེས་པའི་སྣང་བ་ཞེས་བྱ་བ་བཞུགས་སོ། །བྱམས་ཆེན་བླ་མ་འཇམ་པའི་དབྱངས། །མཁྱེན་གཉིས་ཡེ་ཤེས་གཟི་འབར་བས། །སྙིང་གི་མུན་པ་རབ་བསལ་ནས། །རྣལ་འབྱོར་ལམ་བཟང་སྣང་བར་མཛོད། །ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་ཅིང་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་འདོད་པས། །མི་ཕམ་བྱམས་པ་མགོན་པོ་དང་འཇམ་མགོན་བླ་མ་དབྱེར་མེད་དུ་བསྒྲུབ་པར་བྱ་སྟེ། སྐུ་བརྙན་གྱི་སྤྱན་སྔར་མཎྜལ་ཚོམ་བུ་གཅིག་པ་མཆོད་པའི་ཡོ་བྱད་གཙང་ལ་དག་པར་བཤམ། །སྐྱབས་སུ་འགྲོ་བ་ནི་དཀོན་མཆོག་གསུམ་དངོས་རྒྱལ་ཚབ་རྗེ། །རྩ་གསུམ་ཀུན་འདུས་བླ་མའི་ཚུལ། །ཀུན་མཁྱེན་བསྟན་པའི་ཉིན་བྱེད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། །བྱམས་ཆེན་


LT28_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་ཟབ་མོ་ཡིས། །འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ། །བྱམས་མགོན་བླ་མའི་གོ་འཕང་ལ། །འགོད་ཕྱིར་རྣལ་འབྱོར་བསྒོམ་པར་བྱ། །བདག་བསྐྱེད་ནི། ཨོཾ་སྭ་བྷཱ་བ་ཤུངྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུངྡྷོ྅ཧཾ། །སྟོང་པའི་ངང་ལས་པད་ཟླའི་སྟེང་། །རང་སེམས་མེ༚་ཡིག་གསེར་མདོག་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །ཐུགས་དམ་རྒྱུད་བསྐུལ་བྱིན་རླབས་བསྡུས། །ཡོངས་གྱུར་བདག་ཉིད་བྱམས་པ་མགོན། །སྐུ་མདོག་བཙོ་མ་གསེར་གྱི་མདོག །ཞལ་གཅིག་ཞི་འཛུམ་མཚན་དཔེས་སྤྲས། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་ཡིས། །ཨུཏྤལ་སྡོང་བུ་བསྣམས་པ་ཡི། །མེ་ཏོག་སྙན་ཐང་བྱེ་བའི་སྟེང་། །གཡས་གཡོན་བུམ་པ་ཀླུ་ཤིང་མཚན། །ལྷ་རྒྱལ་དྲང་སྲོང་ཆེན་པོའི་ཚུལ། །འཁོར་ལོས་སྒྱུར་བའི་ཆ་བྱད་རྫོགས། །ཞབས་གཉིས་ཕྱེད་སྐྱིལ་རོལ་པས་བཞུགས། །ལྟ་བས་ཆོག་མི་ཤེས་པའི་སྐུ། །འོད་དང་འོད་ཟེར་དཔག་མེད་འཕྲོ། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ། སླར་ཡང་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་རིགས་ཀྱི་བདག །གསེར་གྱི་མཆོད་རྟེན་འབར་བས་བརྒྱན། །ཐུགས་


LT28_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཟླ་སྟེང་མེ༚་ཡིག་ལ། །སྔགས་ཕྲེང་གསེར་མདོག་གཡས་སུ་འཁོར། །འོད་འཕྲོས་འཕགས་མཆོད། ཐུགས་དམ་བསྐུལ། །འགྲོ་ཀུན་ལས་སྒྲིབ་ཀུན་བསལ་ནས། །བྱང་ཆུབ་སེམས་གཉིས་བསྐྱེད་པར་གྱུར། ཅེས་མོས་ལ། ཨོཾ་བུངྡྷ་མེ་ཏྲི་མེ༚་སྭཱ་ཧཱ། །ཞེས་འབུམ་ཕྲག་བརྒྱད་དང་བྱེ་བ་ནི་རྩ་བའི་བསྙེན་པ་ཡིན་ལ། ཨོཾ་མ་ཏི་མ་ཏི་སྨྲྀ་ཏི་སྭཱ་ཧཱ། ཞེས་བཟླས་པས་ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་པ་དང་། ཨོཾ་མོ་ཧི་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། །ཞེས་བཟླས་པས་འགྲོ་དོན་ཆེན་པོར་འགྱུར་བར་གསུངས་སོ། །མཆོད་རྫས་རྣམས་བསང་སྦྱང་། །སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །ཨོཾ་ལས་ལྷ་རྫས་མཆོད་པའི་སྤྲིན། །ཀུན་བཟང་སྨོན་ལམ་ལས་གྲུབ་པ། །རྒྱ་ཆེ་རྒྱུན་མི་འཆད་པར་གྱུར། །ཨོཾ་སརྦ་བིངྦཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་་ཕཊ། ཞེས་བྱིན་བརླབ། མདུན་བསྐྱེད་ཀྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སངས་རྒྱས་ཞིང་། །རྣམ་དག་བཀོད་པ་ཕུན་ཚོགས་ཀྱི། །གཞལ་མེད་ཁང་དབུས་པད་ཟླའི་སྟེང་། །མེ༚་ཡིག་གསེར་གྱི་མདོག་ཅན་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །ཐུགས་དམ་རྒྱུད་བསྐུལ་བྱིན་རླབས་བསྡུས། །ཡོངས་གྱུར་རྗེ་བཙུན་བྱམས་པ་མགོན། །དབྱེར་མེད་བསྟན་པའི་ཉིན་མོར་བྱེད། །སྐུ་མདོག་བཙོམ་གསེར་གྱི་མདོག །


LT28_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཞི་འཛུམ་མཚན་དཔེས་སྤྲས། །མཐོང་གྲོལ་དམར་པོ་གསེར་མདངས་ཅན། །ནོར་བུའི་ཏོག་གིས་སྤྲས་པ་གསོལ། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་ཡིས། །ཨུཏྤལ་སྡོང་བུ་བསྣམས་པ་ཡི། །མེ་ཏོག་སྙན་ཐད་བྱེ་བའི་སྟེང་། །གཡས་གཡོན་བུམ་པ་ཀླུ་ཤིང་མཚན། །ལྷ་རྒྱལ་དྲང་སྲོང་ཆེན་པོའི་ཚུལ། །འཁོར་ལོས་སྒྱུར་བའི་ཆ་བྱད་རྫོགས། །ཞབས་གཉིས་ཕྱེད་སྐྱིལ་རོལ་པས་བཞུགས། །ལྟ་བས་ཆོག་མི་ཤེས་པའི་སྐུ། །འོད་དང་འོད་ཟེར་དཔག་མེད་འཕྲོ། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་བཛྲ་ས་མཱ་ཛཿ དགའ་ལྡན་ཆོས་ཀྱི་འདུན་ས་སོགས། །ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ནས། །བྱམས་མགོན་བླ་མ་ཆོས་ཀྱི་འབྱུང་། །ཐུགས་རྗེའི་དབང་གིས་འདིར་གཤེགས་གསོལ། །ཛཿཧཱུྃ་བྃ་ཧོཿ། དད་ཅིང་མོས་པས་རྣམ་འཕྲུལ་པའི། །ཡིད་དགའ་ཆོས་འཛིན་སྙིང་པོར་ཁྲིར། །ཞབས་ཀྱི་པདྨ་རབ་བཀོད་ལ། །མཁྱེན་དང་བརྩེ་བས་དགྱེས་པར་དགོངས། །པདྨ་ཀ་མ་ལཱ་ཡ་སྟཾྭ། །སླར་ཡང་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་རིགས་ཀྱི་བདག །མཐོང་གྲོལ་ཅོད་པན་དབྱེར་མེད་གྱུར། །ཕྱག་འཚལ་བ་ནི། །གང་གིས་


LT28_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་བྱེད་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེག །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཇི་ལྟ་ཇི་སྙེད་གཟིགས་པའི་ཐམས་ཅད་མཁྱེན། །མཁའ་ཁྱབ་འགྲོ་བ་འདུལ་མཛད་བརྩེ་བ་ཆེ། །འཁོར་བ་དོང་སྤྲུགས་ནུས་པ་གྲུབ་པའི་གཙོ། །ཆོས་ཀྱི་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །ན་མོ་ན་མཱ་མི། །མཆོད་པ་ནི། །གླིང་བཞིའི་འཇིག་རྟེན་བྱེ་བ་བརྒྱ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །ཉེར་སྤྱོད་འདོད་ཡོན་རྣམ་པ་ལྔ། །ལྷ་མིའི་འབྱོར་པས་བཀང་སྟེ་འབུལ། །བདག་པོས་བཟུང་དང་མ་བཟུང་བའི། །བདེ་བའི་ཡོ་བྱད་ཇི་སྙེད་དང་། །ལུས་དང་ལོངས་སྤྱོད་དུས་གསུམ་གྱི། །དགེ་བའི་དངོས་ཀུན་འབུལ་བར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འགྲོ་ཀུན་བསྒྲལ་བར་དམ་བཅའ་ཞིང་། །བདེན་གཉིས་དབྱེར་མེད་རྟོགས་པ་ཡི། །བླ་མེད་མཆོད་པ་ཆེན་པོས་མཆོད། །བསྟོད་པ་ནི། །བདེ་བ་ཅན་ན་ཆོས་ཀྱི་འབྱུང་། །དགའ་ལྡན་གནས་སུ་མ་ཕམས་པ། །སོ་ས་གླིང་ན་ཤྲཱི་སི༚་ཧ། །གསང་བར་དགྱེས་པར་ཧེ་བཛྲ། །


LT28_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་སྤྱི་མེས་ལྷོ་བྲག་པ། །འགྲོ་མགོན་རས་པ་ཆེན་པོ་ཉིད། །སྙིགས་དུས་ཐམས་ཅད་མཁྱེན་ཏུ་བཞེངས། །སྒྲུབ་བརྒྱུད་བསྟན་པའི་ཉིན་མོར་བྱེད། །འཇམ་མགོན་ཆོས་ཀྱི་འབྱུང་གནས་ཀྱི། །གསང་གསུམ་ཡོན་ཏན་མཛད་པར་བཅས། །ཡེ་ཤེས་བསམ་མི་ཁྱབ་པའི་འཕྲུལ། །རྨད་དུ་བྱུང་ལ་གུས་པས་བསྟོད། །དེ་ནས་ཐུགས་རྒྱུད་བསྐུལ་བའི་བཟླས་པ་ནི། །ཐུགས་ཀར་ཟླ་སྟེང་སོགས་དམིགས་པའི་འཕྲོ་འདུ་དང་། བསྙེན་བཟླས་གསུམ་པོ་གོང་ལྟར་བྱ། །གཞན་ཡང་ཕན་ཡོན་ཆེན་པོ་དང་ལྡན་པ་བྱམས་པས་དམ་བཅས་པའི་གཟུང་ས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་པ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ་ཨརྷཏེ་སམྱཾཀྶཾ་བུངྡྷ་ཡ། ཏ་དྱ་ཐཱ། ཨོཾ་ཨ་ཛི་ཏེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། ཨ་ཛི་ཏེ་ཉྫ་ཡ། ཧ་ར་ཧ་ར། མ་ཧཱ་ས་མ་ཡ་སིངྡྷི། བྷ་ར་བྷ་ར། མ་ཧཱ་བོ་དྷི་མཎྜ་བཱི་ཛེ། སྨ་ར་སྨ་ར། ཨཱཏྨ་ཀཾ་ས་མ་ཡ། བོ་དྷི་བོ་དྷི། མཧཱ་བོ་དྷི་སྭཱ་ཧཱ། ཨོཾ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། །ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། ཞེས་པའང་བརྗོད། །བཟླས་པ་གྲུབ་པ་དང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་བཞག་སྟེ་ཚད་མེད་བཞི་ཡུན་རིང་དུ་བསྒོམ། མཐར། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །སོགས་ནས། རབ་གནས་ཤོག །བར་བྱམས་པའི་སྨོན་ལམ་གྱི་རྒྱལ་པོས་བསགས་སྦྱངས་ཡན་ལག་བདུན་པ་དང་བྱང་ཆུབ་སྤྱོད་


LT28_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྨོན་ལམ་སྙིང་ཐག་པ་ནས་གདབ། །སྤྲོ་ན་རྗེ་ཆོས་ཀྱི་འབྱུང་གནས་ཀྱི་གསོལ་འདེབས་མཁའ་ཁྱབ་ལ་སོགས་ཀྱང་བརྗོད་ལ། །རྗེ་བཙུན་མི་ཕམ་མགོན་པོ་དང་། །དབྱེར་མེད་ཀུན་མཁྱེན་བླ་མ་ལ། །རྩེ་གཅིག་གུས་པས་གསོལ་འདེབས་ན། །དམིགས་མེད་ཐུགས་རྗེས་རྗེས་དགོངས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །སྒོ་གསུམ་སྨིན་ཅིང་གྲོལ་བར་མཛོད། །ཞིང་མཆོག་དགའ་བ་ལྡན་པ་རུ། །ས་བཅུའི་དབང་ཕྱུག་ཞལ་མཐོང་ནས། །ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་དེ། །བྱང་ཆུབ་སྤྱོད་པ་མཐར་ཕྱིན་པའི། །ཡེ་ཤེས་འོད་ཀྱིས་ལམ་སྣ་དྲོངས། །དོན་གཉིས་ལྷུན་གྲུབ་མཛད་དུ་གསོལ། །བླ་མའི་གསང་གསུམ་ཡེ་ཤེས་ཀྱི། །འོད་ཟེར་བདུད་རྩིའི་རྒྱུན་བབས་པས། །བདག་གི་གནས་གསུམ་རིམ་པར་དང་། །གཅིག་ཆར་ཚུལ་གྱིས་ཐིམ་པ་ཡིས། །སྒྲིབ་དག་ཡེ་ཤེས་སྐྱེས་པར་གྱུར། །བྱམས་མགོན་དགྱེས་པའི་མཛོད་སྤུ་ནས། །དཀར་གསལ་འོད་ཀྱི་སྦུ་གུ་བྱུང་། །སྨིན་མཚམས་ནས་བརྒྱུད་སྙིང་གར་ཟུག །རང་སེམས་ཐིག་ལེ་དཀར་པོའི་ཚུལ། །ལིངས་ཀྱིས་འཕར་ནས་འོད་ལམ་ཞུགས། །བྱམས་ཆེན་ཐུགས་ཀྱི་ཐིག་ལེར་ཐིམ། །བླ་མ་རང་སེམས་ཆོས་ཀྱི་སྐུ། །དབྱེར་མེད་འོད་གསལ་སྙིང་པོར་འདྲེས། །བློ་འདས་ཆོས་སྐུ་ཨེ་མ་ཧོ། །ཞེས་མོས་ལ་ཅི་གནས་སུ་མཉམ་པར་བཞག །བདག་མདུན་སོགས་ཀྱིས་འཁོར་


LT28_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་འཛིན་རྟོག་ཐམས་ཅད་སྤྲོས་བྲལ་གཉུག་མའི་དབྱིངས་སུ་བསྐྱལ་བར་བྱའོ། །རྗེས་དགེ་བ་བསྔོ་བ་ནི། འདིས་མཚོན་དུས་གསུམ་དགེ་བའི་མཐུས། །བྱམས་མགོན་བླ་མ་མཆོག་འགྲུབ་ནས། །འགྲོ་ཀུན་ས་བཅུའི་དབང་ཕྱུག་ཏུ། །བཀོད་ནས་ལུང་བསྟན་ཐོབ་བྱེད་ཤོག །ཅེས་དང་། །འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། སོགས་དང་། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་རིགས་ཀྱི་བདག །སོགས་བསྔོ་སྨོན་ཤིས་བརྗོད་གང་འོས་བྱའོ། བྱམས་ཆེན་དགྱེས་པའི་ཟླ་ཟེར་གྱིས། །སྙིང་པོའི་ཀུ་མུད་རབ་བཞད་དེ། །ཡེ་ཤེས་སྦྲང་རྩིའི་དགའ་སྟོན་གྱིས། །ལུས་ཅན་བུང་བ་འཚོ་གྱུར་ཅིག །ཅེས་པ་འདི་ནི་འཕགས་པའི་ནོར་གྱིས་མ་།།།པའི་སྐལ་པ་དགེ་བ་ཅན་ཀརྨ་ཤེས་རབ་ནས་ཆེད་དུ་བསྐུལ་ངོར། བྱམས་མགོན་བླ་མའི་ཞབས་པད་སྤྱི་བོའི་རྒྱན་ཏུ་བྱེད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།བླ་མ་མགོན་པོ་དབྱེར་མེད་ཀྱི་རྣལ་འབྱོར་རིགས་འདུས་མཆོག་གསང་་བདེ་བར་སྒྲུབ་པའི་མན་ངག་བཞུགས་སོ། །རྒྱལ་ཀུན་གསང་གསུམ་ཡེ་ཤེས་ནི། །ཕྲིན་ལས་མི་ཟད་གར་མཛད་པ། །དཔལ་ལྡན་མགོན་པོ་པདྨའི་མཚན། །ཁྱོད་ཞབས་བྱང་ཆུབ་བར་དུ་བསྙེན། བླ་མ་མགོན་པོ་དབྱེར་མེད་དུ་གསོལ་བ་འདེབས་ཤིང་བསྒྲུབ་པར་འདོད་པས། སྐྱབས་སུ་འགྲོ་བ་དང་། གཞན་དོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་ཏུ་བཏང་ནས། མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་


LT28_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གྱི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་དགེ་སློང་གི་ཆ་ལུགས་མཐོང་གྲོལ་གསེར་གྱི་མདངས་ཅན་བཞེས་པ། ཕྱག་གཉིས་བདུད་འདུལ་གྱི་ཕྱག་རྒྱ་མཛད་པ། །སྐུ་གཟི་བརྗིད་འོད་དུ་འབར་ཞིང་། གསུང་ཚངས་དབྱངས་ཆོས་སྒྲ་སྒྲོགས་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་འཇུག་ཅིང་ལྡང་བ། །བདག་སོགས་ལ་དགྱེས་པ་ཆེན་པོས་རྩེ་གཅིག་ཏུ་དགོངས་ཤིང་བྱིན་གྱིས་རློབ་པའི་སྤྱི་བོར་ཟླ་བ་ལ་ཧཱུྃ་དཀར་པོ། མགྲིན་པར་ཉི་མ་ལ་ཧཱུྃ་དམར་པོ། །ཐུགས་ཀར་པདྨ་ལ་ཧཱུྃ་སྔོན་པོ། སྐུ་གསུང་ཐུགས་ཀྱི་སྙིང་པོས་བསྐོར་བ་ལས་འོད་འཕྲོས། །མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་སྤྱན་དྲངས་ཏེ་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་གྱུར། ན་མོ་གུ་རུ། ཕྱི་ལྟར་མར་པ་ལ་ཙཱ་བ། །ནང་ལྟར་ཌོམ་བི་ཧེ་རུ་ཀ །གསང་བ་དགྱེས་མཛད་ཧེ་རུ་ཀ །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ལྟར་སི་ཏུ་སྤྲུལ་པའི་སྐུ། །ནང་ལྟར་འགྲོ་མགོན་རས་པ་ཆེ། །གསང་བ་རྡོ་རྗེ་བེར་ནག་ཅན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ལྟར་ཆོས་ཀྱི་རྒྱལ་མཚན་པ། །ནང་ལྟར་རྗེ་བཙུན་རི་འགོ་བ། །གསང་བ་དམ་ཅན་རྒྱ་མཚོའི་གཙོ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ལྟར་རྒྱལ་སྲས་མྱུ་གུའི་ཚུལ། །ནང་ལྟར་ཆོས་


LT28_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གོ་ཆ་སྟེ། །གསང་བ་དཔལ་ལྡན་མགོན་པོ་ཉིད། །གསོལ་བ༴ །ཕྱི་ལྟར་ཆོས་ཀྱི་འབྱུང་གནས་མཚན། །ནང་ལྟར་རྗེ་བཙུན་འཇམ་དཔལ་དབྱངས། །གསང་བ་མི་ཕམས་བྱམས་པ་མགོན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ལྟར་པདྨ་ཉིན་བྱེད་དབང་། །ནང་ལྟར་མཚོ་སྐྱེས་རྡོ་རྗེ་འཆང་། །གསང་བ་བཛྲ་གྲོ་བོ་ལོད། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི། །འོག་ཕྱོགས་དམ་ཅན་རྒྱ་མཚོ་ཡི། །གཙོ་བོ་རྡོ་རྗེ་བེར་ཅན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསྟན་དང་རྣལ་འབྱོར་བདག་ཅག་ལ། །བར་ཆད་ཐམས་ཅད་བསལ་དུ་གསོལ། །ཕྲིན་ལས་ཐམས་ཅད་སྒྲུབ་ཏུ་གསོལ། །སྔོན་གྱི་ཐུགས་དམ་མ་གཡེལ་ཅིག། རྟགས་དང་མཚན་མ་དངོས་སུ་སྟོན། །ལེ་ལོ་བཏང་སྙོམས་མ་མཛད་པར། །དུས་ལ་བབ་བོ་ས་མ་ཡ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཞེས་གསོལ་བ་ལན་གྲངས་དྲག་ཏུ་བཏབ་པས་བླ་མ་ཉིད་ཡེ་ཤེས་མགོན་པོ་གང་རུང་དུ་གནས་འགྱུར་བ་མོས་ཏེ། །དེའང་འདིར་རིགས་བསྡུས་ལྟར་ན། བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་ཡོངས་སུ་གྱུར་པ་ནི། །དབུས་སུ་རྡོ་རྗེ་མཧཱ་ཀཱ་ལ་ནོར་བུ་ཐོན་ཀ་ཆེན་པོའི་མདོག་ཅན། ཤར་དུ་སྐུའི་མགོན་པོ། ལྷོར་


LT28_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་མགོན་པོ། ནུབ་ཏུ་གསུང་གི་མགོན་པོ། བྱང་དུ་ཕྲིན་ལས་ཀྱི་མགོན་པོ། སྐུ་མདོག་དཀར་སེར་དམར་ལྗང་། ཕྱག་གཡས་པ་རྣམས་རང་རྟགས་ཀྱིས་མཚན་པའི་གྲི་གུག །གཡོན་པས་ཐོད་ཁྲག་འཛིན་པ། དར་གྱི་ལྷབ་ལྷུབ། སྟག་ལྤགས་ཀྱི་ཤམ་ཐབས། །རུས་པ་དང་རིན་པོ་ཆེ་དང་མགོ་ཕྲེང་སྦྲུལ་གྱིས་བརྒྱན་ཅིང་ཞབས་གཡོན་བརྐྱང་པས་རོལ་པ་ལ་ཐུགས་གསུང་སྐུ་དང་ཡོན་ཏན་ཕྲིན་ལས་ཀྱི་ཌཱ་ཀི་བྱེ་བ་དུང་ཕྱུར་གྱིས་བསྐོར་བར་གྱུར། །ཞེས་མོས་ལ། ཨོཾ་གུ་རུཛྙཱ་ན་མ་ཧཱ་ཀཱ་ལི་ཡེ་ཧཱུྃ། ཞེས་པའི་སྔགས་ཅི་ནུས་སུ་བཟླས་པས་གསོལ་བ་དྲག་ཏུ་གདབ། མཐར། བླ་མ་མགོན་པོའི་ཐུགས་ཀ་ནས་འོད་ཟེར་དང་ཐིག་ལེ་དཔག་ཏུ་མེད་པ་འཕྲོས། སྣང་སྲིད་ཐམས་ཅད་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རོལ་པར་བྱས། མགུར་གྱི་འོད། སྔགས་ཀྱི་གཟུགས་བརྙན་སྒྲ་དང་བཅས་པས་ཐམས་ཅད་བླ་མའི་གསུང་གྲགས་སྟོང་སྔགས་ཀྱི་རོལ་མོར་བྱས། སྨིན་མཚམས་ཀྱི་འོད་དང་སྐུའི་ཚོགས་ཆེ་ཕྲ་དུ་མས་ཐམས་ཅད་བླ་མའི་སྐུ་མི་ཕྱེད་པའི་ཕྱག་རྒྱར་བྱས། བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར། བར་མོས་ལ་མཉམ་པར་བཞག་ཅིང་། ལམ་ཁྱེར་དང་ལྡན་པས་དགེ་བ་བསྔོ། །ཐུན་མོང་མ་ཡིན་པའི་


LT28_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་དམ་ཚིག་ལྡན་པས། གོང་དུ་མདུན་འབྱེད་དུ་སྨོས་པ་དེ་ཉིད་བདག་བསྒོམ་དུ་སྦྱར་བ་བྱ་སྟེ་བྱིན་རླབས་ཤིན་ཏུ་ཆེའོ། །འདི་ནི་དཔལ་མངའ་སྤྱོད་པས། ཡེ་ཤེས་མགོན་པོ་བླ་མར་བསྒྲུབ་པས། བར་ཆད་སེལ། ཉམས་རྟོགས་འཕེལ། །ཕྲིན་ལས་འགྲུབ་པ་སྟེ། མཆོག་ཏུ་ཟང་ཅེས་གསུངས་པའི་གཞུང་ལ། ཆགས་མེད་རིན་པོ་ཆེའི་དག་སྣང་དུ་བྱུང་བའི་སི་ཏུའི་གསོལ་འདེབས་འདོན་ན་མགོན་པོ་བླ་མ་དབྱེར་མེད་དུ་འགྲུབ་པའི་རྟེན་འབྲེལ་ཡོད་ཅེས་གསུངས་པའི་སྐྱེ་ཕྲེང་ཕྱི་མ་རྗེ་པདྨའི་ཞབས་དང་ཆགས་མེད་མཆོག་སྤྲུལ་གྱིས་ཁ་བསྐངས་མཛད་པ་ཉིད་ཀྱིས་བརྒྱན་ཏེ་བཀླག་ཆོག་ཏུ། ཛྙཱ་ན་ནཱ་ཐཱ་པདྨའི་བཀའ་འབངས་མུ་ཏོ་པ་གུ་ས་དཔལ་སྤུངས་གདན་སར་བྲིས་པ་དགེ་ལེགས་འཕེལ།། །།


previousགངས་ཅན་མགོན་པོ་དཔལ་ལྡན་ཀརྨ་པ་སྐུ་ཕྲེང་བཅུ་བཞིའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་ཟུང་འཇུག་ལམ་བཟང་།next